ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >སྟོན་མོ།

འཕྲད་མ།

འཕྲད་མ་ནི་གཉེན་སྟོན་གྱི་ཉིན་དེ་དག་རིང་ལ་མག་གསར་དང་བག་གསར་ལྷན་གཅིག་ཏུ་འདུག་པའི་གོ་སྐབས་མེད་དེ། བག་མ་གནས་ཡུལ་ལ་ཕྱིར་འོང་བ་ན་ཕན་ཚུན་ལྷན་གཅིག་ཏུ་བསྡད་ཆོག་པས་འཕྲད་མ་ཞེས་པའི་མིང་བྱུང་བ་རེད།

རིགས་དབྱེ།  

གཉེན་རྟགས།

གཉེན་རྟགས་རྒྱག་པ་ནི་བུ་ལ་མནའ་མ་སློང་བའམ་བུ་མོར་མག་པ་སློང་བའི་ཆེད་དུ་ཕ་རོལ་བའི་བུ་དང་བུ་མོ་ལ་གཉེན་འབྲེལ་གྱི་རྟགས་སུ་སློང་ཆང་བྱིན་པ་དེ་ཡིན།

རིགས་དབྱེ།  

གཉེན་སྒྲིག

གཉེན་སྒྲིག་ནི་སྤྱི་ཚོགས་འཚོ་བའི་གོམས་སྲོལ་གྱི་མ་ལག་ཆ་ཚང་ཞིག་ཡིན་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ་པར་མ་ཟད། གནའ་བོའི་ཤུལ་བཞག་རིག་གནས་མང་བོ་སྲུང་འཛིན་དང་རྒྱུད་སྤེལ་གྱི་ནུས་པ་གལ་ཆེན་ཐོན་ཡོད།

རིགས་དབྱེ།  

གཉེན་སྟོན།

མགྲོན་པོ་ལ་བཟའ་བཏུང་གིས་སྣེ་ལེན་བྱེད་པའི་བྱ་བའམ། དགའ་སྤྲོའི་གསོལ་ཚིགས་དང་དེར་འབྲེལ་བའི་ལྟད་མོ་ལ་ཟེར།

རིགས་དབྱེ།  

གཉེན་སྲོལ།

གཉེན་སྲོལ་ནི་འཚོ་བའི་བརྒྱུད་རིམ་ལས་འཕེལ་འགྱུར་བྱུང་བའི་སྤྱི་ཚོགས་ཀྱི་ཚད་གཞི་ཞིག་དང་གོམས་ལོབས་སུ་གྱུར་བའི་ཤེས་རིག་འཕེལ་སྟངས་ཤིག་ཡིན། དེར་ནང་དོན་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་མཚོན་པ་རེད།

རིགས་དབྱེ།  

གཉེན་སློང་བ།

བུ་ལ་མནའ་མ་བཙལ་བ་དང་བུ་མོར་མག་པ་བསུ་བ་གང་ཡིན་རུང་། ཁ་སྒོ་སྐྱེ་འབྲས་དང་ལག་ལས་ཀ་ཡོད་མེད་སོགས་ལ་བརྟག་དཔྱད་ནན་མོ་བྱས་ཏེ། རང་དང་མཐུན་པ་ལ་བར་བས་སློང་ཆང་འཁྱེར་ནས་མནའ་མའམ་མག་པ་སློང་དུ་འགྲོ་བ་རེད།

རིགས་དབྱེ།  

དྲི་སྐོལ།

དྲི་སྐོལ་ནི་མགྲོན་པོ་བསུ་བའི་རྣམ་པ་ཞིག་སྟེ་གཉེན་ཚང་གིས་མི་མངགས་ནས་ཨ་ཞང་ཚང་ལ་རིམ་བཞིན་འཚམས་འདྲི་གཏོང་བར་བསུ་མི་ཡོང་བའི་ཆོ་ག་ཞིག་ཡིན།

