ཡོངས་འཛིན་རིག་མཛོད། >ཚན་རིག >གསོ་རིག > བོད་ལུགས་གསོ་རིག

རྟའི་ནད།

རྟ་ནད་ཐོར་བུ་ལ། རླུང་ཞུགས་པ་ན་མགོ་འཕང་དམའ། སྣ་ཆུ་འོང་ཞིང་ལུས་པོ་འདར། འདྲོག་ཅིང་ཟ་བ་མི་གྲིམ་ན། ལྟག་མདུད་སྣུམ་སྲེག་དུགས་ཀྱིས་བདུག ཛྭ་ཏི་ཤིང་ཀུན་སྒ་སྐྱ་དང་། དྲོད་སྨན་རུས་གདུས་ཁུ་བ་སྦྱར། ཁོག་ཏུ་བཏང་བས་ཕན་པ་ཡིན།

རིགས་དབྱེ།  

གཏར་ག

གཏར་ག་ཞེས་པ་ནི་སྨན་བཅོས་ལག་ལེན་གྱི་ཐོག་ནས་ནད་རིགས་ཁག་ཅིག་གི་ཁྲག་གཏར་བའི་ཐབས་ཤེས་ལ་བརྟེན་ནས་གསོ་བཅོས་མཛད་པའི་བཅོས་ཐབས་ཤིག་སྟེ་དེ་ཡང་སྡོད་རྩའི་ཁོངས་ནས་ནད་རང་རང་གི་ནད་ཁྲག་འདུ་སའི་རྩའམ་ཡང་ན་གང་རྒྱས་པ་དེ་ཉིད་ཀྱི་ཁོངས་ནས་བདམས་གསེས་བྱས་པའི་གཏར་དམིགས་གཙགས་བུས་གཤགས་ཏེ། ཁྲག་དང་ཁྲག་གི་ནད་རླངས་བཏོན་པ་རྒྱུད་ནས་རྩ་ནད་དང་། ངན་ཁྲག་སྦྱོང་བ། གཟེར་ཟུག་དང་སྐྲངས་པོ་གཅོག་པ། རྣག་དང་ཆུ་སེར་གཅོད་པ་སོགས་མདོར་ན་ནད་དངོས་ཕྱིར་འདོན་པའི་སྒོ་ནས་ནད་གཞི་གསོ་བཅོས་བྱེད་པའི་ཐབས་ཤེས་དེ་ལ་ཟེར།

རིགས་དབྱེ།  

གནས་བཅུ་གཅིག

གནས་བཅུ་གཅིག་ཅེས་པ་ནི་བཤད་རྒྱུད་གྱི་གཞུང་རང་གི་བརྗོད་བྱའི་དོན་ཐམས་ཅད་རྩ་བ་ལྟ་བུར་བསྡུས་ཏེ་བསྟན་པ་དེ་ལ་ཟེར།

རིགས་དབྱེ།  

གསོ་བྱེད་ཐབས།

གསོ་བྱེད་ཐབས་ཞེས་པ་ནི་ནད་གཞི་བཅོས་པའི་བརྒྱུད་རིམ་ནང་དུ་ནད་དང་གཉེན་པོ་གཉིས་ངོ་འཕྲོད་ཅིང་སྨན་བཅོས་ལེགས་འགྲུབ་ཡོང་བའི་ཆེད་དུ་བྱེ་བྲག་གི་ནད་རིགས་དང་སོ་སོར་དེ་ལ་གང་འཚམ་གྱི་གཉེན་པོ་སྤྲོད་པའི་གསོ་ཐབས་གསལ་བོར་སྟོན་པའི་རིག་པ་ཞིག་ལ་ཟེར།

རིགས་དབྱེ།  

ངོས་བཟུང་རྟགས།

སྤྱིར་ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བ་ལ་བསླབ་པའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་མེ་ལ་དུ་བ་གནས་པའི་རྟེན་འབྲེལ་གྱི་ངེས་པས་དུ་བ་ཡོད་མེད་ལས་མེ་ཡོད་མེད་དང་། དུ་བ་ཆེ་ཆུང་ལས་མེ་ཆེ་ཆུང་། དུ་བ་གར་བྱུང་དུ་མེ་གར་ཡོད་པ་རྗེས་སུ་དཔགས་ཏེ་ཤེས་པ་ཇི་བཞིན་དུ་གནོད་བྱ་དང་བཅས་པའི་ནད་ལ་རྟགས་གནས་པའི་རྟེན་འབྲེལ་གྱི་ངེས་པས་རྟགས་ལ་རྗེས་སུ་དཔགས་པས་ནད་རྟོགས་པར་འགྱུར་བའི་ཕྱིར་ན་རྟགས་ཁོ་ན་ལ་ངོས་བཟུང་བར་བྱའོ།།

