སྤྱི་ཚོགས་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་སློབ་གསོ།
སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ་གསུམ་ནི་སློབ་གསོའི་ལོ་རྒྱུས་ཐོག་གི་གྲུབ་ཆ་གསུམ་ཡིན་པ་དང་། དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་ཆོས་རེ་ཡོད། སྤྱི་ཚོགས་སློབ་གསོ་ཟེར་བ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་བའི་ཆོས་ཉིད་ལ་བྱ་འགུལ་སྣ་ཚོགས་བརྒྱུད་ནས་སློབ་གསོའི་ཤུགས་རྐྱེན་འཇོག་པ་དེ་འདྲ་ཞིག་ཡིན། དེ་ལ་ནང་གསེས་གཉིས་ཡོད་དེ། གཅིག་ནི་སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན་པ་དང་། གཞན་ཞིག་ནི་སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན། སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་རྒྱས་ལ་ཤུགས་རྐྱེན་འཇོག་པའི་སློབ་གསོ་ལ་གོ་ཞིང་། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་མ་གཏོགས་པའི་རིག་གནས་སློབ་གསོ་ཡིས་རྒན་དར་གཞོན་གསུམ་ལ་སློབ་གསོ་གཏོང་བའི་བྱ་འགུལ་རིགས་སྣ་ཚོགས་ལ་བརྗོད་པ་ཡིན། དེང་རབས་ཅན་གྱི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོར་ཁ་གསབ་བྱེད་པའི་སློབ་གསོ་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ལམ་ལུགས་མི་གཅིག་པའི་རྒྱལ་ཁབ་དང་སྲིད་དབང་དེའི་སྤྱི་ཚོགས་སློབ་གསོའི་ངོ་བོ་ཡང་ཐ་དད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会教育
ཁྱབ་ཁོངས།
སློབ་གསོ་རིག་པ།
སྒྲ་དོག་འཇུག
སློབ་གྲྭའི་སློབ་གསོ་ལས་འདས་པའི་རིག་གནས་སློབ་གསོ་མཐའ་དག
སྒྲ་ཡངས་འཇུག
མིའི་ལུས་སེམས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་འཇོག་པའི་སློབ་གསོ་མཐའ་དག
གོ་གནས།
སློབ་གྲྭའི་སློབ་གསོ་ཡི་ཁ་གསབ་གལ་ཆེན་ཞིག་ཡིན།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ཚོགས་སློབ་གསོའི་རྩ་བའི་གོ་དོན་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་སུ་དབྱེ་ཡོད། སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་མི་སྐྱེད་སྲིང་བྱེད་པ་དང་། མིའི་ལུས་སེམས་འཕེལ་རྒྱས་འབྱུང་བར་ཕན་པའི་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ལ་བརྗོད་པ་ཡིན། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭ་དང་ཁྱིམ་ཚང་ལས་འདས་པའི་སྤྱི་ཚོགས་རིག་གནས་སྡེ་ཁག་དང་འབྲེལ་ཡོད་སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་སོགས་ཀྱིས་སྤྱི་ཚོགས་ཀྱི་ཁོངས་མི་ལ་སྤེལ་བའི་སློབ་གསོ་ལ་བརྗོད་པའོ། །

