གསོ་བྱེད་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོ་བྱེད་ཐབས་ཞེས་པ་ནི་ནད་གཞི་བཅོས་པའི་བརྒྱུད་རིམ་ནང་དུ་ནད་དང་གཉེན་པོ་གཉིས་ངོ་འཕྲོད་ཅིང་སྨན་བཅོས་ལེགས་འགྲུབ་ཡོང་བའི་ཆེད་དུ་བྱེ་བྲག་གི་ནད་རིགས་དང་སོ་སོར་དེ་ལ་གང་འཚམ་གྱི་གཉེན་པོ་སྤྲོད་པའི་གསོ་ཐབས་གསལ་བོར་སྟོན་པའི་རིག་པ་ཞིག་ལ་ཟེར།
1 སྨན་གྱི་གཏོང་ཚུལ་བཅུ།

ནད་གཞི་བསལ་བར་བྱེད་པའི་གཉེན་པོ་སྨན་གཏོང་ལུགས་ལའང་ནད་དེའི་གནས་ཡུལ་དང་ནད་པ་དེའི་ཟས་སྐོམ་གྱི་གོམས་ལོད།  ཉིན་ཞག་གི་དབྱེ་བ་བཅས་ལ་དམིགས་ནས་གཉེན་པོ་སྨན་གྱི་གཏོང་ལུགས་ལ་དབྱེ་བ་བཅུ་རུ་བཤད་དེ། དེ་ཡང་ཟས་མ་ཟོས་དང་ཟས་སྔོན།  ཟས་དབུས། ཟས་མཐར། ཟས་ཁམ། ཟས་མཚམས། དུས་མེད་ཙེ་གུར།  ཟས་བཅས།  ཟས་མནན། མཚན་མོ་བཏང་བ་བཅས་བཅུའོ།། དེ་དག་གི་གོ་དོན་དང་གཏོང་ཡུལ། དགོས་པ་སོགས་རྒྱས་པར་གྲོལ་ན་འདི་ལྟ་སྟེ། 

ཟས་མ་ཟོས།

ཟས་མ་ཟོས་ཞེས་པ་ནི་ཐོ་རེངས་གི་དུས་སུ་སྨན་གཏོང་བ་ལ་ཟེར་ཞིང་། དུས་འདིར་གཏོང་བའི་ནད་གཞི་ལ་སྤྱིར་བད་ཀན་ལྡན་འདུས་ཀྱི་ནད་རིགས་སྟོབས་ཆེན་དང་། ཕོ་བའི་མེ་དྲོད་བཟང་བའི་རིགས་ཡང་ན་བད་ཀན་གྱི་ནད་གཙོ་ཆེ་བའི་རིགས་ལ་བསྟེན།  དུས་འདིར་གཏོང་བའི་དགོས་པའི་རྒྱུ་མཚན་ནི་ཐོ་རེངས་གི་དུས་སུ་ཕོ་བའི་མེ་དྲོད་ཆེས་ཆེར་རྒྱས་ཤིང་འབར་བ་དང་ཕོ་བའི་བེ་སྣབས་རིགས་བྱང་ཞིང་རྩ་སྒོ་དག་པས་སྨན་དུས་འདིར་བསྟེན་ན་སྨན་ནུས་ཆེར་ཐོན་ཐུབ་པས་སོ།།

ཟས་སྔོན།

ཟས་སྔོན་ཞེས་པ་ནི་ཟས་ཟ་བའི་སྔོན་དུ་སྨན་བཏང་བའི་རྗེས་དེ་མ་ཐག་ཏུ་ཟས་ཟ་བ་ལ་བྱ་ཞིང་། འདིའི་གཏོང་ཡུལ་ནི་ཐུར་སེལ་རླུང་ལས་གྱུར་བའི་ནད་རིགས་དང་གཞན་ཡང་རྒྱུ་ལོང་སོགས་ལུས་སྨད་ན་གནས་པའི་ནད་ཀྱི་རིགས་ལ་གཏོང་།  དུས་འདིར་གཏོང་བའི་དགོས་པ་ནི་སྨན་འཐུང་རྗེས་དེ་མ་ཐག་ཏུ་ཟས་ཟོས་པས་སྨན་ཉིད་ཟས་ཀྱིས་དེད་ནས་སྨན་ནུས་ལུས་སྨད་ན་གནས་པའི་ནད་རིགས་ཀྱི་སྟེང་ལ་ཐོན་ཐུབ་བོ།།

ཟས་དབུས།

ཟས་དབུས་ཞེས་པ་ནི་ཁ་ཟས་ཕྱེད་ཟོས་ཤིང་ཕྱེད་མ་ཟོས་པའི་དུས་དེར་སྨན་འཐུང་རྗེས་སླར་ཡང་ཟས་ཀྱི་འཕྲོ་མ་ཟ་བ་ལ་ཟེར།  གཙོ་བོ་མེ་མཉམ་རླུང་ལས་གྱུར་བའི་ནད་རིགས་ལ་གཏོང་བ་ཡིན།  འདི་ལྟར་གཏོང་བའི་དགོས་པ་ནི་མེ་མཉམ་རླུང་ནི་ཕོ་བར་གནས་པ་དང་སྨན་ཟས་ཀྱི་དབུས་སུ་བཅུག་ན་གཙོ་བོ་ཕོ་བའི་གནས་སུ་རླུང་སྨན་བཅུག་པས་སོ།།

ཟས་མཐར།

ཟས་མཐར་ཞེས་པ་ནི་ཉིན་ཕྱེད་དམ་ཡང་ན་དགོང་ཟས་སོགས་ཟོས་པའི་རྗེས་སུའམ་མཐར་སྨན་གཏོང་བ་ཡིན། གཙོ་བོ་ཁྱབ་བྱེད་རླུང་ལས་གྱུར་བའི་ནད་རིགས་ལ་གཏོང་བ་ཡིན། འདི་ལྟར་གཏོང་བའི་དགོས་པའང་བཟི་ཁ་ཡོད་པའི་སྨན་དང་ཡང་ན་བསིལ་ཐལ་ཆེ་བའི་སྨན་རིགས་ཀྱིས་ཕོ་བའི་མེ་དྲོད་དང་རླུང་ལ་མི་གནོད་པའི་ཕྱིར་དུ་ཡིན།

