གནའ་རབས་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་རབས་སློབ་གསོ།
སློབ་གསོའི་བྱུང་འཕེལ་ཐད་དུ་གནའ་རབས་ཀྱི་སློབ་གསོ་དེ་བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སློབ་གསོ་ཡིན་པས་སྐབས་འདིའི་སློབ་གསོར་གྲལ་རིམ་གྱི་རང་བཞིན་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古代教育
རྣམ་པ།
སློབ་གྲྭ་དང་ཁྲིད་གཞི་ཐོག་མར་བྱུང་བ།
ཁྱད་ཆོས།
གྲལ་རིམ་རང་བཞིན་ལྡན་པ།
1 ངོ་སྤྲོད།

དབང་སྒྱུར་གྲལ་རིམ་པ་བྲན་བདག་དང་བཀོད་བཀོད་ས་བདག་དག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་སྒེར་འཛིན་བྱས་ནས། སློབ་གསོ་དེ་ཁོ་ཚོས་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པར་ཞབས་འདེགས་ཞུ་བའི་ཡོ་བྱད་ཅིག་ཏུ་གྱུར་ཅིང་། བྲན་གཡོག་སྤྱི་ཚོགས་ཀྱི་དུས་མགོར་ཐོན་སྐྱེད་ནུས་ཤུགས་ཡར་རྒྱས་ཆེན་པོ་བྱུང་ནས་ཐོན་རྫས་ལྷག་མ་བྱུང་བ་དང་། མི་འགའ་ཤས་ཐོན་སྐྱེད་ངལ་རྩོལ་དང་ཁ་བྲལ་བས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཀླད་ཤུགས་ངལ་རྩོལ་བ་དང་ལུས་ཤུགས་ངལ་རྩོལ་བ་བྱུང་བ་རེད། དེ་ནི་སློབ་གསོར་ལྡན་པའི་གྲལ་རིམ་རང་བཞིན་ཡིན་ལ། སྐབས་དེ་ནས་བཟུང་སློབ་གསོའི་ལས་ཀ་ཆེད་དུ་སྒྲུབ་པའི་དགེ་རྒན་དང་སློབ་གསོའི་ཆེད་དོན་གཉེར་བའི་སློབ་གྲྭ་བྱུང་འགོ་བརྩམས། སྐབས་དེར་ཡི་གེ་བྱུང་བས་མིའི་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཟིན་བྲིས་སུ་བཀོད་ནས། འགྲོ་བ་མིའི་རིགས་ཀྱི་རིག་གནས་ཡིག་ཐོག་ཏུ་བཀོད་པ་དང་གཏན་འཇགས་སུ་གྱུར་པས། སློབ་གྲྭའི་བྱུང་འཕེལ་ལ་སྐུལ་མ་ཆེས་ཆེན་པོ་བཏང་ཞིང་། སྐབས་འདིར་ཡིག་ཐོག་ཏུ་བཀོད་པའི་ཁྲིད་གཞིའང་ཐོག་མར་བྱུང་བ་རེད། དེ་གཉིས་ཀྱི་སློབ་གསོའི་དམིགས་ཡུལ་དང་ནང་དོན། བྱེད་ཐབས་སོགས་ཅུང་མི་འདྲ་ནའང་ཐུན་མོང་གི་ཁྱད་ཆོས་མང་བོ་ལྡན་པའི་དབང་གིས་དེ་གཉིས་ཀྱི་སློབ་གསོ་གནའ་རབས་སློབ་གསོའི་ཁོངས་སུ་གཏོགས།

2 གྲལ་རིམ་རང་བཞིན།

གཅིག བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་སློབ་གསོར་གྲལ་རིམ་རང་བཞིན་གསལ་བོ་ཡོད་དེ། བྲན་བདག་གི་བྱིས་པ་ཁོ་ན་ལས་བྲན་གཡོག་ཚོའི་བྱིས་པ་རྣམས་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་མི་ཐུབ་ལ། སློབ་གསོའི་ནང་དོན་ནི་གུས་ལུགས་དང་རོལ་མོ། མདའ་འཕེན། འགོག་སྲུང་། ཡི་གེ རྩིས་རིག་སྟེ་རྩལ་དྲུག་ཡིན་ལ་སྐབས་དེའི་བྲན་གཡོག་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཀྱིས་གུས་སྲོལ་དང་དམག་དོན་ལ་དོ་སྣང་བྱ་བའི་དགོས་མཁོ་མཚོན་པ་རེད།

གཉིས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སློབ་གསོ་དེ་བྲན་གཡོག་སྤྱི་ཚོགས་ཀྱི་སློབ་གསོར་བསྡུར་ན། སློབ་གསོའི་ནང་དོན་མང་བོར་གྱུར་བ་དང་སློབ་གསོའི་ཚད་མཐོན་པོར་སླེབས་ཡོད། དེ་ལ་གྲལ་རིམ་རང་བཞིན་གསལ་བོ་ཡོད་པར་མ་ཟད་གོ་རིམ་རང་བཞིན་ཡང་དམ་པོ་ཡོད། སློབ་གསོའི་ནང་དོན་ནི་ཆོས་ལུགས་ཀྱི་སྙིང་བོ་དང་།  གཞན་བརྡ་སྤྲོད་རིག་པ་དང་། ཚིག་རྒྱན་རིག་པ། མཚན་ཉིད་རིག་པ། རྩིས་རིག་པ། དབྱིབས་རྩིས་རིག་པ། གནམ་དཔྱད་རིག་པ། རོལ་མོ་བཅས་རྩལ་བདུན་དུ་འབོད་པ་སོགས་ཡིན། སློབ་གསོ་བྱེད་ཐབས་ནི་གསུང་རབ་ལ་འགྲེལ་བཤད་བྱེད་པའི་ཆོས་གྲྭའི་སློབ་ཁྲིད་བྱེད་སྟངས་ཡིན།