རིགས་དབྱེ།  

བག་ངུ་།

བག་ངུ་ནི་བུ་མོ་གནས་ལ་འགྲོ་ཁར་ཡིད་སྐྱོ་བའི་ངང་ནས་དབྱངས་སུ་འགུགས་པའི་ངག་རྟ་སྙན་མོ་ཞིག་ཡིན།

རིགས་དབྱེ།  

བག་མ།

བག་མ་ནི་གཉེན་སྒྲིག་བྱེད་པར་ཐག་བཅད་པའམ་གསར་དུ་གཉེན་སྒྲིག་བྱས་པའི་བུད་མེད་ཀྱི་མིང་ལ་བྱ་བ་ཡིན། བག་མ་སྐྱེལ་བ་ནི་ཨ་ཞང་ཆ་གྲངས་ལོན་པ་ཞིག་གིས་བསྐྱལ་ནས་འགྲོ་བ་ཡིན་ལ་འགྲོ་དུས་སུ་གཉེན་གྱི་གོ་རིམ་ཚང་བའི་སྒོ་ནས་སྐྱེལ་བ་ཡིན།

རིགས་དབྱེ།  

བག་མགོ་སླེ་བ།

བག་མའི་སྐྲ་སླེ་བ་ནི་གཉེན་ཚང་གི་སོ་མང་ཆ་འགྲིག་ཁྱེར་ཡོང་བ་དེས་སླེ་བ་ཞིག་ཡིན་ཏེ། ཐུན་མོང་མ་ཡིན་པའི་སྐྲའི་ལན་བུ་མང་བོ་སླེ་བའི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

བར་བ།

བར་བ་ནི་འབྲིང་བ་དང་དཀྱིལ་མའི་དོན་ཏེ་ཕན་ཚུན་ངོ་སྤྲོད་བྱེད་མཁན་གྱི་མི་འཇོན་ཐང་ཅན་ལ་ཟེར་ཞིང་། གཉེན་གྱི་འགོ་མཇུག་བར་གསུམ་གྱི་དོན་དག་ཚང་མ་འགན་འཁུར་མཁན་གྱི་མི་སྣ་གཙོ་བོ་དེ་ལ་ཟེར།

རིགས་དབྱེ།  

བསྐོན།

བསྐོན་ཞེས་པ་ནི་ཨ་ཞང་ཚང་གི་ལག་ཁྱེར་མདུན་ཅོག་སྟེང་ལ་ཤ་དང་། ཕྲུག གོས། སྒོར་མོ་སོགས་ཅི་ཙམ་བཞག་ན་དེ་ལས་ལྡོག་སྟེ་ཕྱིར་ལ་ལྡབ་གཉིས་སྟེར་བའི་སྲོལ་ལ་ཟེར།

རིགས་དབྱེ།  

བུ་མོ་བཅོལ་གདམས།

ཕན་པའི་ངག་གིས་བུ་མོ་ཁྱིམ་རྒྱུད་ཀྱི་རྒན་གཞོན་རྣམས་ལ་ངག་བཅོལ་བྱེད་པའི་བསླབ་བྱའི་ཆོ་ག་ཞིག་ཡིན།

རིགས་དབྱེ།  

མག་ལྕུག

མག་ལྕུག་བཅིངས་པ་ནི་སྟོན་ཐོག་ནས་ཨ་ཞང་ཚང་གི་ཉེ་རྒྱུད་རྩ་ལག་ཐམས་ཅད་ཀྱིས་གོས་དང་སྐ་རགས། ཕྲུག་སོགས་ཀྱིས་མག་པར་སྐེ་རགས་བཅིངས་དུས་སུ་བསྟོད་པ་སྣ་ཚོགས་ཀྱིས་སྒོ་ནས་འཆིང་བའི་ཆོ་གའི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

