ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >མིའི་རིགས། >དོན་སྣོད།

གློ་བ།

གློ་བ་ནི་མིའི་ལུས་ཁམས་ཀྱི་དབུགས་འབྱིན་རྔུབ་ཀྱི་དབང་བོ་ཡིན་ལ། དེ་ནི་བྲང་ཁོག་ཏུ་གནས་པ་དང་། བྲང་ཁོག་གཡས་གཡོན་གཉིས་སུ་མཆིས་པ་ཞིག་ཡིན་ཞིང་། སྙིང་གི་སྟེང་དུ་ཁེབས་པ་ཞིག་ཀྱང་ཡིན། ཡང་གློ་བ་ལ་ནི་དབྱེ་མཚམས་ཡོད་དེ། གཡོན་དུ2དང་གཡས་སུ3བཅས་ཁྱོན་སྡོམ5ཡོད་པ་ཡིན། གཞན་གློ་བ་ནི་གློ་ཡུ་དང་གློ་ཡུའི་ཡན་ལག མིད་པ། སྣ་སོགས་དང་སྦྲེལ་ཡོད་པས། མིད་པ་ནི་གློ་བའི་སྒོ་མོ་དང་སྣ་ནི་གློ་བའི་བུ་གར་འབོད་པ་ཡིན།

རིགས་དབྱེ།  

ཕོ་བ།

ཕོ་བ་ནི་ཟས་འཇུ་སྦུ་གུ་ཆེ་རུ་ཕྱིན་པའི་ཆ་ཡིན་ལ། བྲང་ཁོག་སྨད་ཀྱི་ཆར་གནས་ཤིང་། འགོ་ནས་མིད་པར་མཐུད་པ་དང་། མཇུག་ཏུ་རྒྱུ་ནག་ལ་མཐུད་ཡོད་པ་ཡིན།

རིགས་དབྱེ།  

བསམ་བསེའུ།

བསམ་བསེའུ་ལ་ཁམས་དཀར་སྣོད་ཀྱི་གཤེར་རྨེན་ཡང་ཟེར་ཞིང་། དབྱིབས་ནི་འཇོང་འཇོང་དང་སྣོད་ཀྱི་ཚུགས་ཀའི་དབང་བོ་ཞིག་ཡིན་ལ། ལྒང་བའི་ཞབས་ཀྱི་རྒྱབ་ལོགས་སུ་གནས་པ་དང་ཁམས་དཀར་འདྲེན་སྦུག་གི་ཕྱི་ངོས་སུ་ཡོད་ཅིང་། གཡས་གཡོན་གཉིས་སུ་གཅིག་རེ་ཡོད། དེ་ཡང་བསམ་བསེའུ་ནས་ཟགས་པའི་གཤེར་ཁུས་ཁམས་དཀར་གྱི་ཆ་ཤས་གྲུབ་པ་ཡིན།

རིགས་དབྱེ།  

མཁལ་མ།

མཁལ་མ་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་དབང་བོ་རིགས་ཤིག་ཡིན་པ་དང་། གཅིན་ཟགས་མ་ལག་གི་ཆ་ཤས་སུ་གཏོགས་ལ། དེས་ནི་ཁྲག་གི་རྒྱུ་བའི་ཁྲོད་ཀྱི་མི་གཙང་བ་རྣམས་གཟུགས་ཕྱི་རུ་གདོན་པ་དང་། ལུས་གཤེར་དང་གློག་འབྱེད་དངོས་རྫས་ཀྱི་སྙོམས་སྒྲིག་རྒྱུན་འཁྱོངས་བྱ་བ་ཡིན། མཇུག་མཐར་གཅིན་ནི་འབྲེལ་ཡོད་སྦུ་གུ་བརྒྱུད་ནས་གཟུགས་ཕྱི་རུ་འབུད་པ་ཡིན་ཞིང་། དེ་ཡིས་དུས་མཚུངས་སུ་ཟགས་ཐོན་གཤེར་ཁུའི་ནུས་པ་ཐོན་པས་ཁྲག་ཤེད་བསྙམ་པར་ཡང་ཕན། དེ་ཡང་མིའི་གཟུགས་པོའི་ཁྲོད་དུ། རྒྱུན་ལྡན་གྱི་མི་དར་མ་ལ་མཚོན་ན་མཁལ་མ་ཆ་གཅིག་ཡོད་དེ། མཁལ་མ་གཉིས་ནི་སྐེད་པའི་རྒྱབ་ལོགས་ཀྱི་ཕྱོགས་གཉིས་སུ་ཡོད་པ་ཡིན།

