ཡོངས་འཛིན་རིག་མཛོད། >སློབ་གསོ། >སློབ་གསོ་རིག་པ།

སྤྱི་ཚོགས་སློབ་གསོ།

སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ་གསུམ་ནི་སློབ་གསོའི་ལོ་རྒྱུས་ཐོག་གི་གྲུབ་ཆ་གསུམ་ཡིན་པ་དང་། དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་ཆོས་རེ་ཡོད། སྤྱི་ཚོགས་སློབ་གསོ་ཟེར་བ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་བའི་ཆོས་ཉིད་ལ་བྱ་འགུལ་སྣ་ཚོགས་བརྒྱུད་ནས་སློབ་གསོའི་ཤུགས་རྐྱེན་འཇོག་པ་དེ་འདྲ་ཞིག་ཡིན། དེ་ལ་ནང་གསེས་གཉིས་ཡོད་དེ། གཅིག་ནི་སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན་པ་དང་། གཞན་ཞིག་ནི་སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན། སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་རྒྱས་ལ་ཤུགས་རྐྱེན་འཇོག་པའི་སློབ་གསོ་ལ་གོ་ཞིང་། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་མ་གཏོགས་པའི་རིག་གནས་སློབ་གསོ་ཡིས་རྒན་དར་གཞོན་གསུམ་ལ་སློབ་གསོ་གཏོང་བའི་བྱ་འགུལ་རིགས་སྣ་ཚོགས་ལ་བརྗོད་པ་ཡིན། དེང་རབས་ཅན་གྱི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོར་ཁ་གསབ་བྱེད་པའི་སློབ་གསོ་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ལམ་ལུགས་མི་གཅིག་པའི་རྒྱལ་ཁབ་དང་སྲིད་དབང་དེའི་སྤྱི་ཚོགས་སློབ་གསོའི་ངོ་བོ་ཡང་ཐ་དད་ཡིན།

རིགས་དབྱེ།  

སློབ་གསོ་རིག་པ།

སློབ་གསོ་རིག་པ་ནི་སློབ་གསོའི་སྣང་ཚུལ་དང་དེ་དག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ཞིང། མིའི་རིགས་ཀྱི་འཚོ་བའི་ཁྲོད་རྒྱུན་འབྱམས་སུ་སོང་འདུག སློབ་གསོའི་སྣང་ཚུལ་དང་། སློབ་གསོའི་གནད་དོན་ལ་ཞིབ་འཇུག་བྱས་པར་བརྟེན་ནས་སློབ་གསོའི་སྤྱིར་བཏང་གི་ཆོས་ཉིད་གསེད་བཀྲོལ་བྱེད་པ་ཡིན། དུས་རབས19བའི་དུས་དཀྱིལ་གྱི་ཚུན་ལ། མར་ཁེ་སི་རིང་ལུགས་བྱུང་བ་དང་། ཉེ་རབས་ཀྱི་སེམས་ཁམས་རིག་པ་དང་ལུས་ཁམས་རིག་པའི་འཕེལ་རྒྱས་བཅས་ཀྱིས་ཚན་རིག་ཅན་གྱི་སློབ་གསོར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་གི་རྨང་བཏིངས་པ་རེད། དེང་རབས་ཀྱི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་། སློབ་གསོའི་ལག་ལེན་གྱི་རྒྱ་ཁྱབ་རང་བཞིན་དང་སྣ་འཛོམས་རང་བཞིན་གྱིས་སློབ་གསོ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། སློབ་གསོ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མིའི་རིགས་ཀྱི་སློབ་གསོའི་སྣང་ཚུལ་དང་གནད་དོན་གཉིས་ཡིན་པ་རེད།

རིགས་དབྱེ།  

རིག་གནས་སློབ་གསོ་རིག་པ།

རིག་གནས་སློབ་གསོ་རིག་པ་ལ་བསམ་པའི་ཚན་རིག་གི་སློབ་གསོ་རིག་པ་ཞེས་ཀྱང་ཟེར་ལ། དུས་རབས19པའི་དུས་མཇུག་ཏུ་འཇར་མན་དུ་བྱུང་བའི་སློབ་གསོ་རིག་པའི་གཞུང་ལུགས་ཤིག་ཡིན།