འབབ་སྟན།

འབབ་སྟན་ནི་གཉེན་ཚང་གིས་བག་མ་སར་འབབ་པའི་ས་རུ་གདན་ཞིག་བཏིང་བ་ལ་ཟེར་བ་ཡིན་ཞིང་། དེ་ལའང་གླུ་དང་བཤད་པ་སོགས་མང་བོ་ཡོད་པ་ཡིན།

རིགས་དབྱེ།  

རྣ་འབྱོག་བཏོག་པ།

མག་པའི་རྣ་འབྱོག་བཏོག་ཚུལ་ལ་དུས་མི་འདྲ་བ་གཉིས་སྣང་སྟེ། བག་མ་ལེན་དུས་ཀྱི་དགོང་མོར་བཏོག་པ་ཞིག་དང་བག་མ་སྐྱེལ་ནས་ཕྱིར་ལོག་པའི་དགོང་མོར་བཏོག་ཚུལ་ཞིག་ཡོད། མང་ཤས་ཀྱིས་བག་མ་ལེན་དུས་ཀྱི་དགོང་མོ་དེར་བཏོག་བཞིན་འདུག

རིགས་དབྱེ།  

རྫ་ཏོ།

ཉེ་དུ་དང་སྡེ་མི་ཡོངས་ཀྱིས་རོགས་རམ་ལས་བུ་མོ་སྐྱེལ་བ་ལེགས་འགྲུབ་བྱུང་ལ་དགའ་བའི་བཟའ་བཏུང་བཤམས་པའི་སྟོན་མོ་ལ་ཟེར།

རིགས་དབྱེ།  

ལྡུག་སྤུག

ལྡུག་སྤུག་ནི་ཟ་མ་འཕྲོ་མ་རྣམས་ཆུད་ཟོས་སུ་མི་གཏོང་བར་གཙང་དག་བྱེད་པའི་དོན་ཡིན་སྙམ་སྟེ་ཕན་ཚུན་ཆ་མཚུངས་པ་རེད། ཉེ་མི་རྣམས་ཀྱིས་ཟ་འཕྲོ་འཐུང་འཕྲོ་རྣམས་གཙང་བཞེས་བྱས་ནས་སྣོད་ཅ་ལག་རྣམས་གཙང་མར་བཀྲུས་ཏེ་གཙང་དག་གམ་གཙང་སྦྲ་བྱེད་པ་དེ་ལ་ཟེར།

རིགས་དབྱེ།  

སྐྲ་ཕབ་པ།

སྐྲ་ཕབ་པ་ནི་བུ་མོ་ལོ་ན་སོན་པའམ་འཇིག་རྟེན་མཐུན་འཇུག་གི་འགོ་བརྩམས་ཆོག་པའི་རང་དབང་གི་རྟགས་མཚན་ཞིག་ཡིན།

རིགས་དབྱེ།  

སྒོ་འབྱེད།

སྒོ་འབྱེད་ནི་ཨ་ཞང་རྣམས་ཕྱིར་ལོག་དུས་གཉེན་ཚང་གི་མ་སྲུ་ཚོས་སྒོ་དམ་པོ་བརྒྱབ་ནས་ཆང་སྐལ་བྱིན་ནས། སྒོ་འབྱེད་བྱེད་ཀྱི་སྒོར་མོ་སོགས་ལེན་པའི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

ཨ་མའི་ནུ་རིན།

ཨ་མའི་ནུ་ཞོ་ལ་བརྟེན་ནས་བུ་མོའི་ལང་ཚོ་རྒྱས་པ་དང་། ཨ་མའི་བྱམས་བརྩེ་ལས་བུ་མོ་ནར་སོན་པ་ཡིན་པས་ནུ་མ་ནུ་བའི་དྲིན་ལ་རིན་པ་སྟེར་ཚུལ་ཞིག