 ཟས་ཁམ།

ཟས་ཁམ་ཞེས་པ་ནི་ཟས་ཁམ་རེ་དང་སྨན་ཁམ་རེ་བྱས་ཏེ་སྤེལ་མར་གཏོང་བ་ལ་ཟེར། གཙོ་བོ་སྲོག་འཛིན་རླུང་ལས་གྱུར་བའི་ནད་ཀྱི་རིགས་ལ་གཏོང་བ་ཡིན།  གཏོང་ལུགས་འདིའི་དམིགས་པ་ནི་སྲོག་འཛིན་རླུང་གི་རྐྱེན་གྱིས་ཡིད་མི་བདེ་བའམ་སྨན་མི་འདོད་པའི་ནད་རིགས་ལ་བལྟོས་ནས་ཟས་ཀྱི་བཅུད་དང་སྨན་གྱི་སྟོབས་སྤེལ་ནས་གཏོང་བ་ཡིན།

ཟས་མཚམས།

ཟས་མཚམས་ཞེས་པ་ནི་ཟས་ཀྱི་བར་མཚམས་ཏེ་ཟས་ཞུ་བའི་མཚམས་སུ་སྨན་གཏོང་བ་དང་སྨན་ཞུ་བའི་མཚམས་སུ་ཟས་ཟ་བ་ལ་ཟེར། གཙོ་བོ་གྱེན་རྒྱུ་རླུང་ལས་གྱུར་བའི་ནད་རིགས་མང་ཆེ་བར་གཏོང་བ་ཡིན། འདི་ལྟར་གཏོང་བའི་དགོས་པ་ནི་ཟས་ཀྱི་སྨན་ནུས་མི་འཕྲོག་པ་དང་སྨན་གྱི་ནུས་པས་ཕོ་བའི་མེ་དྲོད་སོགས་ལ་མི་གནོད་པའི་ཕྱིར་རོ།།

དུས་མེད་ཙེ་གུར།

དུས་མེད་ཙེ་གུར་ཞེས་པ་ནི་ཟས་ཟོས་མ་ཟོས་ལ་བལྟ་མི་དགོས་པར་སྨན་དུས་ཚོད་ངེས་མེད་དུ་ཙེ་གུར་ཏེ་ཐུན་ཆུང་ངུ་རེ་ཡང་ཡང་གཏོང་བ་ལ་ཟེར། གཙོ་བོ་དབུགས་མི་བདེ་བ་དང་ལུད་པ་ལུ་བ། སྐོམ་གྱིས་གདུང་བ། དུག་ཕོག་པ། འཁྲུ་སྐྱུག་གི་ནད་དང་རྟེན་བྱིས་པའི་རིགས་ལ་བསྟེན།  དེའི་རྒྱུ་མཚན་ནི་ཐོར་ནད་ཕྲན་བུའི་རིགས་སུ་གཏོགས་པའི་ནད་ལ་སྨན་ཕྲན་བུ་རེ་ཐེངས་གྲངས་མང་པོར་ཡང་ཡང་དུ་བསྟེན་པ་ཡིན།  ཡང་མགྲིན་པ་དང་གློ་ཡུ་སོགས་ནད་འགྱུར་བྱུང་བའི་ནད་ཕལ་མོ་ཆེར་སྨན་ཐད་ཀར་ནད་འགྱུར་གྱི་སྟེང་དུ་ཡང་ཡང་སླེབས་ཐུབ་པས་སོ།།

ཟས་བཅས།

ནད་པའི་ཡིད་ངོར་འདོད་པའི་ཁ་ཟས་དང་སྨན་གཉིས་མཉམ་དུ་བསྲེས་ནས་གཏོང་བའམ་ནད་དེ་ལ་ཕན་པའི་ཁ་ཟས་དང་མཉམ་དུ་བསྡེབ་ནས་གཏོང་བ་ལ་གོ   གཙོ་བོ་ཡི་ག་འཆུས་པ་དང་། རྒན་བྱིས་རིགས་སྨན་མི་འདོད་པ་སོགས་ཀྱི་ནད་ལ་བསྟེན།  འདིའི་དགོས་པ་ནི་སྨན་ནད་ལ་ཕན་པའི་ཟས་དང་ཡང་ན་བཟའ་འདོད་པའི་ཟས་དང་བསྡེབ་ནས་བཏང་ན་སྨན་ལ་སུན་སྣང་མི་འབྱུང་བ་དང་ཡི་ག་མི་བརྡར་བའི་ཕྱིར་རོ།།

ཟས་མནན། 

ཟས་མནན་ཞེས་པ་ནི་སྨན་ཁ་ཟས་ཀྱི་སྔོན་རྗེས་གཉིས་ཀར་བཏང་ནས་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་དུ་གཏོང་བ་ལ་ཟེར། གཙོ་བོ་སྐྱིགས་བུ་སོགས་གྱེན་རྒྱུ་རླུང་འཁྲུགས་པ་ལས་བྱུང་བའི་ནད་རིགས་ལ་གཏོང་།   དགོས་པ་གཙོ་བོ་ནི་གྱེན་རྒྱུའི་བུ་ག་འགགས་པ་ལས་བྱུང་བའི་སྐྱིགས་བུ་སོགས་ཟས་ཀྱི་སྔ་རྗེས་སུ་སྨན་མནན་པས་སྐྱིགས་བུ་ལྷག་ཏུ་མི་འབྱུང་བའི་ཕྱིར་རོ།།

མཚན་མོ་བཏང་བ།

མཚན་མོ་བཏང་བ་ཞེས་པ་ནི་ཟས་ཞུ་བ་མཚན་མོ་ཉལ་ཁའི་དུས་སུ་སྨན་གཏོང་བ་ལ་ཟེར།  གཙོ་བོ་མགུལ་བའམ་སྐེ་སྟོང་ཡན་ཆད་མིག་སྣ་དང་མགོ་སོགས་ཀྱི་ནད་དང་བྱང་ཁོག་སྟོད་ན་གནས་པའི་ནད། ད་དུང་རླུང་ནད་རིགས་ལ་བསྟེན། དགོས་པ་ནི་ལུས་དང་དབང་བོ་རྣམས་ཞི་བར་གནས་ཤིང་སྤྱོད་ལམ་མི་འཁྲུགས་པ་སོགས་ཀྱི་དབང་གིས་སྨན་ནུས་ལེགས་པར་ཐེབས་ཐུབ་པའི་ཕྱིར་རོ།།