རིགས་དབྱེ།  

མཁྲིས་པ།

མཁྲིས་པ་ནི་སྣོད་དྲུག་གི་ནང་ཚན་ཞིག་ཡིན་ལ། སྣོད་ཀྱི་ཚུགས་ཀ་ཡིན་པ་དང་། མཆིན་པའི་རྒྱབ་ལོགས་སུ་ཡོད་ཅིང་། མཆིན་པ་དང་སྦྲེལ་ནས་ཡོད། ཡང་མཆིན་པ་དང་མཁྲིས་པ་གཉིས་ཀྱི་ཁྲག་རྩ་ཐམས་ཅད་ཕན་ཚུན་སྦྲེལ་ནས་ཡོད་ལ། དེ་གཉིས་ཀྱི་བྱེད་ནུས་གཙོ་བོ་ནི་མཁྲིས་ཁུ་ཉར་ཚགས་དང་ཕྱི་རུ་གདོན་པ་དེ་ཡིན་ཞིང་། ཟས་ཀྱི་འཇུ་སྟོབས་ལ་ཡང་ཤིན་ཏུ་ཕན།

རིགས་དབྱེ།  

མཆིན་པ།

མཆིན་པ་ནི་མིའི་ལུས་ཁམས་སུ་རྙིང་ཚབ་གསར་བརྗེ་ཡི་བྱེད་ནུས་གཙོ་བོར་བྱས་པའི་དབང་བོ་ཞིག་ཡིན་ལ། མིའི་ལུས་ཁམས་སུ་མཆིན་པའི་མངར་ཆ་གསོག་འཇོག་དང་ཟགས་ཐོན་རང་བཞིན་གྱི་སྤྲི་དཀར་བཅུད་མཉམ་སྦྱོར་སོགས་ཀྱི་ནུས་པ་ཐོན་ཞིང་། མཚེར་བས་འཇུ་བྱེད་མ་ལག་ཁྲོད་ཀྱི་མཁྲིས་ཁུ་བཟོ་བར་ཡང་ཕན། ཡང་མཚེར་བ་ནི་མིའི་ལུས་ཁམས་ཀྱི་ནང་ཁྲོལ་ལས་དབང་བོ་ཆེས་ཆེ་ཤོས་དེ་ཡིན་ལ། མིའི་ལུས་ཁམས་ཀྱི་གསུས་ཁོག་ཏུ་གནས་ཤིང་། མཁྲིས་པའི་མདུན་ཕྱོགས་དང་གཡས་ཕྱོགས་ཀྱི་མཁལ་མའི་མདུན་ཕྱོགས། ཕོ་བའི་སྟེང་བཅས་ཀྱི་སར་ཡོད།

རིགས་དབྱེ།  

མཚེར་བ།

མཚེར་བ་ནི་རྨེན་བུའི་དབང་བོ་གཙོ་ཆེ་བ་དེ་ཡིན་ལ། ཁྲག་བཟོ་བ་དང་ཁྲག་བཙགས་པ། རྒས་འཁོགས་སུ་གྱུར་བའི་ཟུངས་ཁྲག་ཕྲ་ཕུང་གཙང་སེལ་བྱ་བ། འགོ་ནད་ཐར་བའི་འཕོ་འགྱུར་དུ་ཞུགས་པ་སོགས་ཀྱི་བྱེད་ནུས་ལྡན། དེ་ཡང་ཁྲག་གི་མང་ཉུང་ཕུན་སུམ་ཚོགས་པ་ཡིས། བྲེལ་མྱུར་སྒོས་དབང་བོ་གཞན་པར་ཁྲག་ཁ་གསབ་ཐུབ་པའི་རྐྱེན་ཀྱིས་མིའི་ལུས་ཁམས་ཀྱི་ཁྲག་མཛོད་དུ་གྲགས་པ་ཡིན།

རིགས་དབྱེ།  

རྒྱུ་ནག

རྒྱུ་ནག་ནི་གསུས་ཁོག་ཏུ་གནས་པ་ཡིན་ལ། འགོ་ནི་ཕོ་ཞབས་དང་ཕོ་བར་སྦྲེལ་ཡོད་པ་དང་། མཇུག་ནི་རྒྱུ་ལྷག་བརྒྱུད་ནས་ལོང་གར་སྦྲེལ་ཡོད། ཡང་རྒྱུ་ནག་དང་སྙིང་གཉིས་ཕན་ཚུན་འདྲེས་ནས་ཡོད་ཅིང་། དེ་ནི་ཟས་བཞུ་བྱའི་རྟེན་གཙོ་བོ་ཡིན་ཏེ། གསུས་ཁོག་ཏུ་ཀྱག་གེ་ཀྱོག་གེར་གནས་པ་དང་། འགོ་ནི་ཕོ་ཞབས་དང་སྦྲེལ་ཡོད་ལ། མཇུག་ནི་ཁྲག་ལོང་དང་སྦྲེལ་ཡོད་པར་མ་ཟད། རིང་ཚད་ལ་སྨི3-5ཡི་བར་ཡིན་ཞིང་། དེ་ལ་རྒྱུ་སོར་བཅུ་གཉིས་དང་རྒྱུ་སྟོང་། རྒྱུ་ནག་བཅས་རིགས་གསུམ་དུ་བཀར་ཡོད། རྒྱུ་ནག་གི་འཇུ་སྟོབས་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་ལ། རྒྱུ་མཚན་ཟ་མ་ནི་རྒྱུ་ནག་གི་གཤེར་མའི་ཟགས་ཁུ་དང་མཁྲིས་ཁུ། རྒྱུ་ནག་གི་ཁུ་བའི་རྫས་འགྱུར་རང་བཞིན་གྱི་འཇུ་སྟོབས། རྒྱུ་ནག་འགུལ་སྐྱོད་ཀྱི་འཕྲུལ་ཆས་རང་བཞིན་སོགས་བརྒྱུད་ནས། ཟས་འཇུ་བའི་གོ་རིམ་ཡོངས་སུ་རྫོགས་པ་ཚར་བ་དང་མཉམ་དུ་འཚོ་བཅུད་ནི་རྒྱུ་ནག་གི་འབྱར་སྐྱིས་བཞིབས་པ་ཡིན།