རིགས་དབྱེ།  

གཉེན་རྟགས།

གཉེན་རྟགས་རྒྱག་པ་ནི་བུ་ལ་མནའ་མ་སློང་བའམ་བུ་མོར་མག་པ་སློང་བའི་ཆེད་དུ་ཕ་རོལ་བའི་བུ་དང་བུ་མོ་ལ་གཉེན་འབྲེལ་གྱི་རྟགས་སུ་སློང་ཆང་བྱིན་པ་དེ་ཡིན།

རིགས་དབྱེ།  

བག་ངུ་།

བག་ངུ་ནི་བུ་མོ་གནས་ལ་འགྲོ་ཁར་ཡིད་སྐྱོ་བའི་ངང་ནས་དབྱངས་སུ་འགུགས་པའི་ངག་རྟ་ཞིག་ཡིན།

རིགས་དབྱེ།  

གྲོས་ཤ་གྲོས་ཆང་།

གྲོས་ཤ་གྲོས་ཆང་ནི་བག་མ་དུས་ནམ་ཞིག་ལ་སྐྱེལ་བ་དང་ཇི་ལྟར་སྐྱེལ་བ། བག་མའི་གོས་དང་རྒྱན་ཆ། ཨ་མའི་ནུ་རིན། སྐྱེལ་མཁན་སོགས་གཏན་འབེབས་བྱེད་ཆེད། མཉམ་དུ་གྲོས་མོལ་བྱེད་པའི་ཞོར་དུ་ཤ་ཆང་ལ་རོལ་བའི་རྣམ་པ་ཞིག་ལ་ཟེར།

རིགས་དབྱེ།  

སྣ་འདྲེ་སྐྲོད་པ།

བག་མ་ལ་སྣ་འདྲེ་ཞེས་མི་དང་ཁྱིམ་ལ་དངོས་གྲུབ་སྟེར་བའི་ལྷ་དག་ལ་གནོད་འཚེ་བསམ་སྦྱོར་ཅན་གྱི་མོ་འདྲེ་སྟེ་བག་མའི་སྣ་ལ་རྒྱུ་བའི་འདྲེ་གདོན་འབྱུང་བོའི་གཟུགས་ཅན་ཞིག་ཡོད་པར་བསམ་རྒྱུ་ཡོད་ལ། དེ་ནི་མཆོག་གསུམ་བདེན་སྟོབས་ཀྱིས་སྐྲོད་པའམ་བརླག་པར་བྱེད་པ་སྟེ།རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་ཀྱི་བཀའ་བདེན་པ།གསང་སྔགས་དང་།རིག་སྔགས།གཟུངས་སྔགས།སྙིང་བོ། ཕྱག་རྒྱ། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ། ཁྱད་པར་དུ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།དཔལ་ལྡན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་དང་ལས་དང་འཇིག་རྟེན་པ་རྣམས་ཀྱི་བཀའ་བདེན་པ་དང་།བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས།བག་སྣ་ལ་རྒྱུ་བའི་འབྱུང་པོ་གདོན་གྱི་རིགས་སུ་གྱུར་ཅིང་གནོད་འཚེའི་བསམ་སྦྱོར་དང་ལྡན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག། གལ་ཏེ་བདེན་པའི་བཀའ་ཐོས་བཞིན་དུ་འགྲོ་བར་མི་བྱེད་ན་དེ་དག་ཐམས་ཅད་རབ་ཏུ་འབར་བའི་རྡོ་རྗེའི་ཁྲོ་བོ་དང་མཚོན་ཆའི་ཆར་ཆེན་པོས་རྡུལ་བཞིན་དུ་བརླག་པར་འགྱུར་བའི་དོན་ཅན་གྱི་ཚིག་ཤུགས་དྲག་པོས་ཡང་ཡང་ཟློ་པར་བྱེད་པ་ནི་ཆོ་ག་དེའི་ནང་གི་གལ་ཆེན་རྩིས་ཆེན་གྱི་ཆ་རེད།

