སློབ་གསོའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་གསོའི་ལམ་ལུགས།
རྒྱལ་ཁབ་ཀྱིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་རང་བཞིན་དང་། འོས་འགན། དོ་དོམ་གྱི་རྩ་འཛུགས་ལམ་ལུགས། སློབ་གསོའི་སྒྲིག་གཞི། སྐྱེད་སྲིང་དམིགས་འབེན། སློབ་གྲྭར་ཞུགས་པའི་ཆ་རྐྱེན། སློར་གཉེར་གྱི་དུས་ཡུན་སོགས་དང་དེ་དག་བར་གྱི་འབྲེལ་བ་བཅས་ཐག་གིས་གཅོད་པ་རེད། སློབ་གྲྭའི་སློབ་གསོའི་ལམ་ལུགས་ལ་བྱིས་གཉོར་ཁང་། སློབ་ཆུང་། སློབ་འབྲིང་། ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ། དགེ་རྒན་གསབ་སྦྱོང་འཛིན་གྲྭ། རིགས་སོ་སོའི་ཆེད་ལས་ལག་རྩལ་འཛིན་གྲྭ། ལས་ཞོར་སློབ་གྲྭ་དག་གི་སློབ་གསོའི་ལམ་ལུགས་འདུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教育制度
ཕྱི་ཡིག་གི་མིང་།
The education system
རྩ་དོན།
ཚོགས་མི་ཡོངས་ནས་བརྩི་སྲུང་བྱེད་དགོས་པ།
1 དོན་སྙིང་།

རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་གཞིའི་མ་ལག་དང་སྒྲིག་ལམ་ཡིན་ཞིང་། དེར་གྲུབ་ཆ་མང་བོ་ལྡན་མོད་དེའི་ནང་གི་གྲུབ་ཆ་གཙོ་བོ་ནི་སློབ་གྲྭའི་སློབ་གསོའི་ལམ་ལུགས་ཡིན། རྒྱལ་ཁབ་ཀྱི་རྩ་འཛུགས་སྟེང་ནས་སློབ་གསོའི་ཁ་ཕྱོགས་དང་། སློབ་གསོའི་དམིགས་ཡུལ། སློབ་གསོའི་སྲིད་ཇུས་སོགས་ལག་ལེན་མཐར་གཏུགས་བྱེད་པའི་ཕྱིར་དུ་སློབ་གསོའི་ལམ་ལུགས་འཛུགས་དགོས། སྤྱིར་སློབ་གསོའི་མ་ལག་ཏུ་སློབ་གྲྭའི་སློབ་གསོའི་ལམ་ལུགས་ལས་གཞན་ད་དུང་སློབ་གྲྭའི་ཕྱི་རོལ་གྱི་ན་གཞོན་གྱི་སློབ་གསོའི་སྒྲིག་གཞི་སོགས་ཡོད་དེ། དཔེར་ན། ན་གཞོན་ཁང་། ན་གཞོན་དཔེ་ཁང་། ན་གཞོན་གློག་བརྙན་ཁང་། ན་གཞོན་ཚན་རིག་ཁང་ལྟ་བུའི་ན་གཞོན་གྱི་སློབ་གསོའི་སྒྲིག་གཞི་དང་། རིག་གནས་ཁང་དང་། དཔེ་མཛོད་ཁང་། སྤྲོ་སྐྱིད་ཁང་། རྟེན་རྫས་བཤམས་བཞུགས་ཁང་། རི་མོ་ཁང་། གློག་བརྙན་ཁང་ལྟ་བུའི་དར་མའི་སློབ་གསོའི་སྒྲིག་གཞི་ཡོད། སློབ་གྲྭའི་སློབ་གསོའི་ལམ་ལུགས་ནི་སློབ་གསོའི་ལམ་ལུགས་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པས་སྐབས་འགར་མི་རྣམས་ཀྱི་སློབ་གསོའི་ལམ་ལུགས་དང་སློབ་གྲྭའི་སློབ་གསོའི་ལམ་ལུགས་གཉིས་འདྲ་མཚུངས་སུ་བཀོལ་གྱིན་ཡོད།

