ཉེ་བའི་མིང་།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:02ལ་འགྲུབ།

ཉེ་བའི་མིང་།

རྒྱ་ཡིག་གི་བསྟན་དོན་ཉེ་མཚུངས་ཡིན་པའི་ཐ་སྙད་བོད་ཡིག་ཏུ་སྒྱུར་སྟངས་དེ་ཡི་ཐ་སྙད་མང་པོ་ཞིག་ནི་རྩ་བའི་བསྟན་དོན་འདྲ་ནའང་སོ་སོའི་ཚིག་དོན་གྱི་འཇུག་ཚུལ་དང་ལྕི་ཡང་། བསྟོད་སྨད་ཀྱི་ཡིད་འགྱུར་སོགས་ལ་ཁྱད་པར་མངོན་གསལ་ལྡན་པས། གཅིག་ཚབ་གཅིག་གིས་མི་རུང་བ་ལྟ་བུའི་གཏན་ཚིགས་ཀྱི་འབྲེལ་བ་དམ་ཞིང་སོ་སོའི་སྦྱོར་ཡུལ་ཡང་འདྲ་མིན་ཐ་དད་དུ་འབྱུང་། དེ་དག་སྒྱུར་དུས་ཀྱང་རྩ་བའི་བསྟན་དོན་ཁོ་ན་ཙམ་ལ་དམིགས་ནས་འོབ་ཚོད་ཀྱིས་མི་བསྒྱུར་བར་མིང་བརྡ་དེའི་སྦྱོར་ཡུལ་གྱི་ཚིག་སྔ་ཕྱིའི་འབྲེལ་བ་དང་སྐབས་ཐོབ་ཀྱི་འཇུག་ཚུལ་དངོས་ལ་ལེགས་པར་གཞིགས་ནས། དེའི་བསྟན་དོན་རྫོགས་པར་མ་ཟད་ཡིད་འགྱུར་སོགས་ཀྱང་ཡོངས་སུ་མཚོན་ནུས་པའི་མིང་དུ་བསྒྱུར་དགོས་པ་སོགས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
近义词
1 བསྟན་དོན་ཉེ་བའི་མིང་གི་སྒྱུར་ཚུལ།

བསྟན་དོན་ཉེ་བའི་མིང(近义词)ཞེས་པ་ནི་བརྗོད་བྱའི་བསྟན་དོན་ཕན་ཚུན་འདྲའམ་ཉེ་བའི་མིང་གི་རྣམ་གྲངས་ཀྱི་རིགས་ལ་བྱ་སྟེ། དེ་ཡང་ཐ་སྙད་མང་པོ་ཞིག་ནི་རྩ་བའི་བསྟན་དོན་འདྲ་ནའང་སོ་སོའི་ཚིག་དོན་གྱི་འཇུག་ཚུལ(词义范围)དང་ལྕི་ཡང(词义轻重)། བསྟོད་སྨད་ཀྱི་ཡིད་འགྱུར(感情色彩)སོགས་ལ་ཁྱད་པར་མངོན་གསལ་ལྡན་པས། གཅིག་ཚབ་གཅིག་གིས་མི་རུང་བ་ལྟ་བུའི་གཏན་ཚིགས་ཀྱི་འབྲེལ་བ་དམ་ཞིང་སོ་སོའི་སྦྱོར་ཡུལ་ཡང་འདྲ་མིན་ཐ་དད་དུ་འབྱུང་། དེ་དག་སྒྱུར་དུས་ཀྱང་རྩ་བའི་བསྟན་དོན་ཁོ་ན་ཙམ་ལ་དམིགས་ནས་འོབ་ཚོད་ཀྱིས་མི་བསྒྱུར་བར་མིང་བརྡ་དེའི་སྦྱོར་ཡུལ་གྱི་ཚིག་སྔ་ཕྱིའི་འབྲེལ་བ་དང་སྐབས་ཐོབ་ཀྱི་འཇུག་ཚུལ་དངོས་ལ་ལེགས་པར་གཞིགས་ནས། དེའི་བསྟན་དོན་རྫོགས་པར་མ་ཟད་ཡིད་འགྱུར་སོགས་ཀྱང་ཡོངས་སུ་མཚོན་ནུས་པའི་མིང་དུ་བསྒྱུར་དགོས་ཏེ། དེར་ཡང<<དག་མཁས་པའི་འབྱུང་གནས>>ལས། “གཞན་ཡང་རྩ་བའི་རྣམ་ཤེས་དང་ཀུན་གཞི་ཞེས་པ་གཉིས་དོན་བསྙེགས་པའི་གཞི་ཕལ་ཆེར་གཅིག་ཡིན་ཀྱང་ཕལཆེན་སྡེ་པ་དང་སེམས་ཅམ་པ་གཉིས་ཀྱིས་མིང་འདོགས་ལུགས་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་ལྟ་བུ་རྣམས་ཀྱང་རང་རང་གི་གཞུང་ལས་ཇི་ལྟར་འབྱུང་བ་ལྟར་བསྒྱུར་བར་བྱ་བ་ཡི། དོན་གཅིག་ལ་བསམས་ནས་ཐ་སྙད་ཕན་ཚུན་བསྲེ་བར་མི་བྱའོ།།”ཞེས་དོན་བསྙེགས་སའི་གཞི་ཕལ་ཆེར་གཅིག་ཀྱང་ཚིག་དོན་གྱི་འཇུག་ཚུལ་ལམ་སྤྱོད་རྒྱ་སོགས་ལ་ཁྱད་པར་ཕྲ་མོ་ཙམ་ལྡན་ཡང་སོ་སོར་ཕྱེད་དགོས་པར་ཡང་ཡང་གདམས་ཡོད་པ་ལྟར་བསྒྱུར་ཤེས་དགོས། དེར་ཡང་ཞིབ་ཏུ་དབྱེ་ན་གཤམ་གྱི་ཕྱོགས་འགའ་མཆིས་ཏེ།