རིགས་དབྱེ།  

མནོལ་གྲིབ་འཁྲུ་བ།

མནོལ་གྲིབ་འཁྲུ་བ་ཞེས་པ་་ནི་བག་མ་བསུ་ནས་ཁྱིམ་གྱི་མ་ཁང་དུ་ཞུགས་པའི་ཚེ། བག་བླ་ཞེས་པའི་ཨ་ཁ་དཔོན་ནམ་བླ་མཆོད་ཅིག་གདན་འདྲེན་ཞུ་ཡོད་པ་དེས་བག་མ་ལ་ཁྱིམ་ལྷ་སོགས་མནོལ་བའི་གྲིབ་ཡོད་པས་དག་སེལ་བྱེད་པ་སྟེ། སྔར་ནས་བསྒྲུབས་ཟིན་པའི་ཁྲུས་ཆུ་དང་། འོ་མ། མེ་ལོང་གི་རྫས་སོགས་ཐོགས་ཤིང་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་སྔགས་གྱེར་བཞིན་སྤེལ་བའི་བག་མ་ཚན་ཁྲུས་ཀྱི་ཆོ་ག་དེ་ལ་ཟེར།

རིགས་དབྱེ།  

གདན་འདིང་བ།

ཆོ་ག་འདི་ནི་གནས་ཁྱིམ་དུ་བག་མའི་སྲོག་ལུས་དབང་ཀླུང་བསྐྱེད་པའི་གདན་གང་འདིང་དགོས་པ་དང་ཁ་དོག་ཅི་ཞིག་འཚམ་པ་ལོ་རེས་སྤར་ཁ་ལྟར་བྱ་གླང་སྦྲུལ་གསུམ་མདོག་སྔོན་པོ།། སྟག་རྟ་ཁྱི་གསུམ་དཀར་པོ་དང་།། ཕག་ལུག་ཡོས་གསུམ་དམར་པོ་ལ།། བྱི་འབྲུག་སྤྲེལ་གསུམ་ལྗང་ཁུ་ཡིན།། ཞེས་པའི་ངག་རྒྱུན་ཞིག་ཆགས་ཡོད་པ་དང་ཡང་ན་སྐར་རྩིས་གཞུང་དང་མཐུན་པར་བཏིང་བའི་གདན་སྟེང་དུ་གྲོ་འབྲུ་དང་ནས་འབྲུས་རྟེན་འབྲེལ་གྱི་རི་མོ་གཡུང་དྲུང་དང་རྡོ་རྗེ་རྒྱ་གྲམ།འཁོར་ལོ་རྩིབས་བརྒྱད།པད་མ་འདབ་བརྒྱད་སོགས་ཕབ་པ་ལ་བག་མ་ཆེད་དུ་བཀོད་པར་བྱེད་པ་ཞིག་ཡིན།

རིགས་དབྱེ།  

དཀར་གསུམ་གྱིས་ངོ་གསོལ་བ།

དཀར་གསུམ་གྱིས་ངོ་གསོལ་བ་ཞེས་པ་ནི་བག་མ་ཁྱིམ་གཞི་གསར་བ་ལ་འབྱོར་རྗེས་ཀྱི་ལས་ཀའི་ཐོག་མ་སྟེ། རིན་པོ་ཆེ་ལས་གྲུབ་པའི་སྣོད་དེ་མནའ་མས་གཙང་མར་བཀྲུས་རྗེས། ཕྱིས་སུ་གནས་གསར་བ་དང་ཁྱིམ་གསར་བ་ནས་རང་ཉིད་ལ་ཚེ་བསོད་རླུང་རྟ་རྒྱས་པའི་རྟེན་འབྲེལ་དུ་ཞོ་དང་འོ་མ། འབྲི་མར་ཀྱིས་བཟོས་པའི་གཡང་གི་སྒོ་བཞི་བཅས་ཀྱིས་གནས་ཁྱིམ་གྱི་སྐྱབས་གནས་དམ་པའི་ལྷ་དག་ལ་མཆོད་པ་ཕུལ་ནས་ངོ་གསོལ་བ་སྟེ་ལྷས་སྐུ་དྲིན་གྱིས་བསྐྱངས་དགོས་པའི་རེ་སྨོན་ཞུ་བ་དང་ཆབས་གཅིག་ཏུ་བག་བླས་ཀྱང་དེའི་སྐོར་གྱི་འདོན་ཆོག་སོགས་གྱེར་ཏེ་བསྒྲུབས་པའི་ཆོ་ག་དེ་ལ་ཟེར།