རིགས་དབྱེ།  

དུགས།

དུགས་ཞེས་པ་ནི་ཚ་བསིལ་གྱི་ནུས་པ་ངེས་ཅན་ཡོད་པའི་དངོས་རྫས་རིགས་ཀྱིས་ཐད་ཀར་ན་ཟུག་ཡོད་ས་དང་། ཡང་ན་དེའི་ཉེ་འཁོར་དུ་སྦྱར་བའམ་དུགས་རྒྱག་པར་བརྟེན་ནས་ནད་གཞི་གསོ་ཐབས་བྱེད་པ་དེ་ཡིན།

རིགས་དབྱེ།  

བྱ་བྱེད་སྨན་པ།

གསོ་བར་བྱེད་པའི་གསོ་བ་བོ་བྱ་བྱེད་སྨན་པ་ནི་གསོ་བ་རིག་པའི་སྤྱི་ཆིངས་ཆེན་པོ་བཞི་དང་གནས་བཅུ་གཅིག་གི་ཡ་གྱལ་དུ་བགྲང་ནས་བསྟན་ཡོད། བྱ་བྱེད་སྨན་པའི་ཞུས་ལན་དུ་ཡང་སྟོན་པའི་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། དེ་ལྟར་གསོ་བར་བྱེད་པའི་གསོ་བ་བོ། བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ། རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང་། ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན། ཅེས་པ་ལྟར་བྱ་བ་བྱེད་པ་སྨན་པའི་རྒྱུ་དྲུག་དང་སྨན་པའི་ངོ་བོ། སྨན་པའི་ངེས་ཚིག སྨན་པའི་དབྱེ་བ་གསུམ། སྨན་པའི་ལས་གཉིས། སྨན་པའི་འབྲས་བུ་གཉིས་བཅས་རིམ་པ་བཞིན་བསྟན་པ་དང་། རྒྱུད་བཞིའི་མཇུག་གི་ཡོངས་གཏད་ཀྱི་ལེའུར། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱི། ཞེས་སྨན་པའི་ཆ་རྐྱེན་ནི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་སློབ་བུ་ཡིན་པ་གསལ་བོར་བསྟན་ཡོད།

རིགས་དབྱེ།  

བྱུག་པ།

བྱུག་པ་ཟེར་བ་ནི་ཞུན་མར་སོགས་ཀྱིས་ལུས་ལ་བྱུག་ནས་ཕུར་བ་དང་། མཉེ་བ། ཕྱི་བ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་ནད་གཞི་ཁག་ཅིག་གསོ་བཅོས་བྱེད་པ་དེ་ཡིན།

རིགས་དབྱེ།  

མཐོང་བ་ཆུ་ལ་བརྟག་པ།

དེ་ཡང་སྨན་པའི་མིག་གིས་དངོས་སུ་མཐོང་བ་དཔེ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ཆུ་ལ་བལྟས་ནས་ནད་དང་ནད་མེད་གདོན་སོགས་ངོས་བཟུང་བ་ལ། སྔོན་དུ་འགྲོ་བ་ཟས་སྤྱོད་ཀྱི་སྤང་བླང་བསྟན་པ་དང་། ཆུར་བལྟ་བའི་དུས་ཚོད་བསྟན་པ། རུང་མི་རུང་གི་སྣོད་ཀྱི་ཁྱད་པར་བསྟན་པ། དྲི་ཆུར་ཇི་ལྟར་གྱུར་པའི་ཚུལ་བསྟན་པ་སྟེ་སྔོན་འགྲོ་བཞི་དང་། ཐ་མལ་ནད་མེད་ཀྱི་ཆུ་ལ་བརྟག་པ། ནད་ཅན་གྱི་ཆུ་ལ་བརྟག་པ། འཆི་ལྟས་ཀྱི་ཆུ་ལ་བརྟག་པ། གདོན་ཆུ་བརྟག་པ་སྟེ་དངོས་བཞི་བཞི་བཅས་རྣམ་པ་བརྒྱད་ཡོད།

