ལོ་ཙཱའི་ཚད་གཞི།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-01-24 16:51ལ་འགྲུབ།

ལོ་ཙཱའི་ཚད་གཞི།

དེ་ཡང་འཇིག་རྟེན་གྱི་ལས་གང་དང་གང་ཞིག་སྒྲུབ་ནའང་དེ་ཉིད་རུང་མི་རུང་དང་། འོས་མི་འོས། ལེགས་མི་ལེགས་ལ་སོགས་ཤན་འབྱེད་བྱེད་ཀྱི་ཚད་གཞི་ཞིག་ཅིས་ཀྱང་བྱུང་ཡོད་པ་ཇི་བཞིན་ཡིག་རིགས་མི་འདྲ་བ་རྣམས་ཕན་ཚུན་ལོ་ཙཱ་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་འདིར་ཡང་དེར་མཐུན་གྱི་ཚད་གཞི་ཞིག་འབྱུང་འོས་ལ་བྱུང་ཡང་ཡོད། ལོ་ཙཱའི་ཚད་གཞི་ནི་གནའ་དེང་ཕྱི་ནང་གི་མཁས་པ་མང་པོས་ལོ་ཙཱའི་དཔྱད་བརྗོད་སྤེལ་དུས་རྒྱུན་དུ་གླེང་བའི་བརྗོད་གཞི་གཙོ་བོ་ཞིག་ཡིན་ལ། ལོ་ཙཱའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ལག་ལེན་གྱིས་ངེས་པར་བརྩི་སྲུང་བྱ་དགོས་པའི་བཀའ་རྒྱ་ལྟ་བུའང་ཡིན། དེས་ན་ལོ་ཙཱའི་ཚད་གཞི་ཞེས་པའི་གོ་དོན་ཡང་གང་ཡིན་ཞེ་ན། དེ་ནི་འགྱུར་ཡིག་གང་གི་རྒྱུ་སྤུས་ཏེ་མ་ཡིག་གང་གི་དགོངས་དོན་དང་འགལ་ཡོད་མེད་དང་། རང་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་ཡིན་མིན། མ་རྩོམ་གྱི་ཉམས་འགྱུར་རྫོགས་ཡོད་མེད་ལ་སོགས་པའི་ལེགས་ཉེས་ཀྱི་ཆ་རྣམས་ལ་ཚད་འཇལ་བྱེད་ཀྱི་ཁྲུ་མ་ལྟ་བུའམ། ཡང་ན་ལོ་ཙཱའི་ལག་ལེན་བྱ་བས་ངེས་པར་དུ་བསྒྲུབ་དགོས་པའམ་སླེབས་དགོས་པའི་ཚད་ཐིག་ཅིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
翻译标准
དབྱིན་ཇིའི་མིང་།
translation criterion
1 ​ལོ་ཙཱའི་ཚད་གཞི།

དེ་ཡང་འཇིག་རྟེན་གྱི་ལས་གང་དང་གང་ཞིག་སྒྲུབ་ནའང་དེ་ཉིད་རུང་མི་རུང་དང་། འོས་མི་འོས། ལེགས་མི་ལེགས་ལ་སོགས་ཤན་འབྱེད་བྱེད་ཀྱི་ཚད་གཞི་ཞིག་ཅིས་ཀྱང་བྱུང་ཡོད་པ་ཇི་བཞིན་ཡིག་རིགས་མི་འདྲ་བ་རྣམས་ཕན་ཚུན་ལོ་ཙཱ་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་འདིར་ཡང་དེར་མཐུན་གྱི་ཚད་གཞི་ཞིག་འབྱུང་འོས་ལ་བྱུང་ཡང་ཡོད། ལོ་ཙཱའི་ཚད་གཞི་ནི་གནའ་དེང་ཕྱི་ནང་གི་མཁས་པ་མང་པོས་ལོ་ཙཱའི་དཔྱད་བརྗོད་སྤེལ་དུས་རྒྱུན་དུ་གླེང་བའི་བརྗོད་གཞི་གཙོ་བོ་ཞིག་ཡིན་ལ། ལོ་ཙཱའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ལག་ལེན་གྱིས་ངེས་པར་བརྩི་སྲུང་བྱ་དགོས་པའི་བཀའ་རྒྱ་ལྟ་བུའང་ཡིན། དེས་ན་ལོ་ཙཱའི་ཚད་གཞི་ཞེས་པའི་གོ་དོན་ཡང་གང་ཡིན་ཞེ་ན། དེ་ནི་འགྱུར་ཡིག་གང་གི་རྒྱུ་སྤུས་ཏེ་མ་ཡིག་གང་གི་དགོངས་དོན་དང་འགལ་ཡོད་མེད་དང་། རང་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་ཡིན་མིན། མ་རྩོམ་གྱི་ཉམས་འགྱུར་རྫོགས་ཡོད་མེད་ལ་སོགས་པའི་ལེགས་ཉེས་ཀྱི་ཆ་རྣམས་ལ་ཚད་འཇལ་བྱེད་ཀྱི་ཁྲུ་མ་ལྟ་བུའམ། ཡང་ན་ལོ་ཙཱའི་ལག་ལེན་བྱ་བས་ངེས་པར་དུ་བསྒྲུབ་དགོས་པའམ་སླེབས་དགོས་པའི་ཚད་ཐིག་ཅིག་ལ་ཟེར།