2 སྨན་གྱི་གཏོང་ཚུལ་ཤེས་དང་མ་ཤེས་པའི་སྐྱོན་ཡོན།

ནད་གཞིའི་གནས་ཡུལ་དང་རང་བཞིན། ནད་སྟོབས། མཚན་ཉིད། ནད་ལྡང་བའི་ཕྱི་ནང་གི་རྟེན་འབྲེལ། རྟེན་དང་ན་ཚོད་སོ་སོའི་ཁྱད་ཆོས། ནད་ཀྱི་གནས་སྐབས། ཞུ་རྗེས་ཀྱི་ངེས་པ་སོགས་གང་ཡང་མི་ཤེས་པར་དོན་ཅི་ཡང་མ་ཤེས་པར་སྨན་གཏོང་བ་ནི་སྨན་པ་རྨོངས་པ་རྣམས་ཀྱི་ལུགས་ཡིན་ཏེ།  ནད་དང་གཉེན་པོ་སྨན་གཉིས་ངོ་མ་འཕྲོད་པར་ནོར་བར་གྱུར་ན་གཉེན་པོ་སྨན་ནད་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ནད་ལ་ཕན་དཀའ་བའི་ཉེས་དམིགས་སོགས་འབྱུང་བས་སྨན་གྱི་གཏོང་ཚུལ་རིག་པས་དཔྱད་དེ་ཚུལ་བཞིན་ལེགས་པར་བཏང་ན་ནད་སྟེང་དུ་འབབ་པར་མ་ཟད་ནད་གཞི་དྲག་བསྐྱེད་འབྱུང་བར་ཕན་པས་དེ་ལེགས་པར་བཏང་ན་ཕན་བསྐྱེད་ཆེའོ།།

3 ཁྱད་པར་གྱི་གསོ་ཚུལ་དགུ

ཁྱད་པར་གྱི་གསོ་ཚུལ་ཞེས་ནད་རིགས་སྤྱི་བྱེ་བྲག་དང་བཅས་པ་གསོ་བཅོས་བྱེད་པའི་བརྒྱུད་རིམ་ནང་། ནད་གཞིའི་ངོ་བོ་མི་འདྲ་བ་དང་། འཕེལ་རིམ་གྱི་གནས་སྐབས་མི་འདྲ་བ། མངོན་ཚུལ་མཚན་ཉིད་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་དངོས་དང་བསྟུན་ནས་གང་ལ་དེ་འཚམ་གྱི་གསོ་ཚུལ་ཁྱད་པར་ཅན་འཛིན་དགོས་པའི་ཐབས་རྩལ་ཁག་དཔེ་དོན་དང་བཅས་གསལ་བོར་སྟོན་པའི་རིག་པ་ཞིག་ཡིན་ཅིང་། དེ་ནི་ནད་ཐོག་དངོས་ནང་ནད་གཞི་གསོ་བཅོས་བྱེད་པའི་རྩ་དོན་ནམ་ཐབས་ཚུལ་ཁག་གཏན་འབེབས་བྱ་རྒྱུ་སོགས་ལ་མཛུབ་ཁྲིད་ཀྱི་ནུས་པ་ཤིན་ཏུ་ཆེ་བས་ན་ཐབས་མི་འདྲ་བ་རྣམ་པ་དགུ་ཡི་ཐོག་ནས་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་དུ་གསལ་བར་བསྟན་ཡོད།

བྱི་ལ་འཇབ་པ་ལྟ་བུའི་གསོ་ཚུལ།

ནད་གང་ཡང་ཐོག་མའི་མཚོན་པའི་ནད་རྟགས་དང་མངོན་ཚུལ་སོགས་ལ་བརྟག་ཅིང་དཔྱད་པ་བཏང་རུང་ནད་དེ་འདི་རེད་ཅེས་གདེང་ཚོད་ལྡན་པའི་སྒོ་ནས་ཁ་ཚོན་གཅོད་མ་ནུས་པའམ་ཡང་ན་ངོས་མ་ཟིན་པར་བློ་གཉིས་འགལ་ལམ་ཐེ་ཚོམ་ཏུ་གྱུར་ན་དེར་བྱི་ལ་འཇབ་ནས་བྱི་བ་བཟུང་བ་བཞིན་ཏུ་ནད་གཞི་གང་ཡིན་པ་ཉམས་སད་པའི་ཕྱིར་དུ་སྨན་ཀྱི་མདའ་བཏང་སྟེ་ནད་གཞི་ངོས་འཛིན་བྱེད་པའི་གསོ་ཚུལ་ཞིག་སྟེ།  དེ་ཡང་རླུང་ནད་ཡིན་པ་ངེས་མ་ཚོར་བར་ཐག་གཅོད་བྱེད་མ་ནུས་ན་དེ་ལ་སད་མདའ་ཞེས་སྲེ་ལོང་གི་ཐང་གཏོང་བ་དང་། དེ་བཞིན་དུ་མཁྲིས་པའི་ནད་ཡིན་མིན་ངེས་མ་ཚོར་བར་ཐེ་ཚོམ་ཏུ་གྱུར་ན་སད་མདའ་ཏིག་ཏའི་ཐང་གཏོང་བ།  བད་ཀན་གྱི་ནད་ཡིན་པ་ངེས་མ་ཚོར་བར་བློ་གཉིས་འགལ་ཏུ་གྱུར་ན་སད་མདའ་རྒྱམ་ཚྭ་གསུམ་པའི་ཐང་གཏོང་བ། ནད་ཚ་གྲང་གཉིས་ཀ་གང་ཡིན་ཐེ་ཚོམ་ཏུ་གྱུར་ཏེ་ཐེ་ཚོམ་གཅོད་མ་ཐུབ་ན་དེར་སད་མདའ་བསིལ་དྲོད་གང་འོས་པའི་ཕྱོགས་ཏེ་ཡུན་བསྲིངས་ཏེ་གོམས་པར་བསྟེན་པའོ།།    

སྤོ་ལ་དར་འཕྱར་གྱི་གསོ་ཚུལ།

བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་ཚ་གྲང་གང་ཡིན་པ་དང་ནད་གཞི་གང་ཡིན་པ་སད་མདའ་དག་གིས་བརྟག་མི་དགོས་པར་ནད་ལ་ངོས་ཟིན་རྙེད་ཅིང་གདེངས་ཐོབ་སྟེ་ནད་དེའི་རྒྱུ་རྐྱེན་གང་ཡིན་པ་དང་། ན་ལུགས་ཇི་ལྟར་ཡིན་པ། མཐའ་གཞུག་ཇི་ལྟར་འགྱུར་བ། སྨན་བཅོས་ཇི་ལྟར་བྱེད་པ།  དུས་ཚོད་འདི་དང་འདིའི་ནང་དུ་སོས་ཐུབ་པ་སོགས་དང་། ཡང་ན་རྒྱུ་དང་རྐྱེན་འདི་འདྲའི་དབང་དུ་གསོ་བཅོས་མི་ཐུབ་པར་དུས་ཚོད་འདི་ན་འཆི་ཞེས་འཆི་བའི་དུས་ཚིགས་བཅས་བོར་སྟེ་རི་བོའི་རྩེ་ལ་དར་འཕྱར་བ་བཞིན་དུ་ཀུན་ལ་གོ་བར་སྨྲ་བའི་གསོ་ཚུལ་ལོ།།

