གཏར་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏར་ག་ཞེས་པ་ནི་སྨན་བཅོས་ལག་ལེན་གྱི་ཐོག་ནས་ནད་རིགས་ཁག་ཅིག་གི་ཁྲག་གཏར་བའི་ཐབས་ཤེས་ལ་བརྟེན་ནས་གསོ་བཅོས་མཛད་པའི་བཅོས་ཐབས་ཤིག་སྟེ་དེ་ཡང་སྡོད་རྩའི་ཁོངས་ནས་ནད་རང་རང་གི་ནད་ཁྲག་འདུ་སའི་རྩའམ་ཡང་ན་གང་རྒྱས་པ་དེ་ཉིད་ཀྱི་ཁོངས་ནས་བདམས་གསེས་བྱས་པའི་གཏར་དམིགས་གཙགས་བུས་གཤགས་ཏེ། ཁྲག་དང་ཁྲག་གི་ནད་རླངས་བཏོན་པ་རྒྱུད་ནས་རྩ་ནད་དང་། ངན་ཁྲག་སྦྱོང་བ། གཟེར་ཟུག་དང་སྐྲངས་པོ་གཅོག་པ། རྣག་དང་ཆུ་སེར་གཅོད་པ་སོགས་མདོར་ན་ནད་དངོས་ཕྱིར་འདོན་པའི་སྒོ་ནས་ནད་གཞི་གསོ་བཅོས་བྱེད་པའི་ཐབས་ཤེས་དེ་ལ་ཟེར།
1 གཏར་རུང་བའི་ནད་གཞི།

གཏར་རུང་བའི་ནད་གཞི་ནི་འགྲམས་ཚད་དང་འཁྲུགས་ཚད། རིམས་ཚད། ཁྲག་མཁྲིས་ཀྱི་སྐྲངས་པ། སུར་ཡ། མེ་དབལ། ཆུ་སེར། མཛེ་ནད། དེ་མིན་མཆིན་ནད་དང་། མཆེར་ནད། ཁ་ནད། མིག་ནད། མགོ་ནད་སོགས་མདོར་ན་བད་རླུང་གི་གྲོགས་མེད་པའི་ཚ་བའི་ནད་སྤྱི་དང་ལྷག་པར་ཁྲག་མཁྲིས་ལས་གྱུར་བའི་ནད་ཕལ་ཆེ་བར་རུང་།

2 གཏར་མི་རུང་བའི་ནད་གཞི།

གཏར་མི་རུང་བ་ནི་ནད་ཁྲག་མ་ཕྱེ་བ་དང་གདོན་ཅན། རིམས་ནད་མ་སྨིན་པ། སྟོངས་ཚད། དུག་མ་གསོད་པ། གཉན་ཚད། གཉན་འབམ། ལུས་སྟོབས་ཉན་པ་སོགས་ནི་ཚ་བའི་ནད་རིགས་ཡིན་རུང་ཁྲག་གཏར་མི་རུང་བ་མ་ཟད། ལྷག་པར་དུ་བུད་མེད་སྦྲུམ་མ་དང་། བྱིས་པ་བཙས་རྗེས། སྐྱ་རྦབ་ཀྱི་ནད། ཕོ་བའི་མེ་དྲོད་ཉམས་པ། ཟས་མ་ཞུ་བ་སོགས་མདོར་ན་བད་རླུང་ལས་གྱུར་བའི་གྲང་བའི་ནད་རིགས་དང་། དེ་མིན་ལོ་ན་བཅུ་དྲུག་མན་ཆད་ཀྱི་བྱིས་པ། བདུན་ཅུ་ཐལ་བའི་རྒན་པོ། བཤལ་སྐྱུགས་སོགས་ལས་ལྔ་བྱས་མ་ཐག་པའི་མཐར་གཏར་བའི་གནས་མ་ཡིན་པ་རྣམས་སྤང་དགོས།

3 གདབ་དམིགས།

ནད་གཞི་སོ་སོའི་གནས་དང་། ནད་ཁམས་མི་འདྲ་བར་གཞིགས་ནས་གཏར་དམིགས་ཀྱང་མི་འདྲ་བ་སྤྱོད་དགོས་པ་ཡིན་ཏེ། རྒྱུད་ལས་དངོས་སུ་བསྟན་པ་ནི་སྤྱི་གཙུག་དང་གསེར་མདུང་དངུལ་མདུང་སོགས་གཙོ་བྱས་པའི་མགོ་སྐེའི་གཏར་དམིགས་ཉེར་གཅིག་དང་། སྣོད་ཀ་དང་དྲུག་མགོ་སོགས་ལག་པའི་གཏར་དམིགས་སོ་བཞི། རྟ་མཐུར་དང་བྱིན་གཞུག་བྱིན་ཀྱོག་སོགས་རྐང་བའི་གཏར་དམིགས་བཅོ་བརྒྱད། ཕོ་བའི་རྭ་རྩ་དང་གཞུག་རྩ། མཚན་མའི་འགྲམ་རྩ་སོགས་སྦུབས་ཀྱི་གཏར་དམིགས་བཞི་བཅས་གཏར་རྩ་དོན་བདུན་གསུངས་ཡོད་ལ། ཤུགས་བསྟན་དུ་གབ་རྩ་རེ་ལྔ་དང་བཅས་བསྡོམས་གཏར་དམིགས142ཡོད།