1_1 བོད་སྔ་རབས་ཀྱི་ལོ་ཙཱའི་ཚད་གཞི།

ད་ཡོད་ཀྱི་ཡིག་ཆར་བལྟས་ན་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་ལོ་ཙཱའི་ཚད་གཞི་གྲགས་ཅན་གསུམ་ཙམ་བྱུང་ཡོད་དེ། ཚད་གཞི་དང་པོ་ནི《སྒྲ་སྦྱོར་བམ་གཉིས》ལས་ལོ་ཙཱའི་ཚད་གཞི་ལ་འདི་ལྟར་བསྟན་ཡོད་དེ། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག”ཅེས་འགྱུར་ཡིག་གང་ཉིད་བསྒྱུར་བྱ་མ་ཡིག་གི་དགོངས་དོན་དང་འགལ་མི་རུང་སྟེ། མ་རྩོམ་གང་གི་བསྟན་དོན་དེ་ངོ་བོ་གཞན་དུ་མ་འགྱུར་བར་ཇི་བཞིན་མཚོན་པར་བྱེད་པ་དང་གཅིག སྐད་ཆའི་སྦྱོར་ལུགས་སོགས་བོད་སྐད་ཀྱི་ལུགས་དང་བརྡ་སྤྲོད་ཀྱི་རྣམ་བཞག་སོགས་དང་བསྟུན་ནས་འགྱུར་མ་གང་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་འོང་དགོས་པ་དང་གཉིས་སོ།། སྔ་མའི་དོན་དང་མི་འགལ་བ་ལས་ལྡོག་པའི་འགྱུར་མ་གང་ཡང་ལོ་ཙཱ་བྱ་བའི་མཚན་ཉིད་མི་ལྡན་པ་དང་། ཕྱི་མ་བོད་ལ་གར་བདེ་བར་བྱེད་པ་དང་ལྡོག་ན་བོད་པས་གོ་བར་མི་འགྱུར་ལ་ལོ་ཙཱ་བྱ་བའི་དགོས་པའང་མ་འགྲུབ་པ་ཡིན་ནོ།། མདོར་ན། གོང་གི་ལོ་ཙཱའི་ཚད་གཞི་འདི་ནི་མི་རིགས་གཞན་དང་བསྡུར་ན་བྱུང་སྔ་བས་དུས་རབས་ཀྱི་རང་བཞིན་ཆེས་ཆེར་ལྡན་པ་དང་གཅིག ལོ་པཎ་མང་པོའི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་ཐོན་པ་རྒྱལ་པོས་བཀས་བཅད་མཛད་རྗེས་སྤྱི་བསྒྲགས་བྱས་པས་དབང་གྲགས་རང་བཞིན་ལྡན་པ་དང་གཉིས། རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་ཚད་གཞི་གྲགས་ཅན་རྣམས་དང་མ་བསྟུན་རང་མཐུན་དུ་སོང་བས་བཀོལ་སྤྱོད་རིན་ཐང་ཤིན་ཏུ་ཆེ་བ་དང་གསུམ། དམ་ཆོས་དང་རྩོམ་རིག ཚན་རྩལ་གཞུང་ལུགས་སོགས་རྩོམ་རིགས་གང་ལ་གང་འཚམ་དུ་བསྟན་པས་བྱེ་བྲག་གི་མཛུབ་སྟོན་རང་བཞིན་ལྡན་པ་དང་ལྔ། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་རྣམས་ཀྱིས་བརྩི་འཇོག་གང་ལེགས་མཛད་དེ་ལག་ལེན་དུ་བཏབ་པ་དང་ལྔ། ཡང་དག་པ་དང་ཚད་མར་འཛིན་རིགས་པའི་ཆ་མང་དུ་མཆིས་པས་ཚན་རིག་རང་བཞིན་ལྡན་པ་དང་དྲུག་བཅས་ནི་བོད་སྔ་རབས་ཀྱི་ལོ་ཙཱའི་ཚད་གཞིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ།།