རྟ་རྒོད་དཀྱུས་འཛུད་ལྟ་བུའི་གསོ་ཚུལ།

ངོས་ཟིན་པའི་ནད་གང་ཡང་བླ་གཉན་གྱི་ནད་དང་བསྡོངས་ཟླ་ལྡན་ཞིང་། ནད་དེ་གསོ་བཅོས་བྱེད་པའི་སྐབས་སུ་ནད་དེའི་བསྡོངས་ཟླའི་སྟོབས་ཤུགས་ཀྱིས་གཉེན་པོ་སྨན་དེ་ནད་ཀྱི་ཐོག་ཏུ་འབབ་དཀའ་ཞིང་། གཉེན་པོ་མི་ལེན་པའི་སྐབས་སུ་ཐབས་ཤེས་ལ་བརྟེན་ནས་ནད་གཞི་དེ་གཉེན་པོ་ཐོག་ཏུ་འབབ་པར་གཞུག་པའི་གསོ་ཚུལ་ཏེ། དཔེར་ན་རྟ་རྒོད་པོ་རྟ་ཁྱུ་དང་མཉམ་དུ་མི་གནས་པར་རྐྱང་བར་འགྲོ་ཚེ་ཐབས་ཤེས་ལ་བརྟེན་ནས་དེ་རྟ་མང་པོ་དང་མཉམ་དུ་གནས་བར་བཅུག་སྟེ་ལམ་དྲང་པོའི་ནང་དུ་འཇུག་པའི་ཐབས་ལ་ཟེར།

སྐྱར་མོ་ཉ་ལེན་གྱི་གསོ་ཚུལ།

སྨན་པ་གཞན་གྱི་སྔར་གསོ་བཅོས་བྱས་ཀྱང་ཕན་ཐོགས་མེད་པ་དང་ཡང་ན་དྲག་བསྐྱེད་མ་བྱུང་བའི་ནད་ལ་རང་གི་བཅོས་དགོས་པ་བྱུང་ན། དམན་ལྷག་ལོག་པ་གསུམ་གང་ཡིན་པ་ལེགས་པར་བརྟག་ལ་ཉ་ཁྲ་སྐྱར་མོས་ཉ་ལེན་པའི་ཚུལ་དུ་ནོར་བ་མེད་པར་བཅོས་དགོས་ཏེ། སྨན་པ་གཞན་གྱི་སྔར་བཅོས་ཀྱི་ཕན་བསྐྱེད་མེད་པའི་ནད་དེ་ལ་དམན་པ་བསྐྱེད་པ་དང་། ལྷག་པ་མནན་པ། ལོག་པ་བསྒྱུར་བ་བཅས་ཀྱི་ནད་གཞི་འཁྲུལ་མེད་དུ་གསོ་དགོས་པར་བསྟན་པའོ།།  གལ་ཏེ་སྨན་པ་གཞན་གྱིས་ནད་དེ་ངོས་ནི་ཟིན་ཀྱང་སྨན་དཔྱད་གཉེན་པོ་སོགས་བསྟེན་པ་སྟོབས་ཆུང་བ་དང་གཉེན་པོ་ཚད་ལས་ལྷག་པ་བཏང་བ། ཡང་ན་ནད་གྲང་བ་ལ་གཉེན་པོ་བསིལ་སྨན་བཏང་བ་ལྟ་བུ་གཉེན་པོ་ལོག་པར་འགྱུར་བས་ནད་པས་རྩ་ཆུ་ན་ལུགས་སོགས་ལེགས་པར་བརྟགས་ཏེ་གཉེན་པོ་སྟོབས་ཆུང་བ་ལ་གཉེན་པོ་ཆེར་བསྐྱེད་པ་དང་། གཉེན་པོ་ལྷག་ནས་ནད་གཞན་ལངས་ན་གང་ལངས་དེ་ནོན་པ་དང་། གཉེན་པོ་ལོག་པར་གྱུར་ན་སྦྱོར་བ་གོ་ལྡོག་ཏུ་གཏོང་དགོས་པ་བཅས་ཀྱི་སྒོ་ནས་གསོ་བཅོས་བྱེད་དགོས་སོ།།

མི་ཤ་འཕྲང་འཕྲད་ལྟ་བུའི་གསོ་ཚུལ།

ནད་སྟོབས་ཆེ་ལ་སྨན་དཔྱད་ཟས་སྤྱོད་བཞི་ཆེར་སྤྲུག་ཅིང་ལག་གང་སྔའི་སྒོ་ནས་བཅོས་དགོས་པ་སྟེ་དཔེར་ན་སྔར་མི་ཤ་ཡོད་པའི་མི་གཉིས་ལམ་འཕྲང་དོག་མོ་ཞིག་གི་ནང་དུ་གློ་བུར་དུ་འཕྲད་པ་བྱུང་ན་གང་སྔ་བ་དེས་རྒྱལ་ཁ་ལོན་པ་བཞིན་རྒྱས་ཚད་སོགས་ཚ་བ་ཤིན་ཏུ་སྟོབས་ཆེན་གྱི་ནད་ལ་གཉེན་པོ་ཆུ་བཞི་དབབ་ནས་བཅོས་དགོས་པ་ཡིན་ཏེ། ག་བུར་སོགས་བསྟེན་པ་སྨན་གྱི་ཆུ་རྩེ་ཆུང་གཏར་བ་དཔྱད་ཀྱི་ཆུ། ཁ་ཟས་ཡེན་ཏེ་བཅུད་མེད་པའི་ཟས་ལ་བསྟེན་པ་ཟས་ཀྱི་ཆུ། བསིལ་སར་དལ་བར་སྡོད་པ་སྤྱོད་ལམ་གྱི་ཆུ་བཅས་ཆུ་བཞི་བསྟེན་དགོས་པ། དེ་བཞིན་དུ་གྲང་བ་སྟོབས་ཆེན་གྱི་ནད་ལ་གཉེན་པོ་མེ་བཞི་བསྟེན་པ་དགོས་པ་སྟེ། དྲོད་དགུ་སྦྱར་བ་སྨན་གྱི་མེ་དང་མེ་བཙའ་དཔྱད་ཀྱི་མེ། དྲོད་བཅུད་ཅན་གྱི་ཟས་བསྟེན་པ་ཟས་ཀྱི་མེ། གནས་གོས་དྲོ་བ་སྤྱོད་ལམ་མེ་ཡིས་བཅོས་པ་བཅས་གཉེན་པོ་མེ་བཞི་བསྟེན་དགོས། དེ་ལྟར་མ་བྱས་ཚེ་མྱུར་དུ་སྲོག་འདོར་བར་བྱེད་པས་ན་སྟོབས་ཆེན་ནད་ལ་ལག་གཏོད་མི་ཤ་འཕྲང་འཕྲད་ལྟ་བུའི་སྒོ་ནས་བཅོས་དགོས།