4 གདབ་ཐབས།

གཙགས་བུ་ཇི་ལྟར་གདབ་པའི་ཐབས་ནི་རྩ་མ་འཆུས་པར་ལག་གཡོན་པའི་མཐེ་བོང་གིས་མནན་ནས་ཅུང་ཟད་ཐུར་དུ་འཐེན་ན་རྩ་མི་འགྱུར་བ་ཡིན་ལ་ཕལ་ཆེར་བསྙལ་ཐག་ནས་སོར་གསུམ་གྱི་འོག་ཏུ་གཏར་དགོས་ཏེ། གཏར་ཐབས་ཀྱི་རྣམ་གྲངས་སམ་གཙགས་བུའི་འདེབས་ཚུལ་ཡང་གློ་ཕུག་སྟེ་རྩའི་ལོགས་ནས་འཕྲད་དུ་ཕུག་པ། སྒང་གཤགས་ཏེ་རྩའི་སྒལ་སྟེང་ནས་གཞུང་དུ་གཤགས་པ། དོལ་ཆོད་དེ་རྩ་རྦད་ཀྱིས་གཅོད་པ། ཉིས་ལེན་ཏེ་ཐོག་མར་རྩ་སྟེང་གི་པགས་པ་དབྲལ་ནས་དེ་རྗེས་རྩ་ལ་འདེབས་པ། སྨྱུག་ཁ་སྟེ་གསེགས་འགྲོས་སུ་འདེབས་པ་སོགས་གང་བདེ་ཞིང་རང་ཉིད་གང་གོམས་ལྟར་གཏར་དགོས་ཤིང་། དེ་ཡང་རྩེ་ཆུང་སོགས་རྩ་ཆེན་རྣམས་ལ་སྒང་གཤགས་བྱ་ཞིང་རྩ་ཕྲན་རྣམས་ལ་སྨྱུག་ཁ་ལྟར་འཕྲེད་གསེགས་དང་ཤིན་ཏུ་ཕྲ་བ་ལ་དོལ་ཆོད་ཀྱི་གཏར་བ། འཕར་རྩ་དང་ཉེ་བའམ་གནད་སྟེང་རྩ་ལ་ཉིས་ལེན་སྤྱོད་དགོས། གཏར་ག་བྱེད་དུས་ཁྲག་ཐོན་པ་དེས་ནད་ལ་ཕན་མོད་ཀྱང་ཁྲག་རྐྱང་བ་ཐོན་པ་ལས་ཁྲག་གི་རླངས་པ་ཐོན་ན་དེ་བས་ཀྱང་ཕན་པ་ཆེ་ཞེས་རྒྱུད་ལས་གསུངས་སོ།།

5 གཏར་གའི་སྐྱོན།

གཏར་གའི་སྐྱོན་ལ་དམན་ལྷག་ལོག་དང་ཉེས་པ་བཅས་བཞི་ཡོད་དེ། དམན་པ་ནི་ནད་རོ་དབྱུང་མ་ཐུབ་པར་ནད་གཞུག་ལུས་པས་ངན་ཁྲག་རྒྱས་ནས་ནད་གཞན་སྐྱེད་པ་ཟེར་ཞིང་། ལྷག་པ་ནི་ངན་ཁྲག་དབྱུང་དྲགས་པས་རླུང་སྐྱེས་ཏེ་ཕོ་བའི་མེ་དྲོད་ཉམས་པར་གྱུར་བས་འབྲས་སྐྲན་སོགས་སུ་འགྱུར་བ་དེ་ལ་ཟེར། ལོག་པ་ནི་གཏར་མི་རུང་བའི་ནད་ལ་གཏར་བའམ་སྤྱོད་ལམ་སོགས་ལོག་པ་ལ་ཟེར། ཉེས་པ་ནི་གཏར་ག་གདབ་སྐབས་ལག་རྩལ་ལ་བྱང་ཆུབ་མེད་པའམ་སེམས་ཆུང་མ་བྱས་པར་གཙགས་བུའི་ཤ་གནད་བསྣད་པ་དང་ཆུ་བ་དང་རྒྱུས་པ་བཅད་པ། འཕར་རྩ་བཅད་པ་སོགས་སྨན་པའི་ལག་དགྲས་རྐང་ལག་རེངས་འཁུམས་སོགས་སུ་གྱུར་བ་ལ་ཟེར།

6 གཏར་གའི་ཕན་ཡོན།

གཏར་གའི་ཕན་ཡོན་ནི་རྩ་ནད་དང་ངན་ཁྲག་སྦྱོང་ཞིང་གཟེར་ཟུག་གཅོག་པ་དང་། སྐྲངས་པ་རྣམས་རྒྱུ་ནས་འཇོམས་པ། རྣག་དང་ཤ་རུལ་སོགས་འདྲུལ་བ་རྣམས་བརྟས་པར་བྱེད་པ། རྣག་དང་ཆུ་སེར་རྣམས་རྩད་ནས་གཅོད་པ། ལུས་སྟོད་སྨད་ཀྱི་རྨའི་མདོག་ངན་པ་བཟང་པོར་འབྱིན་པ་དང་ཁོལ་བུའི་ནད་ཁྲག་གི་རླངས་པ་འཁྱིམས་པ་རྣམས་འདོན་པ། ལུས་སྦོམ་པོ་རྣམས་འབྲི་ཞིང་སྐེམ་པོ་རྣམས་ནད་སྐྱོན་དག་ནས་ཤ་རྒྱས་པར་བྱེད་པ་སོགས་མདོར་ན་ནད་དངོས་སུ་ཕྱིར་འབྱིན་བྱེད་ནུས་པས་ན་དཔྱད་མཆོག་གཏར་ག་ཡིན་པར་གསུངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།