མོད།སྔ་མའི་པར་གཞི་དེ མིང་གསང་vBAn53995  ནས 2025-06-18 08:49ལ་འགྲུབ།

མོད།

དེ་མ་ཐག་གམ་སྐད་ཅིག་ཙམ་གྱི་དོན།
1 ​འགྲེལ་བ།

1.དེ་མ་ཐག་གམ་སྐད་ཅིག་ཙམ་གྱི་དོན། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་བཞུགས་སོ》ཡི་སྟོད་ཆའི་ལྡེབ353པར། ཞེས་གསུངས་པའི་མོད་ལ། མཁའ་འགྲོ་མའི་ཚོགས་ཐམས་ཅད་ཀྱང་རང་བཞིན་གྱི་གནས་སུ་དེངས་ཏེ་མི་སྣང་བར་གྱུར། ཞེས་སམ། ལྡེབ415བར། དེའི་མོད་ལ་རྒྱལ་བུའི་དྲུང་དུ་ཕྱིན་ཏེ། ལྷ་ཐུགས་དགོངས་རྫོགས་པར་བྱས་གདའོ།། ལྡེབ692པར། མོད་ལ་བུང་བ་ཞིག་བྱུང་ཚེ།། རྒྱ་མདུད་མགོ་ཞེས་མིང་འབོད་ཅིང་།། དཀར་ནག་ཕྱེད་དེ་གང་དུ་ཐལ།། སྐད་སྙན་འཚེར་ཏེ་མི་གདའ་བ།། ཟེར་ཞིང་མྱ་ངན་བྱེད་པ་མཐོང་།། ཞེས་དང་། 《བཀའ་ཆེམས་ཀ་ཁོལ་མ》ཡི་ལྡེབ182པར། ནད་པ་ལ་སོགས་གང་ལ་རེག་གྱུར་ཀྱང་།། དེ་ཡི་མོད་ལ་ནད་རྣམས་སོས་པར་འགྱུར།། ཞེས་དང་། 《ལེགས་རྩོམ་སྙིང་བསྡུས》ཀྱི(ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ)ལྡེབ15བར། སྐྱེ་བོ་ངན་པ་ཁྲོ་བས་མོད་ལ་ཕམ།། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ)ལྡེབ282པར། སྒོམ་ཉམས་མི་ལ་སྨྲས་ན་མོད་ལ་ཡལ་ནས་ཆ། ཞེས་དང་། 《ཞབས་དཀར་པའི་རྣམ་ཐར》གྱི་སྨད་ཆའི་ལྡེབ266པར། ཁྱེད་རྣམས་བདེ་བའི་གཏམ་སྙན་དང་།། ཡི་གེ་རྟེན་བཅས་འབྱོར་བའི་མོད།། དངོས་སུ་མཇལ་འདྲའི་དགའ་སྤྲོ་ཤར།། ཞེས་འབྱུང་བ་ལྟ་བུའོ།། 2.ཡིན་མིན་སོགས་ཀྱི་ཁ་ཚོན་གཅོད་པའི་ལས་ཚིག་རྗེས་མཐུན་པ་སྟེ། ངས་འཇབ་ནས་ཡོང་གིན་ཡོད་པ་དེ་རྐུན་མ་ཞིག་ཡིན་མོད་མིན་ད་ཁྱོད་ཡིན་མོད་འདོད་ཀིན་མེད། ཅེས་དང་། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་བཞུགས་སོ》ཡི་སྟོད་ཆའི་ལྡེབ304བར། དེ་བས་ང་དང་ལྷན་ཅིག་ཏུ་སྡོད་པ་དགའ་མོད། ཅེས་སམ། ལྡེབ308པར། མཁའ་འགྲོ་མ་གསང་བ་ཡེ་ཤེས་འདོད་ཟེར་ན། དེ་ནི་ཁྱོད་ཀྱི་མ་ཡིན་མོད། མས་གྲོགས་བྱེད་དམ། དེ་ནི་ཁྱོད་ཀྱི་ལྷ་ཡིན་མོད། ལྷས་གྲོགས་བྱེད་དམ། ལྡེབ448པར། དེ་བས་བདེ་བར་གཤེགས་པའི་གསུང་རྩོད་པ་མེད་པ་འབྲི་མོད། ལྡེབ449བར། སྐྱེས་མ་ཐག་ནས་མི་སྨྲ། ནར་སོན་ནས་སྨྲ་བ་ཡིན་མོད། ལྡེབ584བར། རང་རེ་ཞིང་ཁམས་དག་པར་མཇལ་ནས་མཆི། དེས་ཆོག་མོད་གསུངས། ལྡེབ588པར། ཐབས་དང་ལྡན་ན་འདི་ཉིད་དུ་སྤྱད་པར་རིགས་མོད་ཟེར། ལྡེབ602པར། དེ་འདྲ་བའི་འཇིགས་པ་ཆེན་པོ་ནི་ཡོད་ན་དེ་ལས་ཐར་པའི་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་ང་ཡིན་མོད། ཐབས་ལས་འབྲས་ཟབ་མོ་ཡིན་མོད། དེ་ལས་སྐྱོབ་པའི་ལྷ་དཀོན་མཆོག་གསུམ་པོ་ཡིན་མོད། ལྡེབ616པར། དགེ་བཤེས་ཁུ་བྱ་བ་གཞུང་ལུགས་ཆེན་པོ་དཔྱོད་ན་ཁོང་དགོས་པ་ཡིན་མོད། མི་ཆེན་ཚོགས་ནས་འདུན་མ་བྱེད་ན་ཁོང་དགོས་པ་ཡིན་མོད། ཅེས་དང་། 