ཚད་གཞི་གཉིས་པ་ནི་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གྱིས། ལོ་ཙཱ་བྱེད་དུས་བསྒྱུར་བྱའི་མ་ཡིག་གི་དོན་དང་འགལ་མི་རུང་བར་མ་ཟད། འགྱུར་མ་གང་གི་རྣམ་པ་སྟེ་ཚིག་གི་སྦྱོར་བ་ཡན་ཆད་བསྒྱུར་བྱའི་མ་ཡིག་ལ་ཇི་ལྟ་ཇི་ལྟར་ཡོད་པ་སྒྱུར་བྱེད་ཀྱི་སྐད་ལའང་དེ་ལྟ་དེ་ལྟར་འཐོན་དགོས་པར་བསྟན།

ཚད་གཞི་གསུམ་པ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེས་“ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས”ཞེས་བྱེ་བྲག་ཏུ་ཚད་གཞི་གསུམ་ཙམ་གཏན་འབེབས་བྱས་པ་སྟེ། ཚིག་གསལ་བ་དང་གཅིག གོ་བདེ་བ་དང་གཉིས། དོན་དང་མི་འགལ་བ་གསུམ་མོ།། ད་དུང་ཡང་ཁོང་གི་ཞལ་ནས“གཞུང་གིས་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩོམ་པ་པོས་ཇི་ལྟར་བརྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ།།”ཞེས་མ་ཡིག་གང་ལ་བསྟུན་དགོས་པར་གལ་ཆེན་དུ་གསུངས་ཡོད་པ་ལྟར་རོ།།