རིགས་དབྱེ།  

ལོང་ག

ལོང་ག་ལ་ཁྲག་ལོང་དང་རྒྱུ་ལྷག རྩམ་ལོང་། གཞང་དཀར་ནག བཤང་སྦུག་བཅས་སུ་བཀར་ཡོད་ཅིང་། དེས་ནི་ཟ་མའི་སྙིགས་རོའི་ཁྲོད་ཀྱི་གཤེར་ཁུ་གཞིབ་པ་དང་། ཟ་མའི་སྙིགས་རོ་བཤང་བར་བསྒྱུར་ནས་གཟུགས་ཕྱི་རུ་གདོན་པའི་ནང་ཁྲོལ་ཞིག་ཡིན་ལ། མིའི་ལུས་ཁམས་ཀྱི་ཟས་འཇུ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

རིགས་དབྱེ།  

ལྒང་བ།

ལྒང་བ་ནི་གཅིན་གསོག་འཇོག་གི་དབང་བོ་ཞིག་ཡིན་ལ། འོ་གསོའི་རིགས་ཀྱི་ཁྲོད་དུ་ལྒང་བ་ནི་འཇམ་འདྲེད་ཤ་སྒྲིམ་གྱིས་གྲུབ་པའི་སྣོད་ལྟ་བུ་ཞིག་ཡིན་ཞིང་། མཚང་ཁོག་ཏུ་གནས་པ་དང་གཅིན་ལམ་ལ་སྦྲེལ་ཡོད། དེ་ཡང་ལྒང་བ་དང་གཅིན་ལམ་གྱི་སྦྲེལ་མཚམས་སུ་སྡོམ་བྱའི་ཤ་གནད་ཡོད་པར་མ་ཟད། དེས་ནི་གཅིན་ཕྱི་རུ་གདོན་པར་ཚོད་འཛིན་བྱ་བ་ཡིན།

རིགས་དབྱེ།  

སྙིང་།

སྙིང་ནི་མི་དང་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་གཟུགས་པོའི་ཁྲོད་ཀྱི་དབང་བོ་ཆེས་གལ་ཆེ་བ་དེ་ཡིན་ལ། བྱེད་ནུས་གཙོ་བོ་ནི་གནོན་ཤུགས་མཁོ་འདོན་བྱ་བ་དེ་ཡིན་ཞིང་། ཁྲག་གི་རྒྱུ་བ་ལུས་ཀྱི་ཆ་ཤས་ཡོངས་སུ་འཁོར་རྒྱུག་གི་ཕན་ནུས་ཐོན་པ་ཡིན། མིའི་རིགས་ཀྱི་སྙིང་ནི་བྲང་ཁོག་དཀྱིལ་གྱི་གཡོན་གྱི་ཆར་གནས་པ་དང་། རྒྱ་ཁྱོན་ནི་མི་ཞིག་གི་ཁུ་ཚུར་གྱི་ཆེ་ཆུང་ཙམ་ཞིག་ཡིན་ལ། ལྗིད་ཚད་ནི་ཕལ་ཆེར་ཁེ350ཙམ་ཡིན་མོད། འོན་ཀྱང་སྐྱེས་མའི་སྙིང་ནི་སྐྱེས་པའི་སྙིང་ལས་ཆུང་ཞིང་། ལྗིད་ཚད་ཀྱི་ཆ་ནས་ཀྱང་སྐྱེས་པའི་སྙིང་ལས་ཡང་བ་ཡིན། ཡང་མིའི་སྙིང་ནི་ཁམ་བུའི་དབྱིབས་དང་མཚུངས་ལ། གློ་བ་གཉིས་བར་གྱི་གཡོན་གྱི་ཆར་གནས་པ་ཡིན།

རིགས་དབྱེ།