1_1 གཅིག ཚིག་དོན་གྱི་ལྕི་ཡང་མི་འདྲ་བའི་མིང་གི་སྒྱུར་ཚུལ།

དེ་ཡང་མིང་བརྡ་ལ་ལ་ཞིག་རྩ་བའི་བསྟན་དོན་འདྲའམ་ཉེ་ནའང་རྩོམ་པ་པོའི་བརྩེ་དུང་གི་དབང་གིས་གནད་དོན་ཞིག་ལ་བཟུང་བའི་ལངས་ཕྱོགས་དང་ལྟ་བ་མི་འདྲ་ལ། ཚིག་དོན་གྱི་ལྕི་ཡང་ཡང་མི་འདྲ། དེ་བས་སྒྱུར་དུས་ཀྱང་དེ་དག་གི་ཁྱད་པར་ཕྲ་མོ་རྣམས་ལ་ལེགས་པར་དཔྱད་དེ་སྐབས་ཐོབ་ཀྱིས་སྒྱུར་དགོས། དཔེར་ན།

1.我们一定要克服缺点,争创好的成绩。

2.我们一定要承认自己的错误。

གོང་གི་དཔེར་བརྗོད་འདི་གཉིས་ལས་བྱུང་བའི“缺点”དང“错误”གཉིས་ནི་བསྟན་དོན་ཧ་ལམ་འདྲ་ནའང་དོན་གྱི་ལྕི་ཡང་ལ་ཁྱད་པར་ལྡན་ཏེ།“缺点”ནི་འཐུས་ཚང་མ་ཡིན་པ་སྟེ་བཟང་ཆའམ་ལེགས་ཆ་དང་ཁ་གཏད་དུ་ཡོད་པས། “སྐྱོན་ཆའམ་ཞན་ཆ”ཞེས་བསྒྱུར་དགོས་པ་དང་། “错误”ཞེས་པ་ནི་མི་འགྲིག་པའམ་ཡང་དག་མ་ཡིན་པ་སྟེ། “ནོར་འཁྲུལ”ཞེས་བསྒྱུར་དགོས་པ་སྟེ། སོ་སོར་ཁྱད་ཕྱེས་ཏེ་བསྒྱུར་ན། ང་ཚོས་སྐྱོན་ཆ་མཐའ་དག་ཁྱད་དུ་བསད་ནས་གྲུབ་འབྲས་བཟང་པོ་ཐོབ་པར་བརྩོན་ལེན་བྱ་དགོས། ང་ཚོས་ངེས་པར་དུ་རང་གི་ནོར་འཁྲུལ་ཁས་ལེན་དགོས། ཞེས་པ་ལྟ་བུ་དང་། ཡང་དཔེར་ན།