རིགས་དབྱེ།  

དངོས་སྤྱོད་རིང་ལུགས་ཀྱི་སློབ་གསོ་རིག་པ།

དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་འགོར་ཨ་རིར་དར་བའི་སློབ་གསོའི་བསམ་བློ་ཞིག་ཡིན་ཞིང་། དུས་རབས20པའི་འཛམ་བུ་གླིང་ཧྲིལ་བོའི་སློབ་གསོའི་གཞུང་ལུགས་ཞིབ་འཇུག་དང་སློབ་གསོའི་ལག་ལེན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རིགས་དབྱེ།  

སློབ་གསོ།

དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་འགུལ་སྐྱོད་ཅིག་ཡིན།

རིགས་དབྱེ།  

གདོད་མའི་སློབ་གསོ།

གདོད་མའི་སྤྱི་ཚོགས་སྐབས་ཀྱི་སློབ་གསོ་ཡིན་ལ། གདོད་མའི་སྤྱི་ཚོགས་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐོག་མ་ཡིན་ཞིང་། ཧ་ལམ་ལོ་ངོ་ས་ཡ་གཅིག་ལྷག་གི་དུས་ཡུན་རིང་བོ་བརྒྱུད་པ་ཡིན།

རིགས་དབྱེ།  

གནའ་རབས་སློབ་གསོ།

སློབ་གསོའི་བྱུང་འཕེལ་ཐད་དུ་གནའ་རབས་ཀྱི་སློབ་གསོ་དེ་བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སློབ་གསོ་ཡིན་པས་སྐབས་འདིའི་སློབ་གསོར་གྲལ་རིམ་གྱི་རང་བཞིན་ལྡན།

རིགས་དབྱེ།  

དེང་རབས་ཀྱི་སློབ་གསོ།

དེང་རབས་ཀྱི་སློབ་གསོར་སྤྱི་ཚོགས་ཀྱི་ངོ་བོ་གཏན་ནས་མི་འདྲ་བའི་མ་རྩ་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གཉིས་འདུ།

རིགས་དབྱེ།  

ལས་རིགས་ཀུན་སྤྱོད།

དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ནི་དགེ་རྒན་གྱི་ཀུན་སྤྱོད་གཤིས་རྒྱུད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་སློབ་གསོའི་བྱ་འགུལ་གྱིས་དགེ་རྒན་གྱི་བྱ་སྤྱོད་ལ་བཏོན་པའི་རེ་བའང་ཡིན་ཏེ། དགེ་རྒན་གྱི་ལས་ཀའི་འབྲས་བུའི་བཟང་ངན་དེ་དགེ་རྒན་རང་ཉིད་ཀྱི་ཤེས་ཡོན་དང་། ནུས་པ། ལས་རིགས་ཀུན་སྤྱོད་སོགས་ཀྱིས་ཐག་གཅོད་པ་ཡིན། གཙོ་བོ་སློབ་གསོའི་བྱ་གཞག་དང་། སློབ་མ། དགེ་རྒན་གྱི་ཚོགས་པ། རང་ཉིད་སོགས་ལ་འཛིན་པའི་ལྟ་སྟངས་དེ་སློབ་གསོའི་ལག་ལེན་ཁྲོད་དུ་མངོན་པ་ཡིན།

རིགས་དབྱེ།  

ལུས་ཉམས་བཟོ་ལྟ།

དགེ་རྒན་གྱིས་རང་གི་ཡོན་ཏན་དང་ཕུགས་བསམ། བློ་རིག ཀུན་སྤྱོད། བསམ་ཚུལ། འདུན་པ་བཅས་ཀྱིས་སློབ་མར་སློབ་གསོ་དང་བག་ཆགས་འཇོག་པ་ལས་གཞན། ཁོའི་བཟོ་ལྟ་དང་རྣམ་འགྱུར་ལའང་སློབ་གསོའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

དགེ་སློབ་ཀྱི་འབྲེལ་བ།

དགེ་རྒན་དང་སློབ་མ་ནི་སློབ་གསོའི་བརྒྱུད་རིམ་ཁྲོད་ཀྱི་གྲུབ་ཆ་ཆེས་གཙོ་བོ་ཡིན་ཏེ། དེ་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པས། ང་ཚོས་སློབ་གསོའི་བརྒྱུད་རིམ་ཁྲོད་ཀྱི་དགེ་རྒན་དང་སློབ་མའི་གོ་གནས་དང་ནུས་པ་ཤེས་པར་མ་ཟད། ང་ཚོས་དགེ་སློབ་བར་གྱི་འབྲེལ་བ་ལེགས་པོ་འཛུགས་དགོས་པ་ནི་སློབ་གསོའི་བྱ་འགུལ་བདེ་བླག་ཏུ་སྤེལ་པ་དང་སློབ་གསོའི་འོས་འགན་ལེགས་པོར་འགྲུབ་པའི་གནད་འགག་ཡིན།