སྐས་གདེངས་མས་འཛེགས་ལྟ་བུའི་བཅོས་ཐབས།

ནད་སྟོབས་ཆུང་བའི་རིགས་ལ་སྤྱོད་ལམ་ཟས་སྨན་དཔྱད་བཅས་སྐས་གདེངས་འཛེགས་པ་བཞིན་རིམ་པས་བཅོས་དགོས་པ་དང་། ཚ་གྲང་གི་ནད་གང་ཡིན་ཡང་ནད་བབས་ཀྱི་སྟོབས་ཆེ་ཆུང་དང་སྦྱར་ནས་བཅོས་དགོས་པ་དང་ནད་སྟོབས་ཆུང་བ་ལ་ཐོག་མར་རང་གི་སྤྱོད་ལམ་ཚུལ་བཞིན་དུ་བསྲུང་ན་ཕལ་ཆེར་འཚོ་བར་འགྱུར་ལ་དེས་མ་ཐུབ་ན་ཟས་ཀྱིས་བཅོས་པ། དེས་མ་ཐུབ་ན་སྨན་གྱི་བཅོས་པ། དེ་དག་གིས་མ་ཐུབ་ན་ཐ་མར་འཇམ་དཔྱད་དང་རྩུབ་དཔྱད་བཅས་ཀྱི་སྒོ་ནས་ལུས་ཀྱི་ཕྱིར་དབྱུང་དགོས་པ་དང་བཅས་རིམ་བཞིན་དུ་གསོ་བཅོས་བྱེད་དགོས་པ་ཡིན།

དཔའ་བོ་དགྲ་འདུལ་ལྟ་བུའི་གསོ་ཚུལ།

ལྡན་འདུས་མ་ཡིན་པའི་ནད་རྐྱང་བ་རང་རྒྱུད་ཅན་གྱི་ནད་ལ་དཔའ་བོའི་དགྲ་འདུལ་བ་བཞིན་དུ་བཅོས་དགོས་ཏེ། དགྲ་དེ་ཉིད་གཅིག་པུ་གཞིབ་པ་ལས་གཞན་མཐའ་འཁོར་གྱི་མི་རྣམས་ལ་གནོད་པ་མི་བྱེད་པ་ལྟར་ནད་རྐྱང་བ་གང་ཡིན་པ་དེ་ཉིད་ཞི་ཞིང་གཞན་ལ་གནོད་པ་མེད་པའི་སྦྱོར་བས་བཅོས་དགོས་ཞེས་པའོ།།

རླུང་དང་མཁྲིས་པ་བད་ཀན་གྱི་ནད་རྐྱང་བ་རང་རྒྱུད་ཅན་གྱི་ནད་དེ་དག་རྐྱང་བ་དེ་ཉིད་ཞི་བར་བྱ་ཞིང་གཞན་ལྡན་འདུས་ལ་སོགས་པའི་ནད་རྣམས་མ་ལངས་པའི་སྦྱོར་བས་བཅོས་དགོས་པ་སྟེ། དེ་ལྟར་མ་བཅོས་པར་སྦྱོར་བ་ལོག་ན་ནད་རྐྱང་བ་དེ་ཉིད་ཞི་བའི་ཁར་ནད་ཕྱི་མ་གཞན་བསྐྱེད་དེ་ལྡོག་རྒྱུ་བཅུ་གཉིས་འབྱུང་སྲིད་དོ།།

དམེ་ཤོར་འཁྲུགས་ཟླུམ་ལྟ་བུའི་གསོ་ཚུལ།

ལྡན་པ་སྟེ་ཟུང་ལྡན་གྱི་ནད་དང་གསུམ་དང་གསུམ་ལས་འདས་པའི་འདུས་པའི་ནད་ལ་འདུ་བ་རླུང་མཁྲིས་བད་ཀན་གསུམ་ཆ་སྙོམས་པར་བཅོས་དགོས་ཏེ། དཔེར་ན་ཕ་སྤུན་ནང་དམེ་ཤོར་བའི་འཁྲུགས་པ་བྱུང་ན་ཡུལ་གཙོ་བོའི་ཉེ་རིང་མེད་པར་ཟླུམས་པ་སྟེ་འགྲིག་མཐུན་ཡོང་བར་བྱེད་པ་ལྟར་ལྡན་འདུས་ཀྱི་ནད་ལ་གང་མཐོའི་གཉའ་བཅག་སྟེ་བཅོས་པ་ལྟ་བུ་ཡིན།

ལྡན་པ་དང་འདུས་པའི་ནད་ལ་གཙོ་བོ་འདུ་བ་རླུང་མཁྲིས་བད་ཀན་གསུམ་ཆ་མཉམ་པའི་སྒོ་ནས་བཅོས་དགོས་ཏེ། ཉེས་པ་གསུམ་འཕེལ་བ་འབྲི། འགྲིབ་པ་གསོ། འཁྲུགས་པ་སྡེབས་པར་བྱས་ཏེ་འདུ་བ་སྤྱི་རུ་སྙོམས་པ་ཡིན།

གནས་དང་ནད་གཞི་སོ་སོའི་ཁ་འཛིན་ནི་སྙིང་དང་སྲོག་རྩ་ལོང་ག་བཅས་ལ་གཙོ་བོ་རླུང་ཉིད་ཤས་ཆེ་བས་ནད་དེ་འབྱུང་བས་རླུང་གི་ཉེན་སྲུང་བར་སྙིང་ལ་ཛཱ་ཏི་དང་སྲོག་རྩར་ལི་ཤི  གློ་བར་བད་ཀན་ཤས་ཆེ་བས་ཉེན་སྲུང་བར་ཅུ་གང་།  མཁལ་མ་གྲང་བའི་གཞི་ཡིན་པས་སུག་སྨེལ། མཆེར་བར་བད་ཀན་གྱི་ཉེན་སྲུང་བར་ཀ་ཀོ་ལ།  ཕོ་བར་བད་ཀན་གྱི་ཉེན་སྲུང་བ་དང་ཕོ་བའི་མེ་དྲོད་གསོ་བའི་ཆེད་དུ་སེ་འབྲུ་དང་པི་པི་ལིང་རྣམས་སོགས་ནད་གཞི་རང་རང་འབབ་སའི་གནས་དང་སྦྱར་ཏེ་ཁ་འཛིན་གཏོང་བར་བཤད།