3.我们是不是去侵略别人呢?任何地方我们都不去侵略。但是人家侵略来了,我们一定要打,而且要打到底。4.滥用无产阶级政权工具随意侵犯人民的民主权利、人身权利和其他权利。

གོང་གིདཔེར་བརྗོད་འདི་གཉིས་ལས་བྱུང་བའི“侵略”དང“侵犯”གཉིས་ཀྱི་བསྟན་དོན་ཧ་ལམ་ཉེ་ནའང་དོན་གྱི་ལྕི་ཡང་མི་འདྲ་སྟེ། “侵略”ཞེས་པ་ནི་རྒྱབ་ཁབ་ལ་སོགས་ཀྱིས་དཔུང་ཤུགས་ལ་བརྟེན་ནས་གཞན་བདག་གིར་འཛིན་འདོད་ཀྱི་བྱ་སྤྱོད་ལ་གོ་བས“བཙན་འཛུལ”ཞེས་བསྒྱུར་དགོས་པ་དང་། “侵犯”ཞེས་པ་ནི་ཁྲིམས་དང་འགལ་ནས་གཞན་པར་ཐེ་གཏོགས་བྱས་ཏེ་གནོད་པ་བཟོ་བའི་དོན་ལ་འཇུག་པས།“གནོད་འཚེ”ཞེས་བསྒྱུར་དགོས་པ་ལྟ་བུ་དང་། དེ་བཞིན་དུ་རྒྱའི་སྐད་ཀྱི“优良”དང“优秀” “优越”ཞེས་པ་གསུམ་ཡང་བསྟན་དོན་ཉེ་ནའང་བསྟོད་པའི་ཚིག་ནུས་ཀྱི་ལྕི་ཡང་མི་འདྲ་བས་རིམ་བཞིན“བཟང་བོ”། “ཕུལ་བྱུང” “ཁྱད་དུ་འཕགས་པ”ཞེས་བསྒྱུར་དགོས་པ་ལྟ་བུའོ།།

1_2 གཉིས། ཚིག་དོན་གྱི་ཁྱབ་རྒྱ་མི་འདྲ་བའི་མིང་གི་སྒྱུར་ཚུལ།

མིང་བརྡ་ཁ་ཤས་ཤིག་གི་རྩ་བའི་བསྟན་དོན་འདྲ་བའམ་ཉེ་ནའང་སོ་སོའི་བསྟན་དོན་གྱི་ཁྱབ་རྒྱ་མི་འདྲ་སྟེ། ལ་ལ་ཞིག་གི་བསྟན་དོན་རྒྱ་ཆེ་བ་དང་ལ་ལ་ཞིག་གི་ཁྱབ་རྒྱ་ཅུང་ཆུང་། དེ་བས་སྒྱུར་དུས་ཀྱང་ཚིག་གི་གོང་འོག་ལ་ལེགས་པར་བརྟག་ནས་སྐབས་བབ་ཀྱི་ཁྱབ་རྒྱ་བཞིན་བསྒྱུར་དགོས། དཔེར་ན།