རིགས་དབྱེ།  

མདོ་དོན་གཉིས།

ནད་སོགས་ཐམས་ཅད་དོན་བསྒྲིལ་ན་ཚ་གྲང་གཉིས་སུ་མ་འདུས་པ་གཞན་མེད་དེ། རླུང་དང་བད་ཀན་ནི་རང་བཞིན་གྱི་གྲང་བས་དཔེར་ན་ཆུ་ལྟ་བུ་ཡིན་ཏེ་བསིལ་བར་མཚུངས་པ་དང་། ཁྲག་དང་མཁྲིས་པ་ནི་རང་བཞིན་གྱི་ཚ་བས་མེ་ལྟ་བུར་འདོད་དེ་ཚ་བར་མཚུངས་པ་གཉིས་སོ།།

རིགས་དབྱེ།  

མདོ་བཞི།

མདོ་བཞི་ཞེས་པ་ནི་ལག་ལེན་རྣམས་མདོར་བསྡུས་ཏེ་བསྟན་པ་ནད་བརྟག་པའི་ཐབས་རྩ་ཆུའི་མདོ་དང་ཞི་བྱེད་སྨན་གྱི་མདོ། སྦྱོང་བྱེད་ལས་ཀྱི་མདོ། འཇམ་རྩུབ་དཔྱད་ཀྱི་མདོ་དང་བཅས་བཞིའོ།།

རིགས་དབྱེ།  

མེ་བཙའ།

མེ་བཙའ་ཟེར་བ་ནི་ན་ཟུག་ཡོད་ས་དང་། ཡང་ན་རྟེན་འབྲེལ་གྱི་གསང་ངམ་དེ་མིན་ཚིགས་པ་སོགས་ཀྱི་རང་གསང་ཁག་ལ་སྤྲ་མེ་སོགས་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་བཅོས་དཀའ་བའི་ནད་གཞི་ཁག་གཅིག་གསོ་བཅོས་བྱེད་པའི་ཐབས་ལ་ཟེར།

རིགས་དབྱེ།  

འཕེལ་འགྲིབ་ནད།

འཕེལ་འགྲིབ་ནད་ཅེས་པ་ནི་རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡིས་ནད་ཟུངས་དྲི་མ་རྣམ་པ་གསུམ་པོ་རང་རང་གི་ལྡང་ཚད་ལས་མང་དུ་འཕེལ་བའམ་ཉུང་དུ་ཟད་པ། ཡང་ན་དེ་རྣམས་ཕན་ཚུན་འཁྲུགས་པར་གྱུར་ནས་ལུས་ཀྱི་འབྱུང་བ་ལྔའི་ཁམས་མ་སྙོམས་པ་ལས་བྱུང་བའི་ཚེ་སྲོག་ལ་གནོད་ཅིང་སྡུག་བསྔལ་གྱིས་གཟིར་བའི་ནད་ཀྱི་རྒྱུ་རྐྱེན་མཚན་ཉིད་སོགས་སྟོན་པ་ལ་ཟེར།

རིགས་དབྱེ།  

འཚོ་བ་ཟས།

འཚོ་བ་ཟས་ཀྱི་གནས་ཞེས་པ་ནི་མེས་ཞལ་ལས། ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་རྒྱུའི་གཙོ་བོ་ཁ་ཟས་བཏུང་བ་དང་བཅས་པའི་ཕན་གནོད་ཀྱི་ཚུལ་ལ་སོགས་པ་ཤེས་ཤིང་འཇུག་ལྡོག་ཞིབ་ཏུ་སྟོན་པའི་གནས་ཡིན་པས་ན་དེ་སྐད་ཅེས་བྱའོ།།

རིགས་དབྱེ།  

ཡན་ལག་བརྒྱད།

དོན་མདོར་བསྡུས་ན་མི་ན་བར་གནས་ཤིང་ན་བ་གསོ་བའི་ཐབས་མ་ལུས་པ་ཐམས་ཅད་ཡན་ལག་བརྒྱད་དུ་བསྡུས་ཏེ་བསྟན་པ་ཡིན།

རིགས་དབྱེ།  

རེག་པ་རྩ་ལ་བརྟག་པ།

དང་པོ་སོར་མོའི་རེག་པར་བརྟེན་ནས་འཕར་རྩའི་རྒྱུ་བར་བརྟག་པར་བྱ་བའི་ཐབས་འདི་ལ་ནི། ཐོག་མར་ཉེས་གསུམ་ལས་གྱུར་བའི་ནད་དང་དེའི་ཚུལ་བརྟག་མཁན་གྱི་སྨན་པ་གཉིས་ཀྱི་བར་དུ་དོན་མ་ནོར་བར་བརྡ་སྦྱོར་བར་བྱེད་པའི་འཕྲིན་པ་སྟེ་ཕོ་ཉ་བ་དང་འདྲ་བ་ནི་འཕར་བའི་རང་བཞིན་དུ་གནས་པའི་རྩ་འདི་རྣམས་ཡིན་ནོ་ཞེས་བརྟག་པའི་གཞི་ངོས་བཟུང་ནས་དེ་ལྟ་བུའི་འཕར་རྩར་བརྟག་པར་བྱ་བའོ།།