2 འཕེལ་རིམ།
2_1 རྒྱལ་ཕྱི།

སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སྒྲ་ཡངས་འཇུག་གི་སློབ་གསོ་དང་ཕལ་ཆེར་ཁྱད་པར་མི་འདུག  སློབ་གསོའི་ལོ་རྒྱུས་སྟེང་གི་ཆེས་སྔ་མོའི་སློབ་གསོའི་འགན་ནུས་ནི་སྤྱི་ཚོགས་སློབ་གསོ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཡིན། གདོད་མའི་སྤྱི་ཚོགས་སུ་ཁྱིམ་ཚང་དངོས་སུ་མ་གྲུབ་སྔོན་ལ་གཞོན་རབས་པའི་སློབ་གསོ་ནི་རུས་རྒྱུད་ཀྱི་ཁོངས་མི་ཡོངས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད། རུས་རྒྱུད་ཀུང་ཧྲེའི་ཁོངས་མིས་ཕན་ཚུན་ལ་ཁ་བཤད་དཔེ་སྟོན་ནམ་ཡང་ན་ཉམས་མྱོང་མོད་པོའི་རྒན་རབས་པས་གཞོན་པ་རྣམས་ལ་ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་ཁྲིད་པའི་རྣམ་པ་བརྒྱུད་ནས་སྤེལ་བ་ཡིན། དེའི་རྗེས་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་བྱུང་བ་ནས་སློབ་གྲྭའི་སློབ་གསོ་བྱུང་བ་དང་བསྟུན་ནས། སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་དེ་རིམ་གྱིས་ཁེར་ཚུགས་ཀྱི་སློབ་གསོའི་རྣམ་པ་གསུམ་གྲུབ་པ་སྟེ། སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་བཅས་གྲུབ།

ནུབ་ཕྱོགས་ཀྱི་སློབ་གསོ་རིག་པ་བ་ལ་ལས་བཞེད་པ་ལྟར་ན། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་དུས་རབས16-18བར་དུ་བྱུང་བ་ཡིན་མོད། དུས་རབས19ཡར་སྔོན་དུ་འཕེལ་རྒྱས་ཀྱི་འགྲོས་ཧ་ཅང་དལ་ལ། དུས་རབས19བ་དང་། ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་།

2_2 རྒྱལ་ནང་།

ཀྲུང་གོའི་ཉེ་རབས་ཀྱི་སྤྱི་ཚོགས་སློབ་གསོ་ནི་དུས་རབས་ཉི་ཤུ་བའི་དུས་འགོ་ནས་འཕེལ་རྒྱས་བྱུང་བ་སྟེ། 1909ལོར་སྟབས་བདེའི་སློབ་གྲྭ་དངོས་སུ་བཙུགས་པར་མ་ཟད། བཟོ་བའི་ཉིན་ཕྱེད་ཀྱི་སློབ་གྲྭ་དང་ཞིང་བའི་ལས་གསེང་གི་ཟབ་སྦྱོང་འཛིན་གྲྭ། ལྟ་ཀློག་ཁང་སོགས་བཙུགས་པ་རེད། 1911ལོའི་ལྕགས་ཕག་ལོའི་གསར་བརྗེ་ཡི་རྗེས་སུ། ཀྲུང་གོའི་མི་སེར་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡིས་སྤྱི་ཚོགས་སློབ་གསོ་གླིང་བཙུགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སློབ་གསོ་པུའུ་ཡིས་སྤྱི་ཚོགས་སློབ་གསོ་གླིང་བཙུགས་ནས་སྤྱི་ཚོགས་སློབ་གསོའི་བྱ་བ་གཙོ་གཉེར་བྱས་ཤིང་། སྐབས་དེའི་སྤྱི་ཚོགས་སློབ་གསོའི་འགན་འཁྲི་ནི་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ་དྲིལ་སྒྲོག་དང་། ཀྲུང་གོ་གུང་ཁྲན་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག ཚན་རིག་རིག་གནས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ། མང་ཚོགས་རང་བཞིན་གྱི་རིག་རྩལ་དང་ལུས་རྩལ་བྱ་འགུལ་སྤེལ་བ་སོགས་ཀྱི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་ཡིན།

1950ལོའི་ཟླ6པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་ཁང་གིས《ལས་བཟོ་བའི་ལས་ཞོར་སློབ་གསོ་སྤེལ་བའི་སྐོར་གྱི་མཛུབ་སྟོན》ཞེས་པ་ཁྱབ་བསྒྲགས་བྱས་པའི་ཚུན་ལ། སྤྱི་ཚོགས་སློབ་གསོ་ལ་གྲུབ་འབྲས་ཚར་དུ་དངར་བ་ཐོན་པ་སྟེ། 1949ལོར། རྒྱལ་ཡོངས་སུ་རིག་གནས་ཁང896དང་། སྤྱི་བའི་དཔེ་མཛོད་ཁང55། དངོས་མང་བཤམས་སྟོན་ཁང21ཡོད་ལ། 1983ལོར། རྒྱལ་ཡོངས་སུ་རིག་གནས་ཁང2946དང་། སྤྱི་བའི་དཔེ་མཛོད་ཁང2038། དངོས་མང་བཤམས་སྟོན་ཁང467བཅས་ལྡབ་ལྷག་གིས་མང་དུ་ཕྱིན།