མཛོ་ཁལ་ལུག་ཁལ་ལྟ་བུའི་གསོ་ཚུལ།

ནད་ཚ་གྲང་དང་ནད་སྟོབས་ཆེ་ཆུང་། ཕྱི་ནང་བར་གསུམ་གནས་གང་ན་ཡོད་ཀྱང་ནད་པའི་ལུས་ཟུངས་དྲི་མ་དང་བཅས་པའི་གནོད་བྱ་རྣམས་དང་། ངད་ཅན་གྲང་བ་སོགས་གནས་པའི་ཡུལ། དབྱར་དགུན་སོགས་ནམ་དུས། རླུང་ལས་གྱུར་པ་སོགས་ལུས་ཁམས་ཀྱི་རང་བཞིན། རྒན་དར་སོགས་ན་ཚོད། རླུང་ནད་སོགས་ནད་ཁམས། སྙིང་སོགས་བབས་པའི་གནས། ཕོ་བའི་མེ་དྲོད། ལུས་ཁམས་ཀྱི་ཉམས་སྟོབས། ཟས་སྤྱོད་ཀྱི་གོམས་འདྲིས་བཅས་ཆོས་བཅུ་བོ་ཐད་ནས་ཞིབ་ཅིང་བརྟགས་ལ་དེ་དག་ཐམས་ཅད་མཐུན་པར་བྱུང་ན་ནད་སྟོབས་ཆེ་བས་དེའི་གཉེན་པོའང་སྟོབས་ཆེན་བཏང་ཏེ་དེ་ཉིད་མནན་པ་དང་དེ་ལས་གཞན་འགའ་ཞིག་མཐུན་ལ་འགའ་ཞིག་མ་མཐུན་ན་ནད་དེ་སྟོབས་ཆེ་ཆུང་མི་མཚུངས་བ་ཡིན་པས་ཆོས་བཅུ་བོའི་ཆེ་ཆུང་ལ་གཞིགས་ནས་གཉེན་པོ་བསྟེན་པ་དང་ནད་གང་ལ་གང་འཚམ་གྱི་བཅོས་དགོས་པ་སྟེ། དཔེར་ན་མཛོ་ལ་མཛོ་ཁལ་དང་ལུག་ལ་ལུག་ཁལ་འགེལ་བ་ལས་ལུག་ལ་མཛོ་ཁལ་དང་མཛོ་ལ་ལུག་ཁལ་བཀལ་ན་ཉེས་པའི་སྐྱོན་མང་པོ་འབྱུང་སྲིད་པས་དེ་དག་གང་ལ་གང་འཚམས་ཀྱིས་བཅོས་དགོས་པ་ནི་གནད་ཀྱི་གདམས་པ་ཡིན་ནོ།།

4 གསོ་ཐབས་གཉིས།

སྤྱིར་ནད་ལ་གསོ་ཐབས་མང་དུ་ཡོད་ཀྱང་གསོ་ཡུལ་གྱི་སྦོམ་སྐེམ་ལ་གཞིགས་ནས་སྟོབས་བསྐྱེད་པ་བརྟ་བྱ་དང་ཉམས་དམད་པ་སྨྱུང་བྱ་གཉིས་སོ།།

བརྟ་བྱ།

བརྟ་བར་བྱེད་པའི་ཐབས་དེ་ལ་ཡང་བརྟ་བར་བྱ་བའི་ཡུལ་དང་། གཉེན་པོ་གང་གིས་བརྟ་བའི་ཐབས། བརྟས་པའི་ཕན་ཡོན། བརྟས་དྲགས་པའི་སྐྱོན། དྲགས་སྐྱོན་སེལ་བའི་ཐབས་བཅས་རྣམ་པ་ལྔ་ཡོད།

བརྟ་བར་བྱ་བའི་ཡུལ།

དེ་ལ་ནད་ཀྱི་སྒོ་ནས་བརྟ་དགོས་པ་དང་། ཟུངས་ཀྱི་སྒོ་ནས་བརྟ་དགོས་པ། གནས་སྐབས་ཀྱི་སྒོ་ནས་བརྟ་དགོས་པ། ན་སོའི་སྒོ་ནས་བརྟ་དགོས་པ། དུས་ཀྱི་སྒོ་ནས་བརྟ་དགོས་པ་བཅས་རྣམ་པ་ལྔའི་སྒོ་ནས་བསྟན་ཡོད། རིམ་བཞིན་དུ་རླུང་གི་རང་བཞིན་ཅན་ནམ་རླུང་ཤས་ཆེ་བའི་ནད་དང་ལུས་ཟུངས་སྐེམ་པོར་གྱུར་བ་དང་། ཁྱིམ་གསར་འཁྲིག་པ་སྤྱད་དྲགས་པས་ལུས་ཐང་ཆད་པ་དང་། བུད་མེད་སྦྲུམ་མ་དང་བཙས་བའི་རྗེས་ལ་ཁྲག་ཟགས་པ་བཅས་ནི་བརྟ་བར་བྱ་བ་དང་། གློ་རྡོལ་སོགས་གློ་གཅོང་ཆེན་པོ་ཟད་བྱེད་ཀྱི་ནད། གཉིད་མེད་པ་དང་ཡང་ན་མྱ་ངན་གྱིས་དུབ་པ། ན་སོའི་སྒོ་ནས་རྒན་པོ་སོགས་རླུང་གི་རང་བཞིན་ཅན་གྱི་མི། དུས་ཀྱི་སྒོ་ནས་སོས་ཀ་སོགས་ཕྱིའི་ཡུལ་དུས་ཀྱི་རང་བཞིན། ཡང་རྩུབ་ཀྱི་ཁྱད་ཆོས་དང་ལྡན་པས་ནང་གི་འབྱུང་བའང་ཡང་རྩུབ་ཀྱི་ཁྱད་ཆོས་དང་ལྡན་པས་དེ་དག་ནི་བརྟ་བར་བྱ་བའི་ཡུལ་ཡིན།