1_2 ཕྱིའི་མཁས་པས་བཞེད་པའི་ལོ་ཙཱའི་ཚད་གཞི། 

དུས་རབས་བཅོ་བརྒྱད་པའི་དུས་མཇུག་སྟེ་སྤྱི་ལོ་1972ལོར་དབྱིན་ཇིའི་མིང་དུ་གྲགས་པའི་ལོ་ཆེན་ཐེ་ཐི་ལི(泰特勒)ཡིས་བརྩམས་ཤིང་འཛམ་གླིང་གི་ལོ་ཙཱའི་གཞུང་ལུགས་ཐད་ཀྱི་ཆེད་རྩོམ་ཐོག་མར་གྲགས་པའི་ཁོང་གི་བརྩམས་ཆོས《ལོ་ཙཱའི་རྩ་དོན་གླེང་བ》ཞེས་པར་འགྱུར་མས་མ་ཡིག་གི་ནང་དོན་ཡོངས་སུ་མཚོན་དགོས་པ་དང་། རྩོམ་གཤིས་དེ་མ་ཡིག་དང་ཡོངས་སུ་མཐུན་པ། མ་ཡིག་དང་མཚུངས་པར་འགྱུར་མ་བརྗོད་བདེ་བ་ཡིན་དགོས་པའི་ལོ་ཙཱའི་རྩ་དོན་གསུམ་བཏོན་པ་དེ་ནི་སྐབས་དེའི་ནུབ་ཕྱོགས་ལོ་ཙཱའི་སྟེགས་བུར་ཧ་ཅང་གྲགས་ཆེ་བ་ཞིག་རེད། ཨ་མེ་རུ་ཁའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་དང《དམ་པའི་གསུང་རབ》དབྱིན་ཡིག་ཏུ་སྒྱུར་མཁན་གྱི་ལོ་ཆེན་ནེ་ཏ་མཆོག་གིས། ལོ་ཙཱ་ཞེས་པ་སྒྱུར་བྱེད་ཀྱི་སྐད་ལ་ཆེས་དོན་མཚུངས་ཡིན་པ་དང་ཆེས་བབ་ཆགས་ཡིན་པའི་སྐད་དོད་དོ་མཉམ་ཞིག་བཙལ་ནས་བསྒྱུར་བྱའི་སྐད་ལས་བྱུང་བའི་བརྡ་འཕྲིན་ཇི་ལྟ་བ་བཞིན་བསྐྱར་མཚོན་བྱ་དགོས་ཞེས་ལོ་ཙཱའི་གོ་དོན་དང་འབྲེལ་ཏེ་ཚད་གཞི་བཞི་ཙམ་གསུངས་ཡོད་དེ། དོན་དང་བསྟུན་པ། སྣང་བརྙན་ལྡན་པ། རྗོད་བྱེད་སྡེབ་ལེགས་ཤིང་བབ་ཆགས་པ། འགྱུར་མའི་ཀློག་པ་པོའི་མྱོང་སྣང་དེ་མ་ཡིག་ཀློག་པ་པོའི་མྱོང་སྣང་དང་གཅིག་མཚུངས་ཡིན་དགོས་ཞེས་ནུས་མཚུངས་སྨྲ་བའི་ཚད་གཞི་དེ་ཐོག་མར་བཏོན།

དུས་རབས་བཅུ་དགུ་བའི་ལོ་རབས50བར་ཙམ་ལ་སུའུ་ལེན་སྔོན་མའི་ལོ་ཙཱ་བ་གྲགས་ཅན་ཧྥེ་ཏའོ་ལོ་ཧྥུ(费道罗天)སོགས་ཀྱིས་ཡིག་སྒྱུར་ལག་ལེན་ཁྲོད་དོ་མཉམ་སྨྲ་བའི་ལོ་ཙཱའི་ཚད་གཞི་འདོན་གནང་མཛད་ཅིང་། དེ་ཡང་དོ་མཉམ་ལོ་ཙཱ་ཟེར་བ་ནི་མ་ཡིག་གི་བསམ་བློའི་ནང་དོན་མཚོན་པ་ཡང་དག་པ་དང་ཚིག་རྒྱན། བྱེད་ནུས་སོགས་མ་ཡིག་དང་ཧ་ཅང་འདྲ་མཚུངས་ཡིན་པ་ཞིག(等值翻译是表达的原文思想内容完全准确并在修辞上、作用上与原文完全一致)ལ་གོ་ཞིང་། མ་ཡིག་དང་འགྱུར་ཡིག་བར་དུ་དོ་མཉམ་ཡོང་ཐུབ་མིན་དེ་གཙོ་བོ་མ་ཡིག་དང་འགྱུར་ཡིག་ཀློག་པ་པོའི་མྱོང་ཚོར་གཅིག་མཚུངས་ཡིན་མིན་ལ་བྱ་བ་དང་། དེ་ཡང་ཕྱོགས་གཉིས་ནས་དོ་མཉམ་ཡོང་བར་བྱེད་པ་ཡིན་ཏེ། གཅིག་ནི་མ་ཡིག་དང་འགྱུར་ཡིག་གི་ནུས་པ་དོ་མཉམ་དང་། གཉིས་ནི་མ་ཡིག་དང་འགྱུར་ཡིག་གི་བརྡ་སྤྲོད་སྟངས་དང་སྒྱུ་རྩལ་གྱི་ཁྱད་ཆོས་དོ་མཉམ་པའོ།།