དེང་རབས་ཀྱི་སྤྱི་ཚོགས་སུ་ཚན་རིག་ལག་རྩལ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བའི་རྐྱེན་གྱིས། ཤེས་བྱའི་བརྗེ་སྤོར་གྱི་ཚད་ཇེ་མགྱོགས་དང་ལས་རིགས་ཀྱི་བླང་བྱ་ཇེ་མཐོར་སོང་བས། སློབ་གྲྭའི་སློབ་གསོ་ཁོ་ན་ལ་བརྟེན་པ་ཡིས་སྤྱི་ཚོགས་ཀྱི་མཁོ་འདོད་ལ་བསྟུན་དཀའ་བར་གྱུར་བས། སྤྱི་ཚོགས་སློབ་གསོ་དེ་དེང་རབས་ཀྱི་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མྱུར་དུ་འཕེལ་རྒྱས་བྱུང་།

3 ནུས་པ།

དེང་རབས་ཀྱི་སྤྱི་ཚོགས་སློབ་གསོ་ལ་སློབ་གསོའི་རྣམ་པ་གཞན་ལས་ལྷག་པའི་དམིགས་བསལ་གྱི་ནུས་པ་ཡོད་པ་སྟེ།

གཅིག  སྤྱི་ཚོགས་སློབ་གསོ་ནི་ཐད་ཀར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པར་མ་ཟད། སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར་རྒྱབ་ལྗོངས་སུ་བྱས་ཤིང་། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ལས་ཁོངས་རྒྱ་ཡངས་པའི་བྱ་འགུལ་སྤེལ་གནས་ཡོད་ལ། ཤན་ཤུགས་བཟོ་བའི་ངོས་ལྷག་ཏུ་ཆེ་བ་དང་། སྤྱི་ཚོགས་ཧྲིལ་བོར་མཐུན་རྐྱེན་ལྷག་ཏུ་བསྐྲུན་ཐུབ།

གཉིས། སྤྱི་ཚོགས་སློབ་གསོས་སློབ་གྲྭ་དང་ན་གཞོན་རྣམས་ལ་གདོང་གཏད་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་དར་མའི་ངལ་རྩོལ་བ་རྣམས་ལའང་གདོང་གཏད་ཡོད། དེ་བས་སློབ་གྲྭའི་སློབ་གསོའི་མི་འདང་སར་ཁ་གསབ་བྱེད་ཐུབ་པའི་ཁར། དར་མས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་རེ་བའང་བསྐོང་ཐུབ་པས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཅིང་། ཆབ་སྲིད་དང་ཀུན་སྤྱོད་སློབ་གསོ་བརྒྱུད་ནས་སྤྱི་ཚོགས་བརྟན་བརླིང་དང་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་ཐུབ།

གསུམ། སྤྱི་ཚོགས་སློབ་གསོའི་རྣམ་པ་སྣ་མང་ཞིང་ལམ་ལུགས་ཅན་གྱི་སློབ་གསོའི་ཚོད་བཀག་རང་བཞིན་ཡང་མེད། སྤྱི་ཚོགས་སློབ་གསོ་ལ་གྲལ་རིམ་དང་། གོ་གནས། ལོ་གྲངས། ཉམས་མྱོང་སོགས་ཀྱི་ཚོད་བཀག་ཐེབས་མེད་པས། སློབ་གསོའི་དམངས་གཙོའི་རང་བཞིན་ལེགས་པོར་མཚོན་ཐུབ།

བཞི། དེང་རབས་ཀྱི་མིའི་འཚར་ལོངས་བྱུང་ཡུལ་ནི་སློབ་གྲྭ་ཁོ་ན་མ་ཡིན་པས། སྤྱི་ཚོགས་ཀྱི་ལག་ལེན་དང་ངེས་པར་ཟུང་དུ་སྦྲེལ་དགོས།