རིགས་དབྱེ།  

ཀུན་སྤྱོད་སློབ་གསོ།

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་འོས་འགན་ནི་སློབ་མར་དངོས་གཙོ་རྩོད་སྒྲུབ་རིང་ལུགས་ཀྱི་བསམ་པའི་ལྟ་བ་འཛུགས་པ་དང་གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་གཤིས་རྒྱུད་ཆགས་པར་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

ཤེས་རིག་སློབ་གསོ།

སློབ་གསོ་མྱོང་མཁན་ལ་མིའི་རིགས་ཀྱི་ཤུལ་བཞག་གི་ཚན་རིག་རིག་གནས་ཀྱི་ཤེས་བྱ་དང་ནུས་རྩལ་སོགས་སྤེལ་བ་དང་། སློབ་གསོ་མྱོང་མཁན་གྱི་བློ་སྟོབས་འཕེལ་རྒྱས་སུ་གཏོང་བ། བློ་གྲོས་ཀྱི་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་སློབ་གསོ་ཞིག་ཡིན།

རིགས་དབྱེ།  

ལུས་རྩལ་སློབ་གསོ།

སློབ་མར་ལུས་རྩལ་དང་། འཕྲོད་བསྟེན། བདེ་ཐང་བཅས་ཀྱི་ཤེས་བྱ་དང་ནུས་རྩལ་འཁྲིད་པ་དང་། འགུལ་སྐྱོད་ནུས་ཤུགས་དང་གཙང་སྦྲ་བྱེད་པའི་གོམས་གཤིས་སོགས་སྐྱེད་སྲིང་བྱས་ནས། ལུས་ཕུང་བདེ་ཐང་ངང་འཚར་ལོངས་འོང་བར་བསྐུལ་བའི་སློབ་གསོ་ཞིག་ཡིན་ཞིང་། སློབ་མ་རྣམས་ཕྱོགས་ཡོངས་ནས་ཡར་སྐྱེད་འོང་བར་སློབ་གསོ་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། དེར་སློབ་གྲྭའི་ལུས་རྩལ་སློབ་གསོ་དང་འཕྲོད་བསྟེན་བདེ་སྲུང་སྟེ་ཕྱོགས་གཉིས་འདུ། སློབ་གྲྭའི་ལུས་རྩལ་སློབ་གསོ་ནི་ལུང་ཕུང་འགུལ་སྐྱོད་ལ་བརྟེན་ནས་སློབ་མའི་ལུས་ཕུང་ཇེ་བཟང་དུ་གཏོང་བ་དང་། འཕྲོད་བསྟེན་དེ་བདེ་སྲུང་དང་སྨན་བཅོས་ལ་བརྟེན་ནས་སློབ་མའི་བདེ་ཐང་སྲུང་བ་དེ་ཡིན།

རིགས་དབྱེ།  

སློབ་གྲྭའི་ལུས་རྩལ་སློབ་གསོ།

སློབ་གྲྭའི་ལུས་རྩལ་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི་ལུས་རྩལ་སློབ་གསོ་དར་བའི་རྨང་གཞིའང་ཡིན། སློབ་གྲྭའི་སློབ་གསོའི་དམིགས་ཡུལ་དང་འོས་འགན། སློབ་མའི་ན་ཚོད་སོགས་གཞི་རྩ་བྱས་ནས་ཐག་བཅད་པ་ཡིན།

རིགས་དབྱེ།  

མཛེས་རྩལ་སློབ་གསོ།

སློབ་མ་ཚོར་མཛེས་དཔྱོད་ལྟ་བ་ཡང་དག་པ་ཆགས་པ་དང་། མཛེས་སྡུག་ཉམས་སུ་མྱོང་བ་དང་། མཛེས་སྡུག་གསར་སྐྲུན་བྱེད་པའི་སློབ་གསོ་ཞིག་ཡིན་ལ། དེ་གཙོ་བོ་རང་བྱུང་ཁམས་དང་། འཚོ་བ། སྒྱུ་རྩལ་སོགས་ཕྱོགས་མང་པོའི་མཛེས་དཔྱོད་བྱ་འགུལ་བརྒྱུད་ནས་སློབ་མར་སློབ་གསོ་གཏོང་བ་དེ་ཡིན།