1.在很早的时候,中国就发明了指南针。

2.如发现了错误,一定要改正。

གོང་གི་དཔེར་བརྗོད་འདི་གཉིས་ལས་བྱུང་བའི“发明”དང“发现”གཉིས་ནི་བསྟན་དོན་ཧ་ལམ་འདྲ་ནའང་སོ་སོའི་ཚིག་དོན་གྱི་ཁྱབ་རྒྱའམ་སྤྱོད་སྟངས་ལ་ཁྱད་པར་ལྡན་ཏེ། “发明”ནི་སྔར་བྱུང་མ་མྱོང་བའི་དངོས་པོའམ་བྱ་ཐབས་གསར་བ་ཞིག་གསར་བཏོད་བྱས་པ་ལ་གོ་བས “གསར་བཏོད” དུ་བསྒྱུར་དགོས་པ་དང་། “发现”ཞེས་པ་ནི་ཡར་སྔོན་སུས་ཀྱང་མ་རྟོགས་པའམ་མ་རྙེད་པའི་དངོས་པོའམ་ཆོས་ཉིད་གང་རུང་ཞིག་གསར་དུ་རྟོགས་སོང་བ་ལ་གོ་བས “མཐོང”། “རྙེད” ། “རྟོགས”།  “ཤེས”། སོགས་སུ་བསྒྱུར་དགོས་པ་སྟེ། སོ་སོར་བསྒྱུར་ན།

ཧ་ཅང་སྔ་མོའི་དུས་ནས་ཀྲུང་གོས་ཕྱོགས་སྟོན་འཁོར་ལོ་གསར་བཏོད་བྱས་ཟིན།

གལ་ཏེ་ནོར་འཁྲུལ་ཡིན་པ་རྟོགས་ན་ངེས་པར་དུ་བཅོས་བསྒྱུར་བྱ་དགོས།

ཞེས་པ་ལྟ་བུ་དང་། དེ་བཞིན་དུ་ད་དུང་དཔེ་མང་དུ་དྲངས་ཆོག་སྟེ། 战争- དམག་འཁྲུག 战役-གཡུལ་འགྱེད།  改进-ལེགས་བཅོས།  改正-ཡོ་བསྲང་། ནོར་བཅོས།   事情-བྱ་བ།  事件-དོན་རྐྱེན།  事故-ལས་འཛོལ། ཆག་སྒོ།  亲情-ཞེ་མདངས།  友情-མཛའ་བརྩེ།  感情-བརྩེ་དུངས།  爱情-འདོད་བརྩེ། ཞེས་སོ་སོའི་ཚིག་དོན་གྱི་ཁྱབ་རྒྱ་ལྟར་བསྒྱུར་བ་ལྟ་བུས་རིགས་བསྒྲེལ་བར་བྱའོ།།

1_3 གསུམ། ཡིད་ཀྱི་འགྱུར་བ་མི་འདྲ་བའི་མིང་གི་སྒྱུར་ཚུལ།

རྩོམ་པ་པོ་གང་གིས་གནད་དོན་གང་ཞིག་ལ་བཟུང་བའི་ལངས་ཕྱོགས་དང་ལྟ་བ་སོགས་མི་འདྲ་བའི་དབང་གིས་བསྟོད་སྨད་སོགས་ཡིད་ཀྱི་འགྱུར་བའང་མི་འདྲ་བར་འབྱུང་། དེ་ཡང་མིང་བརྡ་མང་པོ་ཞིག་ནི་རྩ་བའི་བསྟན་དོན་འདྲ་ནའང་ལ་ལ་བསྟོད་པའི་དོན་ཅན(褒义词)དང་། ལ་ལ་སྨད་པའི་དོན་ཅན(贬义词)། ལ་ལ་བསྟོད་སྨད་གང་ཡང་མ་ཡིན་པ(中心词) སོགས་ཀྱི་ཁྱད་པར་ལྡན། དེ་བས་དེ་དག་སྒྱུར་དུས་ཀྱང་སོ་སོའི་ཡིད་འགྱུར་གྱི་ཁྱད་པར་ལ་ལེགས་པར་གཞིགས་ནས་སྒྱུར་བྱེད་སྐད་དུ་ཇི་བཞིན་མཚོན་པར་བྱེད་དགོས་ཏེ། དེ་ཡང་མ་རྩོམ་གང་དེའི་བསམ་པའི་འགྱུར་བ་ལྷག་ལུས་མེད་པར་ཇི་བཞིན་མཚོན་པར་བྱེད་དགོས་ལ། ཐོག་མར་མིང་བརྡ་དེའི་བསྟན་དོན་ནི་བསྟོད་སྨད་ཆགས་སྡང་གང་གི་ཕྱོགས་སུ་གཞོལ་བར་གཞིགས་དགོས་ཏེ། དཔེར་ན།