མདོར་བསྡུས་ན་སྤྱི་ཚོགས་སློབ་གསོ་དེ་དེང་རབས་ཀྱི་སྤྱི་ཚོགས་སུ་ལྷག་པར་གལ་ཆེ་བར་མཐོང་ལ། དེང་རབས་ཀྱི་སྤྱི་ཚོགས་སློབ་གསོའི་མ་ལག་གི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་ཆགས།

4 ལས་ཁུངས།

ཀྲུང་གོར་སྤྱི་ཚོགས་སློབ་གསོའི་ལས་ཁུངས་ལ་གཙོ་བོ་གཤམ་གསལ་གྱི་རིགས་འགའ་ཡོད་པ་སྟེ།

རིག་གནས་ཁང་། (ས་ཚིགས)

རིག་གནང་ཁང་ནི་རྫོང་དང་རྫོང་རིམ་པས་བཙུགས་པའི་སྤྱི་ཚོགས་རིག་གནས་དོན་ལས་ལས་ཁུངས་ཤིག་ཡིན། རྫོང་རིམ་པའི་མན་ལ་རིག་གནས་ས་ཚིགས་ཟེར། རིག་གནས་ཁང་དང་རིག་གནས་ས་ཚིགས་ནི་མི་དམངས་སྲིད་གཞུང་གིས་མང་ཚོགས་རིག་གནས་ཀྱི་བྱ་བ་སྤེལ་བ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཆེད་བཙུགས་པའི་དོན་ལས་ལས་ཁུངས་ཡིན།

གཞོན་ནུའི་ཕོ་བྲང་།

གཞོན་ནུའི་ཕོ་བྲང་ནི་ན་གཞོན་དང་བྱིས་པའི་རིག་གནས་འཚོ་བའི་དགོས་མཁོ་སྣ་ཚོགས་བསྐོང་བའི་ཆེད་དུ་བཙུགས་པའི་ན་གཞོན་དང་བྱིས་པའི་སློབ་ཕྱིའི་སློབ་གསོ་སྡེ་ཁག་ཅིག་ཡིན།

དཔེ་མཛོད་ཁང་།

དཔེ་མཛོད་ཁང་ནི་དཔེ་དེབ་ཀྱི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་དང་། བདག་གཉེར། བེད་སྤྱོད་བྱས་ཏེ་སྤྱི་ཚོགས་ཆབ་སྲིད་དང་དཔལ་འབྱོར་ལ་ཞབས་ཞུ་བསྒྲུབ་པའི་རིག་གནས་སློབ་གསོའི་སྡེ་ཁག་ཅིག་ཡིན།

དངོས་མང་བཤམས་སྟོན་ཁང་།

དེ་ནི་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་ཀྱི་དངོས་རྫས་དང་རང་བྱུང་དམར་དཔེ་བཤམས་སྟོན་དང་བསྡུ་ཉར། ཞིབ་འཇུག་བྱེད་པའི་རིག་གནས་སློབ་གསོའི་དོན་ལས་ལས་ཁུངས་ཤིག་ཡིན་ལ། སྤྱི་ཚོགས་ཀྱི་དམངས་ཡོངས་སློབ་གསོ་སྤེལ་ཡུལ་དུ་བྱས་ཡོད་པ་རེད།

དྲན་རྟེན་ཁང་།

དེ་ནི་གསར་བརྗེ་དོན་ཆེན་ནམ་ཡང་ན་མཛད་རྗེས་ཆེན་པོ་བཞག་པའི་ལོ་རྒྱུས་མི་སྣ་ལ་རྗེས་དྲན་བྱེད་པའི་རིག་གནས་སློབ་གསོའི་དོན་ལས་ལས་ཁུངས་ཤིག་ཡིན།

རྒྱང་སྒྲོག་ཁང་དང་བརྙན་འཕྲིན་ཁང་།

རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཆར་གཞི་ཡོད་པའི་སྒོ་ནས་ཆེད་སྒྲིག་ལེ་ཚན་སྒྲོག་གཏོང་བྱས་ཏེ་སློབ་གསོ་གཏོང་བ་ཞིག་ཡིན་ཞིང་། དེང་རབས་ཅན་གྱི་ལས་ཞོར་སློབ་གསོའི་བྱེད་ཐབས་ནུས་ལྡན་ཞིག་ཡིན།