3 གཅིག་མཐུན་གྱི་ཁྱད་ཆོས།

གཅིག སློབ་གྲྭའི་སློབ་གསོ་ཡིས་གདོད་མའི་རྣམ་པའི་སློབ་གསོའི་ཚབ་བྱས།               སློབ་གྲྭའི་སློབ་གསོ་ཡིས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་བསྟུན་ཆོག་པ་དང་། ཆེད་ལས་དགེ་རྒན་ཡོད་པ། ཕན་འབྲས་ཡོད་པའི་རྣམ་པ་སྤྱད་ནས་གཞོན་རབས་པར་ཕྱོགས་བསྡུས་ཀྱི་སློབ་གསོ་བྱས་ནས། དབང་སྒྱུར་གྲལ་རིམ་གྱི་སློབ་གསོའི་རེ་བ་ལྟར་གཞོན་རབས་པ་རྣམས་ཤེས་ཡོན་དང་ནུས་པ་ངེས་ཅན་ལྡན་པའི་ཤེས་ལྡན་པར་སྐྱེད་སྲིང་བྱེད་པ་དེ་སློབ་གྲྭའི་སློབ་གསོ་ཁྱད་ཆོས་ཡིན།  འོན་ཀྱང་ངལ་རྩོལ་མི་དམངས་ཁྲོད་དུ་ད་དུང་གདོད་མའི་ཚུལ་གྱི་སློབ་གསོ་སྔར་མུས་བཞིན་གནས་ཡོད།

གཉིས། སློབ་གསོར་གྲལ་རིམ་རང་བཞིན་ལྡན་པ།  བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་གདོད་མའི་སྤྱི་ཚོགས་ཀྱི་སློབ་གསོའི་གཅིག་གྱུར་རང་བཞིན་དང་ཐུན་མོང་རང་བཞིན་ལ་གཏོར་བརླག་བཏང་སྟེ། དབང་སྒྱུར་གྲལ་རིམ་གྱིས་སློབ་གྲྭ་དང་ཤེས་ཡོན་སྒེར་བཟུང་བྱས་ནས་ངལ་རྩོལ་མི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆ་མེད་པར་བཟོས་ལ། དམིགས་ཡུལ་དང་ནང་དོན་ཚང་མ་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བ་དང་བསམ་པའི་འདུ་ཤེས་ཁྱབ་སྒྲོག་བྱེད་པའི་ཐོག་ནས་གྲལ་རིམ་རང་བཞིན་མཚོན་པ་སྟེ། དབང་སྒྱུར་གྲལ་རིམ་གྱི་བྱིས་པར་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་བསམ་པའི་འདུ་ཤེས་དང་ནུས་པ་གསོ་སྐྱོང་བྱ་བ་དང་གནས་བསྐོས་ལས་དབང་སྨྲ་བ་དང་ཆོས་ལུགས་རྨོངས་དད་སོགས་བླུན་རྨོངས་ཀྱི་བསམ་པས་ངལ་རྩོལ་མི་དམངས་ལ་མགོ་སྐོར་བཏང་སྟེ་ཡུན་རིང་བོར་བྲན་གཡོག་བྱེད་དུ་བཅུག

གསུམ།  སློབ་གྲྭའི་སློབ་གསོ་དེ་ཐོན་སྐྱེད་དང་ཁ་བྲལ་ཚབས་ཆེ་རུ་སོང་།  བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དེ་དབང་སྒྱུར་གྲལ་རིམ་ངལ་མེད་འབྲས་ལེན་གྱི་རྨང་གཞིའི་སྟེང་བཙུགས་པས། དབང་སྒྱུར་གྲལ་རིམ་གྱིས་སྒེར་བདག་བྱས་པའི་སློབ་གྲྭའི་སློབ་གསོ་དེ་ཐོན་སྐྱེད་ངལ་རྩོལ་དང་ཁ་བྲལ་ཚབས་ཆེ་རུ་སོང་ཞིང་། དབང་སྒྱུར་གྲལ་རིམ་གྱིས་ངལ་རྩོལ་མི་དམངས་ལ་སྣང་ཆུང་ཆེན་པོ་བྱས་པ་རེད།

བཞི། སློབ་གསོ་ནི་སློབ་མ་སོ་སོ་བར་སློབ་གསོ་བྱེད་པ་གཙོ་བོ་ཡིན། དགེ་རྒན་ཞིག་གིས་སློབ་མ་འགའ་རེར་སློབ་གསོ་དང་སློབ་ཁྲིད་བྱེད་ཅིང་ལོ་རིམ་མི་འབྱེད་པ་དང་སློབ་དེབ་ཀྱང་གཅིག་མཚུངས་མིན་པར་སློབ་མ་སོ་སོར་སློབ་གསོ་དང་སློབ་ཁྲིད་བྱེད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-25

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།