རིགས་དབྱེ།  

རྒྱུ་ལམ་བཅོ་ལྔ།

རླུང་ལ་ལུས་ཟུངས་བདུན་གྱི་ནང་ནས་རུས་པར་རྒྱུ་བ་དང་། དབང་པོ་ལྔའི་ནང་ནས་རྣ་བར་རྒྱུ་བ། དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུའམ་རེག་བྱར་རྒྱུ་བ། དོན་ལྔའི་ནང་ནས་སྙིང་དང་སྲོག་རྩར་རྒྱུ་བ། སྣོད་དྲུག་གི་ནང་ནས་ལོང་ལ་རྒྱུ་བ་སོགས་བཅོ་ལྔ་ཡོད།

རིགས་དབྱེ།  

རྒྱུད་བཞི།

རྒྱུད་བཞི་ཞེས་པ་ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་ལ་བྱ་ཞིང་། དེ་ཡང་རྩ་བའི་རྒྱུད་ཅེས་པ་གང་ཟག་བློ་རབ་ཀྱི་དོན་དུ་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་ས་བོན་གྱི་ཚུལ་དུ་སྨོས་པ་ཚིག་ཉུང་ངུའི་སྒོ་ནས་གསོ་རིག་གི་དོན་རྒྱ་ཆེན་པོ་མདོར་བསྡུས་ཏེ་སྟོན་པས་ན་རྩ་བའི་རྒྱུད་ཅེས་སོ།།

རིགས་དབྱེ།  

རྩ་བའི་རྒྱུད།

རྩ་བའི་རྒྱུད་ཀྱི་འཕྲོས་གཞི་དང་རྒྱས་པར་ཕྱེ་བ་བཤད་པའི་རྒྱུད་ཐུན་མོང་དུ་གནས་བཅུ་གཅིག་ཡོད་པ་ལས་དང་པོ་རྩ་བའི་རྒྱུད་མདོ་ཡི་གནས་ལེའུ་བཞིའི་བདག་ཉིད་ཅན་བསྟན་པ་ལའང་གནས་ལུགས་ནད་གཞི་དང་། ངོས་འཛིན་རྟགས། གསོ་བྱེད་ཐབས་བཅས་རྩ་བ་འདི་གསུམ་ལ་སྙིང་པོར་དྲིལ་བ་འདི་ལས་འཕྲོས་པའི་སྡོང་བོ་ནི། གནས་ལུགས་ནད་གཞིའི་རྩ་བ་ལ། རྟེན་ལུས་དང་། རྟེན་པ་ནད་གཉིས། ངོས་འཛིན་རྟགས་ཀྱི་རྩ་བ་ལ། ལྟ། རེག དྲི་བ་གསུམ། གསོ་བྱེད་ཐབས་ཀྱི་རྩ་བ་ལ་ཟས་དང་སྤྱོད་ལམ། སྨན་དཔྱད་བཞི་སྟེ་དགུ་ཡོད་དོ།།

རིགས་དབྱེ།  

ལུམས།

ལུམས་ཞེས་པ་ནི་སྲ་རེངས་གྱོང་བོར་གྱུར་བའི་ལུས་པོས་གཙོས་ནད་རྐྱེན་ཤ་རུས་རྩ་གསེང་དུ་ཞེན་པའི་རིགས་བཅོས་པའི་ཕྱིར། ལུས་དེ་སྨན་རྫས་ཀྱི་ནུས་པའི་དབུས་སུ་བཏུམ་པའམ་བསྙལ་ནས་ནད་དངོས་བ་སྤུའི་ལམ་ནས་གསོ་ཐབས་བྱེད་པ་ལ་ཟེར།

རིགས་དབྱེ།  

ལུས་ཀྱི་གནས་ལུགས།

ལུས་ཀྱི་གནས་ལུགས་བསྟན་པ་ལ་ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས་དང་འབྲེལ་པ་རྩ་ཡི་གནས་ལུགས། གཉན་པ་གནད་ཀྱི་གནས་ལུགས། རྒྱུ་ལམ་བུ་གའི་གནས་ལུགས་བཅས་ཡོད་ལ། དེ་ལས་འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ལ་ཆགས་པའི་རྩ་ཡི་གནས་ལུགས་དང་། སྲིད་པའི་རྩ་ཡི་གནས་ལུགས། འབྲེལ་པའི་རྩ་ཡི་གནས་ལུགས། ཚེའི་རྩ་ཡི་གནས་ལུགས་བཅས་ཡོད།