2 སློབ་གྲྭའི་སློབ་གསོའི་ལམ་ལུགས།
2_1 རང་རྒྱལ།

ཀྲུང་གོ་གསར་བ་མ་ཚུགས་པའི་སྔོན་གྱི་གསར་བརྗེ་གནས་གཞིའི་ས་ཁུལ་དང་བཅིངས་འགྲོལ་ས་ཁུལ་དུ། སློབ་གསོ་ཡིས་བཟོ་ཞིང་ལ་ཞབས་འདེགས་ཞུ་བ་དང་གསར་བརྗེ་དམག་འཁྲུག་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལ་བརྟེན་ནས་རིམ་པ་སོ་སོ་དང་སྐོར་སོ་སོའི་སློབ་གྲྭ་བཙུགས་པ་སྟེ། དམའ་རིམ་སློབ་གསོ་དང་འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ། མང་ཚོགས་སློབ་གསོ་བཅས་ཀྱི་སློབ་གསོའི་མ་ལག་ལྡན་པའི་ལམ་ལུགས་མི་འདྲ་བའི་སློབ་གྲྭ་མང་པོ་བསྒྲུབས། བཅིངས་འགྲོལ་བྱས་མ་ཁད་དུ། རང་རྒྱལ་ལ་དངོས་ཐོག་ཏུ་ལུགས་གཉིས་ཀྱི་སློབ་གྲྭའི་མ་ལག་གི་རྣམ་པ་ལྡན་ཏེ། གཅིག་ནི་བཅིངས་འགྲོལ་ཁུལ་གྱི་སློབ་གྲྭའི་མ་ལག་དང་། གཞན་ཞིག་ནི་གོ་མིང་ཏང་གིས་བཙུགས་པའི་སློབ་གྲྭའི་མ་ལག་ཡིན། 1951ལོའི་ཟླ10བའི་ཚེས1ཉིན《སློབ་གསོའི་ལམ་ལུགས་བཅོས་སྒྱུར་ཐད་ཀྱི་ཆོད་ཡིག》གིས་ཀྲུང་གོ་གསར་བའི་སློབ་གསོའི་ལམ་ལུགས་གཏན་ལ་ཕབ་པ་སྟེ། དེར་བྱིས་ཆུང་སློབ་གསོ(བྱིས་གཉོར་ཁང་གི་སློབ་གསོ)དང་། དམའ་རིམ་སློབ་གསོ(སློབ་ཆུང་སློབ་གསོ་དང་ན་གཞོན་སློབ་གསོ། དར་མའི་སློབ་གསོ་སོགས་འདུ)། འབྲིང་རིམ་སློབ་གསོ(སློབ་འབྲིང་དཀྱུས་མ་དང་བཟོ་ཞིང་སློབ་འབྲིང་། ལས་ཞོར་སློབ་འབྲིང་། འབྲིང་རིམ་ཆེད་ལས་སློབ་གྲྭ)། མཐོ་རིམ་སློབ་གསོ(སློབ་གྲྭ་ཆེན་མོ་དང་། ཆེད་སྦྱོང་སློབ་གླིང་། ཆེད་ལས་ཞིབ་འཇུག་ཁང་།)སོགས་རིགས་དང་རིམ་པ་སོ་སོས་སྒྲུབ་པའི་སློབ་གྲྭའི་རྣམ་པ་མང་པོ་བྱུང་། 1978ལོའི་ཏང་གི་སྐབས་བཅུ་གཅིག་པའི་ཐེངས་གསུམ་པའི་མཉམ་འཛོམས་གྲོས་ཚོགས་འཚོགས་པའི་རྗེས་ནས་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་མཐོང་ཆེན་བྱས་ལ། 1985ལོར《ཀྲུང་གོ་ཀྲུང་དབྱང་སློབ་གསོའི་སྒྲིག་སྲོལ་བཅོས་སྒྱུར་ཐད་ཀྱི་ཆོད་ཡིག》བསྒྲུགས་ནས་རང་རྒྱལ་གྱི་སློབ་གསོ་དེ་དུས་སྐབས་གསར་བ་ཞིག་ལ་སླེབས།

2_2 ཕྱི་རྒྱལ།

དེང་རབས་ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མཉམ་དུ་དཔལ་འབྱོར་གྲུབ་ཚུལ་ཡང་ཉིན་བཞིན་རྙོག་འཛིང་ཅན་དུ་གྱུར་པས། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བ་ནས་བཟུང་ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱིས་སློབ་གསོ་ལམ་ལུགས་ལ་བཅོས་བསྒྱུར་གང་མང་བྱས་ཏེ། སློབ་གྲྭར་མ་ཞུགས་གོང་གི་སློབ་གསོར་མཐོང་ཆེན་བྱེད་པ་དང་སློབ་ཞུགས་ལོ་ཚད་སྔ་ནུར་དང་འོས་འགན་སློབ་གསོའི་དུས་ཡུན་ཇེ་རིང་དུ་བཏང་བ། སྤྱིར་བཏང་སློབ་གསོ་དང་ཆེད་ལས་ལག་རྩལ་སློབ་གསོའི་བར་ཐག་རིམ་གྱིས་ཇེ་ཐུང་དུ་སོང་བ། རྒྱུན་མཐུད་སློབ་གསོ་དང་མི་ཚེ་ཧྲིལ་བོའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་བཅས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-25

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།