གང་གིས་བརྟ་བའི་ཐབས།

བརྟ་བའི་ཐབས་ལ་ཟས་སྤྱོད་སྨན་དཔྱད་བཞི་ཡོད་པ་ལས་དང་པོ་ཟས་ནི་སྟོན་ཀ་བཤས་པའི་ལུག་ཤ་ཚོན་པོ་རབ་དང་དེ་ལྟར་མིན་ན་རྒས་ཤིང་ཤི་བའི་ཤ་མ་ཡིན་པའི་རིགས་དང་བུ་རམ་ཀ་ར་མར་དང་། སྐོམ་ནི་འོ་མ་དང་ཞོ་དང་ཆང་སོགས་རོ་མངར་ཞིང་ནུས་པ་སྣུམ་བཅུད་དང་ལྡན་པའི་རིགས་བསྟེན་པ་དང་། སྤྱོད་ལམ་ནི་གཉིད་ཚིམ་པར་ལོག་པ་དང་། ལུས་སེམས་དལ་བུར་འདུག་པ། སེམས་དགའ་བ་དང་ཡིད་དུ་འོངས་པའི་གྲོགས་བསྟེན་པ། སྨན་ལ་ནད་གཞི་གང་ལ་གང་འཕྲོད་ཀྱི་སྨན་མར་བསྟེན་ཏེ་བརྟ་བར་བྱེད་པ། དཔེར་ན་རླུང་ལ་རྩ་བ་ལྔ་ཡི་སྨན་མར་དང་གཉིད་ཡེར་བ་ལ་འབའ་སམ་སྨན་མར་སོགས་བསྟེན་ཏེ་བརྟ་བར་བྱ་དགོས། དཔྱད་དུ་འཇམ་རྩི་དང་ཁྲུས་དང་བསྐུ་མཉེ་བྱ་བ་དང་། འཇམ་རྩི་རླུང་ལ་མཆོག་ཡིན་པ་དང་། ཁྲུས་ཀྱིས་རོ་ཙ་དང་ཚེ་མདངས་སྟོབས་བསྐྱེད་པར་བྱ་བ། བསྐུ་མཉེས་རླུང་དང་གཉིད་ཡེར་བ་སོགས་ལ་མཆོག་ཏུ་ཕན།

བརྟ་བའི་ཕན་ཡོན།

སྟོབས་བརྟ་བའི་ཕན་ཡོན་ནི་ལུས་ཀྱི་སྟོབས་རབ་ཏུ་འཕེལ་ཞིང་ནད་ཀུན་ཀྱང་རང་བཞིན་དུ་ཟིལ་གྱི་གནོན་པར་ནུས་ཏེ་དཔེར་ན་སྔར་ལ་ནུས་པ་མེད་པའི་མི་གང་ཞིག་སྔོན་ལ་མི་རྣམས་ཀྱི་བརྙས་པའི་ཡུལ་ཏུ་གྱུར་ཡོད་པ་དེ་ལ་རེ་ཞིག་གྲོགས་དང་དཔུང་ཞིག་རྙེད་པ་དང་འདྲ་བར་ལུས་ཀྱི་སྟོབས་འཕེལ་བ་དེས་ནད་ཀྱི་རང་བཞིན་དུ་ཞི་བར་འགྱུར་བ་བཞིན་ནོ།།

བརྟས་དྲགས་པའི་སྐྱོན།

ཧ་ཅང་ཐལ་དྲགས་ན་འཚོ་ཆེ་བའི་ནད་རིགས་མང་པོ་འབྱུང་སྟེ། ལུས་ཧ་ཅང་སྦོམ་པོར་གྱུར་ཏེ་ལུས་མི་ཐེག་པ་དང་། ཁྲག་ངན་སོགས་རྒྱས་ཏེ་འབྲས་ནད་དང་རླུང་དང་ཁྲག་འཁྲུགས་པ་ལ་བརྟེན་ནས་རྨེན་བུའི་ནད་བསྐྱེད་པར་འགྱུར་བ། གཅིན་སྙིའི་ནད། ཤེས་པ་རྨོངས་པ། ལུས་ཁམས་ལྕི་བ་སོགས་ཀྱི་ནད་མང་པོ་བསྐྱེད་སྲིད་པས་སྐྱོན་དུ་འགྱུར་བའོ།།

དྲགས་སྐྱོན་བསལ་ཐབས།

འཚོ་ཆེས་པ་སོགས་ཐལ་དྲགས་པའི་སྐྱོན་རྣམས་བཅོས་པ་ལ་ནུས་པ་རྩུབ་ཅིང་བད་ཚིལ་ཟད་པར་བྱེད་པའི་ཟས་སྨན་རིགས་བསྟེན་དགོས་པ་དང་། དེ་ཡང་ཁྲེ་རྒོད་དང་། མོན་སྲན། སྲན་ཆུང་། དར་བ་གསར་རྙིང་། ཞོ་ཁའི་ཆུ་སོགས་ཟས་སྐོམ་རིགས་དང་འབྲས་བུ་གསུམ་ལ་སྦྲང་རྩི་སྦྱར་བ་སོགས་ཀྱིས་འཚོ་ཆེས་པའི་ནད་དེ་སེལ་ཐུབ་པ་ཡིན། འཚོ་ཆེས་བ་ལས་ཅུང་སྐེམ་ན་བཟང་བས་བརྟ་བའི་ཆོ་ག་རྣམས་ཀྱང་ཚོད་ཟིན་པར་བྱ་དགོས་པ་ནི་གལ་ཆེའོ།།

སྨྱུང་བྱ།

ཉམས་སྟོབས་དམད་ཅིང་སྨྱུང་བར་བྱ་བ་ལ་གང་སྨྱུང་བར་བྱ་བའི་ཡུལ་དང་། གང་གིས་དམད་པའི་ཐབས། ཉམས་དམད་པའི་ཕན་ཡོན། དམས་དྲགས་པའི་སྐྱོན། དམད་དྲགས་པའི་སྐྱོན་བཅོས་ཐབས་བཅས་རྣམ་པ་ལྔའི་སྒོ་ནས་བསྟན་ཡོད།

དམད་པར་བྱ་བའི་ཡུལ།

དམད་པར་བྱ་བའི་ཡུལ་ནི་ཟས་སྐོམ་མ་ཞུ་བ་དང་། སྣུམ་ཅན་གྱི་ཟས་རིགས་ཡུན་དུ་ཟོས་པ། རླུང་ནད་བརླ་རེངས་ཀྱིས་བཏབ་པ།  རིམས་ཀྱི་ནད་དང་། གཅིན་སྙིའི་ནད། ཁོང་འབྲས། དྲེག་དང་གྲུམ་བུའི་ནད། མཆེར་བའི་ནད། ལྐོག་མའི་ནད། ཀླད་ནད། སྙིང་ནད། ཚད་པས་འཁྲུ་བ། སྐྱུགས་པའི་ནད། ལུས་ཁམས་ལྕི་བ། ཟས་ཀྱི་དང་ག་མི་བདེ་བ། བཤང་གཅིན་འགགས་པ། ལུས་ཁམས་འཚོ་ཆེས་པ། ཆུ་སེར་དང་བད་མཁྲིས་རྒྱས་པའི་ནད་དང་ལྡན་ཞིང་ལུས་སྟོབས་རྒྱས་ལ་ན་ཚོད་དར་ལ་བབས་པ། དགུན་གྱི་དུས་སུ་སྨྱུང་བར་བྱ་དགོས། མདོར་ན་ས་ཆུ་རང་བཞིན་ཏེ་ལྕི་སྣུམ་བསིལ་རྟུལ་གྱི་ངོ་བོར་གཏོགས་པ་རྣམས་ནི་བྲི་བའམ་ཉམས་དམད་པའི་ཁོངས་སུ་གཏོགས་པའོ།།