5 རིགས་དབྱེ།

སྤྱི་ཚོགས་ཀྱིས་སྤེལ་བའི་རྣམ་པ།

སྤྱི་ཚོགས་སློབ་གསོའི་རིགས་འདི་ནི་སློབ་གྲྭ་མ་ཡིན་པའི་སྤྱི་ཚོགས་ལས་ཁུངས་ཀྱིས་སྤེལ་བ་ཡིན་ཏེ། གཞོན་ནུ་དང་ལོ་ཆུང་གི་སློབ་གསོ་ལས་ཁུངས་དང་དར་མའི་སློབ་གསོ་ལས་ཁུངས་བཅས་འདུ།

སྤྱི་ཚོགས་ཀྱི་ཆེད་དུ་རྩ་འཛུགས་བྱས་པའི་སློབ་གསོའི་བྱ་འགུལ་ལས་གཞན་སྤྱི་ཚོགས་ཀྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་སྤྱི་ཚོགས་སློབ་གསོའི་འགན་འཁུར་བཞིན་ཡོད་པ་སྟེ། དཔེར་ན། ཚགས་དེབ་དང་། དཔེ་དེབ། དཔེ་མཛོད་ཁང་། རྒྱང་སྒྲོག  བརྙན་འཕྲིན། གློག་བརྙན་སོགས།

སློབ་གྲྭས་སྤེལ་བའི་རྣམ་པ།

སྤྱི་ཚོགས་སློབ་གསོ་ལ་ལ་ནི་སློབ་གྲྭའི་ནུས་པ་འདོན་བཞིན་ཡོད་ཅིང་། སློབ་གྲྭས་འགན་འཁུར་ནས་སྤེལ་བཞིན་ཡོད་པ་སྟེ། དཔེར་ན་འཕྲིན་བརྒྱུད་སློབ་ཁྲིད་དང་དུས་དེབ་བརྒྱུད་ཁྲིད། ཡིག་རྨོངས་སེལ་བ། ལས་རིགས་སྦྱོང་བརྡར་འཛིན་གྲྭ་སྣ་ཚོགས། ཚན་རིག་སྙན་ཞུ་དང་དཔེ་ཁྲིད་སོགས།

6 ཁྱད་ཆོས།

སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་འདྲ་ཞིང་། ཁྱིམ་ཚང་སློབ་གསོ་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ།

གཅིག  ཚེ་གང་བོའི་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོ་ནི་མི་གང་དང་གང་ལ་མཚོན་ནའང་ཚེ་གང་བོར་མྱོང་དགོས་པ་ཞིག་ཡིན།

གཉིས། ཁེབས་རྒྱ་ཡངས་པའི་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོ་ནི་སྤྱི་ཚོགས་འཚོ་བའི་ཁོང་གསེབ་རེ་རེར་འདྲེས་ཡོད་པ་ཞིག་ཡིན།

གསུམ། རིམ་བཀར་རང་བཞིན་ཏེ། མིའི་ལོ་ཚོད་ལྟར་བཀར་ན། བུས་པ་ནས། སློབ་ཆུང་དང་སློབ་འབྲིང་། སློབ་ཆེན། དར་མ་བཅས་སུ་བཀར་ཡོད་ཅིང་། མིའི་ཐོབ་ཐང་དང་ལས་རིམ་ལྟར་བཀར་ན། ཀྲུང་དབྱང་རིམ་པ་དང་། ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ། རྫོང་རིམ་པ་སོགས་ཡོད།

བཞི། སྣ་མང་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོའི་སྣ་མང་རང་བཞིན་ནི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན།

ལྔ། འགྱུར་བག་ཆེ་བའི་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོའི་འགྱུར་བག་ཆེ་བའི་རང་བཞིན་གྱིས་སྤྱི་ཚོགས་སློབ་གསོའི་རྙོག་འཛིང་རང་བཞིན་མངོན་པར་མཚོན་ཞིང་། སློབ་གསོའི་རྙོག་འཛིང་རང་བཞིན་དེ་རྩ་བའི་སྟེང་བཤད་ན་སློབ་གསོ་བྱ་ཡུལ་གྱི་མིའི་རྙོག་འཛིང་རང་བཞིན་ལ་རག་ལས་པ་རེད།