成果(褒义)一གྲུབ་འབྲས། 结果(中心)一འབྲས་བུ། 后果(贬义)一མཇུག་འབྲས། 发动(褒义)一སྐུལ་སློང་། 煽动(贬义)一ངན་སྐུལ། 团结(褒义)一མཐུན་སྒྲིལ། 勾结(贬义)一ངན་འབྲེལ། 保护(褒义)一སྲུང་སྐྱོབ། 庇护(贬义) 一འགེབས་སྲུང་། ཞེས་བསྒྱུར་བ་ལྟ་བུའོ།།

ཡང་མིང་བརྡ་ལ་ལ་ཞིག་རང་ངོས་ན་ལེགས་ཉེས་དང་བསྟོད་སྨད་ཀྱི་ཡིད་འགྱུར་མཚོན་པའི་བྲོ་བ་མི་ལྡན་མོད། སྦྱོར་ཡུལ་གྱི་དབང་གིས་སྐབས་ལ་ལར་བསྟོད་པའི་དོན་ཅན་དང་སྐབས་ལ་ལར་སྨད་པའི་ཚིག་ནུས་ཐོན་པས་ན། སྒྱུར་དུས་ཀྱང་སོ་སོའི་ལྟ་བ་དང་ལངས་ཕྱོགས་སོགས་གང་ཡིན་ལ་ལེགས་པར་གཞིགས་ནས་ཇི་བཞིན་མཚོན་པར་བྱེད་དགོས། དཔེར་ན། རྒྱ་ནག་སྐད་ཀྱི“影响”ཞེས་པའི་ཐ་སྙད་འདི་ནི་སྤྱིར་བཏང་དུ་བསྟོད་སྨད་གང་གི་ཆ་ལའང་མི་གཏོགས་མོད། འོན་ཀྱང་ཚིག་གི་ཁོར་ཡུག་མི་འདྲ་བར་སྦྱར་ན་ཡིད་འགྱུར་ཡང་མི་འདྲ་བ་འབྱུང་བས། སྒྱུར་བྱེད་སྐད་དུ་དེ་དག་གི་ཁྱད་པར་ཕྱེས་ནས་སོ་སོའི་ཡིད་འགྱུར་ཇི་བཞིན་འཐོན་པར་བྱེད་དགོས་ཏེ། དཔེར་ན།

1.中央关于加强铁路工作的决定下达以后,对各行各业都有很大的影响和推动作用。

ཀྲུང་དབྱང་གི་ལྕགས་ལམ་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་གྲོས་ཆོད་དེ་བརྒྱུད་བསྒྲགས་བྱས་རྗེས། ལས་རིགས་སོ་སོར་བཟང་ཤན་དང་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེར་ཐེབས་ཡོད།

2.搞特权,这是封建主义残余影响尚未肃清的表现。

ཁྱད་དབང་ཧམ་གཉེར་བྱེད་པ་ནི་བཀས་བཀོད་རྒྱུན་འཛིན་རིང་ལུགས་ཀྱི་ངན་ཤུགས་ལྷག་མ་དེ་ད་དུང་གཙང་སེལ་མ་བྱས་པའི་མངོན་རྟགས་རེད།

3.这种不负责任的做法,严重影响了我们各项政策的落实。

འོས་འགན་མི་འཁུར་བའི་སྤྱོད་སྟངས་འདིའི་རིགས་ཀྱིས་ང་ཚོའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱ་བར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཅེས་རྩོམ་ཡིག་སྤེལ་མཁན་གང་གི་བསམ་པའི་ཀུན་སློང་དང་གནས་སྐབས་ཀྱི་ཡིད་འགྱུར་ཇི་བཞིན་མཚོན་ཆེད་སོ་སོར“བཟང་ཤན”ཞེས་དང་། “ཤུགས་རྐྱེན་ངན་པ”། “གནོད་སྐྱོན”བཅས་སུ་བསྒྱུར་བ་ལྟ་བུས་མཚོན་ནོ།།