རིགས་དབྱེ།  

སློབ་གསེང་བྱ་འགུལ།

སློབ་གྲྭས་སློབ་གསེང་གི་སྐབས་སུ་སློབ་མ་ཚོར་དམིགས་ཡུལ་ཡོད་པ་དང་རྩ་འཛུགས་ཡོད་པའི་སྒོ་ནས་སློབ་གསོའི་བྱ་འགུལ་དོན་སྙིང་ལྡན་པ་སྣ་ཚོགས་སྤེལ་བའི་སློབ་གསོའི་བྱེད་སྒོ་ཞིག་ཡིན་ཏེ། སྒྲ་ཡངས་འཇུག་ནི་སློབ་གྲྭ་དང་། སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོའི་ལས་ཁུངས། ཁྱིམ་ཚང་བཅས་ཀྱིས་གུང་གསེང་གི་སྐབས་སུ་རྩ་འཛུགས་བྱེད་པའི་སློབ་གསོའི་བྱ་འགུལ་ཞིག་ཡིན། སྒྲ་དོག་འཇུག་ནི་སློབ་གྲྭས་སློབ་གསེང་གི་སྐབས་རྩ་འཛུགས་བྱས་པའི་སློབ་གསོའི་བྱ་འགུལ་ལ་ཟེར་ཤིང་། འདིར་གླེང་བཞིན་པ་ནི་སྒྲ་དོག་འཇུག་གི་སློབ་གསོའི་བྱ་འགུལ་ཡིན།

རིགས་དབྱེ།  

འོས་འགན་སློབ་གསོ།

བཅའ་ཁྲིམས་ཀྱིས་ཐག་བཅད་པ་ལྟར། སློབ་ལོ་རན་པའི་བྱིས་པ་དང་ན་ཆུང་ཚོས་ངེས་པར་དང་ལེན་བྱ་དགོས་ཤིང་། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ཀྱིས་ངེས་པར་ཁག་ཐེག་བྱ་དགོས་པའི་རྒྱལ་དམངས་སློབ་གསོ་ཞིག་ཡིན། མིག་སྔར་རང་རྒྱལ་གྱིས་སློབ་ཆུང་དང་དམའ་འབྲིང་གི་སློབ་ལུགས“ལོ་དྲུག་དང་གསུམ”ཅན་དང“ལྔ་དང་བཞི”ཅན། “ལོ་ལྔ་དང་གསུམ”ཅན། “ལོ་དགུ་རྒྱུན་མཐུད”ཅན་བཅས་མཉམ་དུ་གནས་ཡོད་ལ། འདི་ནི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་དང་མཐུན་པས་འོས་འཚམ་ཡིན།

རིགས་དབྱེ།  

སློབ་གསོའི་སྒྲིག་སྲོལ་བཅོས་སྒྱུར།

རྒྱལ་ཁབ་ཅིག་གི་ཆབ་སྲིད་དང་། དཔལ་འབྱོར། ཐོན་སྐྱེད་ནུས་ཤུགས་བཅས་ཀྱི་འཕེལ་རྒྱས་དང་སློབ་གསོའི་དམིགས་ཡུལ་ལག་བསྟར་བྱ་བ་སོགས་ཀྱི་དགོས་མཁའི་དབང་གིས་བཙུགས་པའི་སློབ་གསོའི་རྩ་འཛུགས་ཀྱི་མ་ལག་ཆ་ཚང་ཞིག་ཡིན་ལ། རང་རྒྱལ་དེང་སྐབས་ཀྱི་སློབ་གསོ་ཡིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ངེས་པར་ཞབས་འདེགས་ཞུ་དགོས། གལ་ཏེ་སློབ་གསོའི་སྒྲིག་སྲོལ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་ལམ་ལུགས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་དགོས་མཁོར་མ་བསྟུན་ཚེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དེ་སློབ་གསོར་བརྟེན་དགོས་པས་ང་ཚོས་སློབ་གསོའི་སྒྲིག་སྲོལ་ངེས་པར་བཅོས་སྒྱུར་བྱ་དགོས།