《རྭ་ལོ་ཙཱ་བའི་རྣམ་ཐར》གྱི་ལྡེབ82པར། ཝ་ར་ཎ་སིར་ཕྱིན་པའི་ཚེ།། རྒྱལ་པོས་སྟག་དང་གླང་ཆེན་རྦད།། ལྟ་སྟངས་བྱས་པས་གླང་ཆེན་བཏུལ།། ཆེ་ན་ངོ་མཚར་དེ་ཆེ་མོད།། མར་ཛ་པཱུ་རིར་སླེབས་ཙ་ན།། མུ་སྟེགས་མང་པོ་རྩོད་པས་བཏུལ།། སའི་ལྷ་མོས་གུས་པར་བཏུད།། ངོ་མཚར་ཆེ་ན་དེ་ཆེ་མོད།། ཅེས་དང་། 《བཀའ་ཆེམས་ཀ་ཁོལ་མ》ཡི་ལྡེབ39བར། དེ་རིང་ཁྱེད་རང་ཚོས་མཐོང་བས་ཤེས་མོད་ཅེས་ཟེར་ནས་ཚིགས་བཅད་ཅིག་མཛད་དོ།། ཞེས་དང་། 《ཞབས་དཀར་པའི་རྣམ་ཐར》གྱི་སྟོད་ཆའི་ལྡེབ60བར། རྗེས་ནས་ཨ་མའི་ཁ་མི་སོས་པར་སྡུག་མཐོང་ཚེ། སྡེ་བའི་དཔེ་དང་ཚད་འཇོག་ས་བྱེད་དུས་བཙོག་མོད་ཟེར། ཞེས་སམ། ལྡེབ61པར། ཨ་ཡེས་ལོ་ཁ་ཤས་མ་ཤི་བར་བསྡད་ན་གོ་རྒྱུ་འདྲ་ཡོང་མོད་སྙམ། ལྡེབ288པར། འཁྲུངས་ཡུལ་གདུལ་བྱའི་ཞིང་ཡིན་པས།། ཐུགས་ཀྱིས་མ་དོར་རྗེས་སུ་ཟུངས།། རྗེས་སུ་འཛིན་ན་འཛིན་རེ་རན།། ཕེབས་མོད་བསམ་གྱིན་བལྟས་ནས་ཡོད།། ཅེས་འབྱུང་བ་ལྟ་བུའོ།། 3.ཆོག་པའམ་རུང་བའི་དོན། ཨ་མདོའི་བཏགས་ཚིག་ལས། རྟ་ཡིན་ན་སྟོད་ལ་ཁྱེར་མོད།། སྟོད་ལ་ལོ་འདེད་སྤྱད་བྱེད་མོད།། གཡག་ཡིན་ན་དཔྱིད་ཀར་བཤའ་མོད།། དཔྱིད་ནམ་ངན་སྐྱེལ་སྤྱད་བྱེད་མོད།། ཅེས་དང་། 《ཞབས་དཀར་པའི་རྣམ་ཐར》གྱི་སྟོད་ཆའི་ལྡེབ139བར། འོ་ན་ཁྱོད་ཀྱིས་ཤེས་གྱུར་ན།། ཡུལ་མེད་སྤྲང་པོ་ཁྱོད་ཉིད་ཀྱང་།། ཕ་ཡུལ་དེ་ལ་མྱུར་འགྲོ་མོད།། ང་དང་འགྲོགས་ཡ་ཅི་ལ་བྱས།། ཞེས་འབྱུང་བ་ལྟ་བུའོ།། 4.བརྣན་པ་སྟེ། ཚིག་རྟིང་གནོན་པའི་སྒྲ། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་བཞུགས་སོ》ཡི་སྟོད་ཆའི་ལྡེབ25བར། ཐེག་པ་ཆེན་པོའི་སྔགས་ལ་འཇུག་ལོ་ཞིག་བྱས། དེ་ཉམས་སུ་མ་ལོན་པར་སྔགས་པ་ཡིན་མོད་ཟེར་ནས་ཁྱིམ་ཞིག་བྱས། ཞེས་སམ། ལྡེབ138པར། བོད་ལ་རྨི་ལམ་གྱིས་ཆོག་མོད། ་་་གནས་ལུགས་ཟབ་མོ་མི་གོ་མོད། ཅེས་དང་། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ63པར། བླ་མ་རང་གིས་ཞལ་ཏ་མཛད་པའི་སྲས་མཁར་ལགས་མོད་ཞུས། ཞེས་སམ། ལྡེབ69བར། དང་པོ་མཁར་ལོངས་ནས་ཆོས་གནང་བར་མཛད་པ་ལགས་མོད་ཞུས། ཞེས་དང་། 