དྲུག རྙོག་འཛིང་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོའི་རྙོག་འཛིང་རང་བཞིན་ནི་སྤྱི་ཚོགས་སློབ་གསོའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་རྐྱེན་གཙོ་བོ་ཡིན་ལ། སྤྱི་ཚོགས་བསམ་བློ་རྙོག་འཛིང་དུ་འགྱུར་བའི་འབྱུང་རྩའང་ཡིན།

བདུན། བསྐུལ་རེས་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོའི་ཁྲོད། མི་སོ་སོ་སློབ་གསོ་གཏོང་མཁན་ཡིན་ལ། སློབ་གསོ་མྱོང་མཁན་ཡང་ཡིན།

བརྒྱད། ཀུན་སྤྱོད་སློབ་གསོའི་རྩ་འཛིན་རང་བཞིན་ཏེ། མི་ལ་སློབ་གསོ་གཏོང་བ་ནི་སྤྱི་ཚོགས་སློབ་གསོའི་མཐར་ཐུག་གི་དམིགས་འབེན་ཡིན་ལ། ཀུན་སྤྱོད་སློབ་གསོ་གཙོ་བོར་བཟུང་བའི་གོ་གནས་དོན་ཐོག་ཏུ་འཁྱོལ་ཐུབ་ཚེ། སྤྱི་ཚོགས་སློབ་གསོའི་འབྱུང་གཞི་སྟོན་ཐུབ་ཅིང་། འཆམ་མཐུན་གྱི་སྤྱི་ཚོགས་མངོན་དུ་འགྱུར་ཐུབ།

དགུ། ཀུན་སྤྱོད་སློབ་གསོའི་དམིགས་འབེན་གྱི་ངེས་གཏན་མེད་པའི་རང་བཞིན་དང་རྟོག་ཞིབ་ཀྱི་རབ་རིབ་རང་བཞིན་ཏེ། དམིགས་འབེན་གྱི་ངེས་གཏན་མེད་པའི་རང་བཞིན་གྱི་ཁ་གཏད་ཕྱོགས་ནི་བསམ་བློའི་བརྩེ་དུང་ལ་འགྱུར་བག་ཆེ་བའི་མི་སྟེ་ངོ་བོའི་སྟེང་བཤད་ན་ཚོད་ཐིག་རང་བཞིན་མི་ལྡན་པ་དག་ཡིན་པས། རྟོག་ཞིབ་བྱེད་ན་རབ་རིབ་ཏུ་འགྱུར་ངེས། ཡིན་ཡང་རབ་རིབ་ཀྱི་མཇུག་འབྲས་ལས་མཐའ་གཅིག་ཏུ་ངེས་གཏན་བྱེད་པ་དེ་བབ་ཅོལ་དུ་བཤད་པ་དང་མཚུངས།

བཅུ། སྤྱི་ཁྱབ་བཀོད་འདོམས་རང་བཞིན་ཏེ། སྤྱི་ཚོགས་སློབ་གསོའི་སྤྱི་ཁྱབ་བཀོད་འདོམས་རང་བཞིན་ནི་རྒྱལ་ཁབ་ལ་བརྟེན་ནས་མངོན་འགྱུར་འབྱུང་བ་ཡིན་ཞིང་།  རྒྱལ་ཁབ་ལ་བརྟེན་ན་ད་གཟོད་སྤྱི་ཚོགས་སློབ་གསོ་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་ཐུབ་པས། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ནི་སྤྱི་ཚོགས་སློབ་གསོའི་བྱེད་པོ་ཡིན་ལ། སྤྱི་ཚོགས་སློབ་གསོ་ཧྲིལ་བོའི་སྤུས་ཚད་ལ་ཐེབས་པའི་ནུས་པ་དང་ཤུགས་རྐྱེན་ནི་དོད་མེད་པ་ཞིག་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-17

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།