རིགས་དབྱེ།  

མིང་འདོགས་པ།

མིང་འདོགས་པ་ཞེས་པ་ནི་མིང་འདོགས་རིག་གནས་སྤྱི་དང་མི་མཚུངས་པར་ཁྱབ་ཁོངས་གཏན་འཁེལ་དུ་ཡོད་པས་ཅུང་དམིགས་བསལ་ཞིག་སྟེ། མག་པ་དང་བག་མ་ཁྱིམ་གསར་བ་དེའི་མ་ཁང་དུ་ཞུགས་པའི་ཚེ། བག་བླ་ཞེས་པའི་བླ་མཆོད་ཅིག་གདན་འདྲེན་ཞུ་ཡོད་པ་དེས། ཐོག་མར་ཕུགས་ཀྱི་ལྷ་དང་བག་མའམ་མག་པ་གང་རུང་དེ་ལ་བུམ་ཁྲུས་བྱས་རྗེས་གནས་ཁྱིམ་དེའི་ལྷ་སྲུང་གཙོ་བོ་དང་། རིགས་རུས་ཀྱི་མིང་གསར་བ་འདོགས་པ་སྟེ། ལྷ་སྲུང་འཚོ་དང་ཡི་དམ་སྐྱིད་ལྟ་བུ་དང་། ལུམ་པ་ལྷ་མཛེས་དང་བྱང་ངོས་རིག་འཛིན་ལྟ་བུ་ཡོད་ལ། ཡང་ན། ནམ་མཁའ་བཞིན་དབུ་འཕང་མཐོ་བ་དང་། ས་གཞི་བཞིན་ཡོན་ཏན་ཀུན་བསྐྱེད་པ། རི་བོ་བཞིན་དབང་ཐང་བརྟན་པ། ཉི་ཟླ་བཞིན་ཀུན་ཏུ་སྣང་བའི་རྟེན་འབྲེལ་དུ། དེ་དག་གི་མིང་ཟུར་ལས་དྲས་པའི་མིང་གསར་བ་སྟེ། ནམ་མཁའ་འཚོ་དང་། ནོར་འཛིན་དབང་མོ། རྟག་བརྟན་འཚོ། ཉི་མ་འཚོ་དང་ཟླ་བ་སྒྲོལ་མ་སོགས་ལྟ་བུ་ཐོབ་དང་རིགས་རུས་སོགས་དང་མཐུན་ཞིང་བཀྲ་ཤིས་རིགས་རྒྱུད་འཕེལ་བའི་མིང་གསར་བ་འདོགས་པའི་ཆོ་ག་དེ་ལ་ཟེར།

རིགས་དབྱེ།  

ལྷ་ལ་འདོགས་པ།

ལྷ་ལ་འདོགས་པ་ཞེས་པ་ནི་བག་བླས་ལྷ་རྟེན་གྱི་མདའ་དར་དང་ཚེ་བུམ་སོགས་ཐོགས་ཏེ་བཤད་བརྒྱུད་སྒྲུབ་བརྒྱུད་དོན་བརྒྱུད་འཛིན་པ་ཡི་རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་དང་འཇིག་རྟེན་ཆོས་སྐྱོང་སོགས་ཀྱིས་རིགས་ཀྱི་བུ་མོ་འདི་སྲུང་ཞིང་སྐྱོབས་པར་བཅོལ་བའི་ཆོ་ག་དེ་ལ་ཟེར།

རིགས་དབྱེ།