《རྗེ་རཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》པོད3པའི་ལྡེབ471པར། རབ་ཏུ་བྱུང་བ་རེད་མོད། དགོན་པའི་གྲ་གཤག་ཆེ་ཆུང་གང་ཡིན་ཡང་རང་གིས་བཙོང་བཤིག་བྱེད་མི་ཆོག ཅེས་འབྱུང་བ་ལྟ་བུའོ།། གཞན་ཡང་། འདི་ཡིན་རྒྱུའོ་ངའི་རེད་མོད། འདི་ཤེས་རྒྱུའོ་ཤེས་ཀིན་མོད། དེ་སྩ་འིན་མོད། ཆོག་གིན་མོད། སྲལ་གིན་མོད། ཁོས་དེ་བྱེད(ཤེད)བཤད་ཀིན་མོད། འོ་ལོས་མོད། ངས་ར(ད)དེ་ཟེར་དགོ་ནི་ཡ། ཁོ་དེ་ལྟར་དུ་འགྲོ་འིན་མོད། ལྕེ་མ་ནེའི་འོག་ནས་ཕྱུངས་དགོ་ནི་མོད། ཁྱོའི་བཤད་ནོ་དེ་རེད་མོད། ཁྱོད་ལ་སྒོར་མོ་མེད་མོད། ཁྱོས་ད་ཅི་དེ་ཟེར་གིན་མོད། ཅེས་ཟེར་བ་ལྟ་བུའོ།། 5.སྐུལ་ཚིག་རྗེས་མཐུན་པ་སྟེ། ཁྱི་ཁོགས་ག(ལ)ཐོངས་མོད། ཁྱོད་སོང་མོད། མི་འགྲོ་འ(བར)ཅི་བྱེད། ཁྱོས་ར(ད)དེ་བྱེད(ཤེད)ཤོད་མོད། ངོ་མཚང་འདྲུ་རེས་བྱོས(ཤོས)མོད། སོད་ལ་ཐོངས་མོད། བྱིན་ན་ཐོངས་མོད། ཁྱེར་ར(ལ)སོང་མོད། གཉེན་ཐོར་ར(ལ)ཐོངས་མོད་ཟེར་བ་ལྟ་བུའོ།། 6.མང་བའམ་ཕུན་སུམ་ཚོགས་པའི་དོན། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་བཞུགས་སོ》ཡི་སྟོད་ཆའི་ལྡེབ149བར། མར་གསེར་མོད། ་་་ཟོང་མོད། ་་་རྒྱགས་ཆུ་མོད། ཅེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ8པའི(སྤྱོད་འཇུག་རྩ་འགྲེལ)ལྡེབ37པར། འཇིག་རྟེན་ན་ནི་སློང་བ་མོད།། གནོད་པ་བྱེད་པ་དཀོན་པ་སྟེ།། ཞེས་དང་། 《ས་སྐྱ་ལེགས་བཤད་རྩ་འགྲེལ》གྱི་ལྡེབ45བར། ནོར་ལྡན་བླུན་པོའི་ནང་ན་མང་།། དཔའ་བོ་གཅན་གཟན་ཁྲོད་ན་མོད།། ཅེས་དང་། 《ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ》གྱི་ལྡེབ145བར། ཟས་ཚོད་མའི་འཚོ་བ་དེ་ན་མོད།། གཏམ་ཆགས་སྡང་གི་ཁ་སྐད་དེ་ན་ཉུང་།། ཞེས་འབྱུང་བ་ལྟ་བུའོ།། 7.ཚིག་སྔ་ཕྱི་མི་མཐུན་པ་སྟོན་པ་སྟེ། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ41པར། ད་ཡུལ་མི་རྣམས་ཀྱིས་ཁྱོད་རང་དང་བུ་ལག་མཐུས་གསོད་པར་འདུག་གིས། ནུས་པ་རང་ཅི་ཡོད་དམ་མཐུ་བྱུང་བ་རང་གིས་ཆོག་མོད་ཟེར་མང་པོ་འབར་བྱུང་། ཞེས་དང་། 《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》གྱི་ལྡེབ100བར། འོན་ཀྱང་སྔོན་ཆད་རྣམ་ཐར་རྣམས་སུ་ཧ་ཅང་གསལ་བར་མ་འཁོད་པས་ན་དེ་ལྟར་ཡིན་ནོ་ཞེས་ངེས་པར་ཁ་ཚོན་གཅོད་དུ་ནི་མི་བཏུབ་མོད། གང་ལྟར་ཡང་མེ་བྱ་ཧོར་ཟླ་བཅུ་བའི་ཚེས་ཉི་ཤུ་ནས་ཉེར་ལྔ་ཚུན་ཆད་ལ་ནི་ངེས་པར་ཡིན་པར་སེམས་སོ།། ཞེས་འབྱུང་བ་ལྟ་བུ།