རིགས་དབྱེ།  

ལུས་ཀྱི་ཆགས་ཚུལ།

རྒྱུད་བཞི་ལས་ལུས་ཀྱི་ཆགས་ཚུལ་བསྟན་པ་ལ་ལུས་ཆགས་པའི་རྒྱུ་དང་། ལུས་འཕེལ་བའི་རྐྱེན། ལུས་ཇི་ལྟར་བཙའ་བའི་རྟགས་བཅས་ཡོད།

རིགས་དབྱེ།  

ལུས་ཀྱི་དབྱེ་བ།

ལུས་ཀྱི་དབྱེ་བ་བཤད་པ་ལ་རྟེན་དང་ན་ཚོད། རང་བཞིན་ནད་ཀྱི་སྒོ་ནས་དབྱེ་བ་བཞི་ཡོད་དེའོ།

རིགས་དབྱེ།  

ལུས་ཀྱི་མཚན་ཉིད།

གནོད་བྱའི་དབྱེ་བ་དང་བྱེད་ལས། གནོད་བྱ་དེ་རྣམས་ཇི་ལྟར་འབྱུང་བའི་རྒྱུ་དང་། གནོད་བྱེད་ཉེས་པ་ནི་རླུང་མཁྲིས་བད་ཀན་གསུམ་ལ་ཟེར་ཞིང་། གལ་ཏེ་རང་རང་གི་ལྡང་ཚད་ལས་རྣམ་པ་གཞན་དུ་གྱུར་ན་ལུས་ཟུངས་ལ་སོགས་གནོད་བྱའི་ཁམས་ལ་གནོད་འཚེར་བྱེད་ཅིང་ལུས་འཇོམས་པར་བྱེད་པའི་རྒྱུ།

རིགས་དབྱེ།  

ལྡང་དུས་དགུ

ལྡང་དུས་དགུ་ནི་ན་སོའི་ནད་གསུམ་དང་ཡུལ་གྱི་ནད་གསུམ། དུས་ཀྱི་ནད་གསུམ་བཅས་དགུ་ཡོད་པ་དེ་ལ་གོ

རིགས་དབྱེ།  

ཤུགས་བཀག་བཅུ་གསུམ།

བཀྲེས་པ་སོགས་བཅུ་གསུམ་བཀག་པའི་ནད་དང་བཅོས་ཐབས་བཤད་པ།

རིགས་དབྱེ།  

སྐབས་བཅོ་ལྔ།

སྐབས་བཅོ་ལྔ་ནི་ནད་དང་གཉེན་པོ་སྤྲོད་པའི་སྐབས་བཅོ་ལྔ་ཡོད་པ་དེའོ། །

རིགས་དབྱེ།  

སྨན་གྱི་བཏང་ཚུལ་བཅུ།

སྨན་གྱི་བཏང་ཚུལ་དང་དེའི་བྱེད་ནུས་རེ་རེ་གསལ་བཤད་བྱས་ཡོད།

རིགས་དབྱེ།  

སྲོག་གཅོད་ཀྱི་ནད་དགུ

རང་གི་ཁམས་འཚོ་བའི་རྒྱུ་ཕྱིའི་ཟུངས་ཤ། ནང་གི་ཟུངས་ཟས། སྲོག་གི་ཟུངས་རྩ་དང་གསུམ་ག་ཤོར་ཞིང་ཟད་པ་དང་། ཚ་གྲང་གཉིས་ཀ་དུས་གཅིག་ཏུ་འདོམས་པས་གཉེན་པོ་མི་ལེན་པ་འདུ་བ་གཤེད་དུ་བབས་པ་སོགས་ནད་དགུ་ཡོད་པ་ལ་གོ

རིགས་དབྱེ།  

རླུང་ནད་རིགས་དབྱེ་མདོར་བསྡུས་བརྒྱད་པོ།

རླུང་ནད་རིགས་དབྱེ་མདོར་བསྡུས་བརྒྱད་པོ་སོ་སོའི་ཞུགས་ས་དང་ན་ལུགས་གནས་གསལ་བོར་སྟོན་པ་དེའོ། །

རིགས་དབྱེ།