གང་གིས་དམད་པའི་ཐབས།

གང་གིས་དམད་པའི་ཐབས་ཀྱི་སྨན་སྦྱོར་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ཡོད་པ་ལས་ཞི་བྱེད་ནི་ཉེས་པ་མ་སྙོམས་པ་རྣམས་སྙོམས་ཤིང་ཞི་བར་བྱེད་པའི་སྦྱོར་བར་ཟས་དང་སྨན་དང་སྤྱོད་ལམ། དཔྱད་བཅས་ཀྱི་སྒོ་ནས་བཅོས་ཤིང་། ཉས་དམད་དགོས་པའི་ཡུལ་དེ་དག་གི་ནང་ནས་ཉམས་སྟོབས་ཆུང་བ་རྣམས་ལ་ཟས་སྐོམ་གྱི་བཀྲེས་ཤིང་སྐོམ་པའི་ངང་ནས་གནས་དགོས་ཤིང་། དེ་ལྟར་མ་བཟོད་ནའང་ཡང་ཞིང་འཇུ་སླ་བའི་ཟས་སྐོམ་ཅུང་ཟད་རེ་མ་གཏོགས་མི་བསྟེན་པ། ཉམས་སྟོབས་འབྲིང་དག་གིས་མ་ཞུ་བ་ཡིན་ན་རྒྱམ་ཚྭ་བཞི་ཐང་དང་། སེ་འབྲུ་བཞི་བ་དང་ལྔ་བའི་ཕྱེ་མ་སོགས་དྲོད་བསྐྱེད་ཅིང་ནད་སྨིན་པར་བྱེད་པའི་སྦྱོར་བའི་རིགས་བསྟེན་པ། སྟོབས་དང་ལྡན་པ་ལ་ཉིན་མཚན་ཀུན་ཏུ་རྩོལ་བ་དྲག་པོས་བཅག་ཏེ་རྔུལ་དབྱུང་སོགས་བྱ་ཞིང་། མེ་བཙའ་དང་དུགས། ལུམས་དང་གཏར་བ་སོགས་ཀྱིས་བཅོས་དགོས་པ་དང་། མདོར་ན། ངོ་བོ་ལྕི་བསིལ་རྟུལ་སྣུམ་སོགས་ཀྱི་འཕེལ་བའི་ནད་ལ་ཟས་སྤྱོད་སྨན་དཔྱད་བཞི་མེ་རླུང་གི་མཚན་ཉིད་དང་ལྡན་པའི་རང་བཞིན་ཡང་རྩུབ་ཚ་བའི་གཉེན་པོའི་སྒོ་ནས་དམད་པར་བྱ་དགོས།

སྦྱོང་བྱེད་ནི་ནད་ལུས་ལ་ཞེན་པའི་རིགས་སློང་བར་བྱས་ཏེ་ལངས་ཤིང་རྒྱས་ཕྱིར་འབྱིན་པར་བྱེད་པ་ཡིན། ནད་མ་ཞུ་བའི་གནས་ན་གནས་པ་སྐྱུགས་པ་སོགས་གྱེན་འདྲེན་སྨན་གྱི་དྲངས་དགོས་པ་དང་། ཞུ་བའི་གནས་ལོང་ན་གནས་ན་ནི་རུ་ཧས་དྲངས་པ་དང་། ལུས་སྤྱིའི་དོན་སྣོད་ལ་གནས་ན་ལྟོ་བཤལ་བྱ་བ་དང་། རྩ་ནད་རྣམས་ནི་རྩ་སྦྱོང་གི་སྦྱངས་དགོས་པ་བཅས་ཀྱི་ཐབས་ལ་བརྟེན་ནས་དམད་པར་བྱ་དགོས།

ཉམས་དམད་པའི་ཕན་ཡོན།

དེ་ལྟར་ཞི་སྦྱོང་སོགས་ལེགས་པར་བསྟེན་ན་མིག་ལ་སོགས་པའི་དབང་བོ་གསལ་བར་བྱེད་ཅིང་ལུས་ཁམས་ཡང་བ། ཟས་སྐོམ་གྱི་ཡི་ག་བདེ་བ། བྱ་བ་གང་ཞིག་བསྒྲུབ་ཅིང་ཤུགས་བསྐྱེད་ཅིང་བརྩོན་ནུས་པ། བཀྲེས་སྐོམ་དུས་སུ་འབྱུང་བ། བཤང་གཅི་དང་རླུང་སོགས་བདེ་བར་རྒྱུ་བའི་ཕན་ཡོན་དང་ལྡན།

དམད་དྲགས་པའི་སྐྱོན། 

ཉམས་དམད་པའི་ཆོ་ག་རྣམས་ཚད་དང་མི་ལྡན་པར་ཐལ་དྲགས་ཏེ་ལྷག་པར་འཕེལ་བར་འགྱུར་ན་དེས་ཟུངས་མཛད་དེ་ཉམས་སྟོབས་ཡོངས་སུ་ཤོར་བ། མགོ་བོ་འཁོར་བ། གཉིད་མེད་ཅིང་ཡེར་བ། བཀྲག་མདངས་ཤོར་བ། ཁ་ཡང་སྐོམ་ཞིང་ཟས་ཀྱི་དང་ག་འགགས་པ། རིམས་ཀྱིས་འདེབས་སླ་བ། སྐྱུག་མེར་ལངས་ནས་སྐྱུགས་འདོད་པ། རླུང་ནད་རིགས་བསྐྱེད་པར་བྱེད་པ་བཅས་ཀྱི་ཉེས་པ་དག་འབྱུང་བ་ཡིན།

ཐལ་དྲགས་པའི་སྐྱོན།

ཉམས་དམད་དྲགས་པའི་སྐྱོན་དེ་རྣམས་གོང་ནས་བཤད་པའི་བརྟས་པར་བྱེད་པའི་ཆོ་ག་ཐམས་ཅད་ཀྱིས་ཕན་ཞིང་ཁྱད་པར་དུ་ཤ་ཟའི་རིགས་ཀྱི་ཤ་ཟ་བ་དང་། འཇམ་རྩི་གཏོང་བ། ཟས་འགྲངས་པར་ཟོས་ཏེ་གཉིད་ཚིམ་པར་ལོག་པ་བཅས་བྱས་ན་ཕག་དང་འདྲ་བར་ལུས་ཁམས་ཕག་དང་འདྲ་བར་རྒྱས་འགྱུར་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།