རིགས་དབྱེ།  

སློབ་གསོའི་ལམ་ལུགས།

རྒྱལ་ཁབ་ཀྱིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་རང་བཞིན་དང་། འོས་འགན། དོ་དོམ་གྱི་རྩ་འཛུགས་ལམ་ལུགས། སློབ་གསོའི་སྒྲིག་གཞི། སྐྱེད་སྲིང་དམིགས་འབེན། སློབ་གྲྭར་ཞུགས་པའི་ཆ་རྐྱེན། སློར་གཉེར་གྱི་དུས་ཡུན་སོགས་དང་དེ་དག་བར་གྱི་འབྲེལ་བ་བཅས་ཐག་གིས་གཅོད་པ་རེད། སློབ་གྲྭའི་སློབ་གསོའི་ལམ་ལུགས་ལ་བྱིས་གཉོར་ཁང་། སློབ་ཆུང་། སློབ་འབྲིང་། ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ། དགེ་རྒན་གསབ་སྦྱོང་འཛིན་གྲྭ། རིགས་སོ་སོའི་ཆེད་ལས་ལག་རྩལ་འཛིན་གྲྭ། ལས་ཞོར་སློབ་གྲྭ་དག་གི་སློབ་གསོའི་ལམ་ལུགས་འདུ།

རིགས་དབྱེ།  

སློབ་ཁྲིད་ཀྱི་རྩ་འཛིན།

སློབ་ཁྲིད་ཀྱི་འཆར་གཞི་གཞིར་བཟུང་ནས་སློབ་ཚན་རྒྱས་བསྡུས་འབྲིང་གསུམ་གྱི་ཁྲིད་ཚུལ་གཏན་འཁེལ་ཡོད་པ་ཞིག་ཡིན་སྟེ། ལས་འགན་དང་དངོས་སྦྱོང་། ཚོད་ལྟ། བསྐྱར་སྦྱོང་སློབ་ཁྲིད་ཀྱི་དུས་ཚོད་ཆ་བགོས་བྱས་པའི་རྩ་འཛིན་ཡོད་པ་ལ་ཟེར།

རིགས་དབྱེ།  

སློབ་ཁྲིད་ཀྱི་འཆར་གཞི།

སློབ་ཁྲིད་ཀྱི་གོ་རིམ་དང་དུས་ཚོད་སོགས་འཁོད་པའི་ཡིག་ཆ་ཞིག་སྟེ་སློབ་གྲྭ་དང་ཆེད་ལས་ཀྱི་ངོ་བོ་ལྡན་པའི་ལས་འགན་ཁག སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས། སློབ་ཚན་ཁག་གི་སློབ་ཁྲིད་དུས་ཚོད་དང་རྒྱུགས་ལེན། སློབ་གྲྭ་ཐོན་པའི་ཡིག་ཚད་སོགས་སློབ་གྲྭ་དེའི་བྱ་རིམ་ཆ་ཚང་བ་རྣམས་དུས་དང་ཁག་བགོས་ནས་གཏན་འཁེལ་བྱས་པ་དེ་ཡིན།

རིགས་དབྱེ།  

སློབ་ཁྲིད་ཟིན་བྲིས།

སློབ་ཁྲིད་ཀྱི་རྩ་འཛིན་གཞིར་བཟུང་ནས་དགེ་རྒན་སོ་སོས་བྲིས་པའི་སློབ་ཁྲིད་ཟིན་བྲིས་ཞིག་སྟེ། སློབ་ཁྲིད་ཀྱི་ནང་དོན་དང་བརྒྱུད་རིམ། བྱེད་ཐབས་སོགས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་སྤྱོ་སྒོ་ཅན་གྱི་དཔེ་ཆ་ཞིག་ཡིན།

རིགས་དབྱེ།  

སློབ་ཁྲིད་བྱེད་ཐབས།

མཛུབ་སྟོན་བསམ་བློ་དང་རྩ་བའི་ཐབས་ལམ། ཐབས་ལམ་དངོས། སློབ་ཁྲིད་ཀྱི་རྣམ་པ་བཅས་བཞི་ཡིས་གྲུབ་པ་ཡིན་ལ། དེའི་ནང་དུ་དགེ་རྒན་གྱི་ཁྲིད་ཐབས་དང་སློབ་མའི་སློབ་ཐབས་གཉིས་འདུ་ལ། དེ་ནི་ཁྲིད་ཐབས་དང་སློབ་ཐབས་གཉིས་ཀྱི་གཞི་གཅིག་འདུས་ཡིན། ཁྲིད་ཐབས་ནི་སློབ་ཐབས་ལས་བྱུང་བ་ཡིན་ལ་གཙོ་ཁྲིད་ཀྱི་གོ་གནས་ཡང་ཟིན་དགོས།

རིགས་དབྱེ།  

སློབ་ཁྲིད་ཡོ་བྱད།

དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་བཀོལ་སྤྱོད་བྱེད་དགོས་པའི་དཔེ་དབྱིབས་དང་མཚོན་རིས་སོགས་ཡོ་བྱད་དངོས་པོའི་རིགས་ལ་གོ

རིགས་དབྱེ།  

སློབ་ཁང་།

དགེ་རྒན་གྱིས་སློབ་མར་ཤེས་བྱ་འཁྲིད་སའི་གནས་ཡིན་ལ། དེ་ལ་ཁྲིད་སྟེགས་དང་སྒོ་སམ། སློབ་མའི་འདུག་སྟེགས་བཅས་ཡོད། མདུན་ཕྱོགས་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་ས་དང་དེའི་ཞོལ་ནི་སློབ་མས་སློབ་ཁྲིད་ལ་ཉན་ས་དང་སློབ་སྦྱོང་བྱེད་ས་ཡིན།

རིགས་དབྱེ།  

མཐའ་དཔྱོད་སློབ་གསོ་རིག་པ།

མཐའ་དཔྱོད་སློབ་གསོ་རིག་པའི་ཚབ་མཚོན་མི་སྣར་ཕའོ་ལོ•ཧྥུ་རུའེ་ཨར(Paulo Freire)དང་། ཨ་ཕུའུ་ཨེར། པའོ་ཨེར་སི། ཁིན་ཏེ་སི། ཅི་ལུའུ། ཧྥ་རན་སིའི་པུའུ་ཨུ་ཏི་ཨེར་སོགས་ཡོད་ཅིང་། ཚབ་མཚོན་བརྩམས་ཆོས་ལ་ཕའོ་ལོ•ཧྥུ་རུའེ་ཨར་གྱི《གཉའ་གནོན་བྱ་ཡུལ་གྱི་སློབ་གསོ་རིག་པ》ཞེས་པ་དེ་ཡིན།

རིགས་དབྱེ།  

སློབ་ཁྲིད་རྩ་དོན།

དགེ་རྒན་གྱིས་འཁྲིད་པ་དང་སློབ་མས་སློབ་པའི་ཐད་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་བྱ་བའི་ཁག་ཐེག་ཡིན་ལ། དགེ་རྒན་གྱིས་སློབ་ཁྲིད་སྐབས་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་རྩ་དོན་ཡིན་པས། དེས་སློབ་ཁྲིད་བརྒྱུད་རིམ་ཐད་ཀྱི་དངོས་ཡོད་ཆོས་ཉིད་མངོན་པར་མཚོན་ཞིང་སློབ་ཁྲིད་ལག་ལེན་ཡུན་རིང་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་ཤིག་ཀྱང་ཡིན།

རིགས་དབྱེ།  

ངེས་སྦྱོང་།

བསླབ་ཚན་གསར་བའི་བཅོས་སྒྱུར་ཁྲོད་ཀྱི་མིང་ཚིག་གསར་བ་ཞིག་ཡིན་ལ། བསླབ་ཚན་སྒྲིག་གཞིའི་ཁྲོད་ཀྱི་བསླབ་ཚན་རིགས་གཅིག་ཡིན།

རིགས་དབྱེ།  

འདེམ་སྦྱོང་།

བསླབ་ཚན་གསར་བའི་བཅོས་སྒྱུར་ཁྲོད་ཀྱི་མིང་ཚིག་གསར་བ་ཞིག་ཡིན་ལ། བསླབ་ཚན་སྒྲིག་གཞིའི་ཁྲོད་ཀྱི་བསླབ་ཚན་རིགས་གཅིག་ཡིན།

རིགས་དབྱེ།  

སློབ་གསོ་རིག་པ།  བརྡ་འགྲེལ 299 ཡོད།