1_3 རྒྱའི་མཁས་པས་བཞེད་པའི་ལོ་ཙཱའི་ཚད་གཞི།

1.ལྟ་བ་དང་པོ་ནི་རྒྱའི་ལོ་ཙཱ་བ་གྲགས་ཅན་ཡན་ཧྥུ(严复1854—1921)ལགས་ཀྱིས (འཕེལ་འགྱུར་སྨྲ་བ) (《天演论·译例言》)ཞེས་པའི་དཔེ་དེབ་སྒྱུར་དུས།  “译事三难:信达雅。求其信已大难矣。顾信矣不达。虽译犹不译也。则达尚焉”ཞེས་ལོ་ཙཱའི་ཚད་གཞི་ལ“信、达、雅”ཞེས་ཡིག་འབྲུ་གསུམ་དུ་བསྡུས་ནས་བསྟན་ཡོད་ལ། ཀྲིག་ཀྲིན་ཧྥུ(周振甫)བྱ་བས་གོང་གི་ཚིག་དེ་འདི་ལྟར་གོ་བདེར་འགྲེལ་ཡོད་དེ། “ལོ་ཙཱའི་བྱ་བ་ལ་དཀའ་བ་རྣམ་གསུམ་ལྡན་ཏེ། འགྱུར་ཡིག་གང་ཉིད་མ་ཡིག་ལ་བསྟུན་པ་དང་བརྗོད་བདེ་བ། སྙན་འཇེབས་འོང་བ་བཅས་སོ།།”

2.ལྟ་བ་གཉིས་པ་ནི1932ལོར་མིང་དུ་གྲགས་པའི་རྒྱའི་ལོ་ཙཱ་བ་ལིན་ཡུས་ཐང(林语堂)ལགས་ཀྱིས《ལོ་ཙཱ་གླེང་བ 》(《论翻译》)ཞེས་པའི་བརྩམས་ཆོས་གྲགས་ཅན་དེའི་ནང་ལོ་ཙཱའི་བྱ་བ་ལ་“མ་ཡིག་ལ་བསྟུན་པ། བརྗོད་བདེ་བ། མཛེས་པ། ”(忠实、通顺、美)ཞེས་ཚད་གཞི་གསུམ་ཙམ་བསྟན། ཁོང་གིས་“ལོ་ཙཱ་གླེང་མཁན་ཞིག་ཡིན་ན་ཐོག་མར་བློ་ལ་ངེས་དགོས་པ་ཞིག་ལ་ལོ་ཙཱ་ནི་སྒྱུ་རྩལ་ཞིག་ཡིན་པ་དེའོ།།”ཞེས་ལོ་ཙཱའི་ཚད་གཞི་ལ་མཛེས་དཔྱོད་རིག་པ་དང་སེམས་ཁམས་རིག་པ། རྩོམ་རིག་སྒྱུ་རྩལ་རིག་པ་ལ་སོགས་ཀྱི་ནང་དོན་བསྣན་ནས་ཡན་ཧྥུ་ཡི་ལྟ་བ་འཕེལ་རྒྱས་སུ་བཏང་ཡོད་དོ།།

3.ལྟ་བ་གསུམ་པ་ནི་རྒྱའི་མཁས་པ་ལིང་ཧྲི་ཆིག(梁实秋)དང་ཀྲའོ་ཅིན་ཁྲིན(赵景深)གཉིས་ཀྱིས་བཏོན་པའི“མ་ཡིག་ལ་བསྟུན་མི་ནུས་ཀྱང་ངེས་པར་དུ་བརྗོད་བདེ་བ་ཞིག་ཡིན་དགོས། ”(宁错务顺)ཞེས་པ་དེ་རེད།

4. ལྟ་བ་བཞི་བ་ནི་མིང་དུ་གྲགས་པའི་རྩོམ་རིག་པའམ་ལོ་ཙཱ་བ་སྐུ་ཞབས་ལུའུ་ཞུན(鲁迅)ལགས་ཀྱིས་གོང་གི“བསྟུན་པ་ལས་བདེ་བ་གལ་ཆེ”ཞེས་པ་དེར་ཁ་གཏད་ནས་ཏག་ཏག་དེ་ལས་ལྡོག་སྟེ“བདེ་བ་ལས་བསྟུན་པ་གལ་ཆེ”(宁信不顺)ཞེས་པའི་ཚད་གཞི་བཏོན། ཕྱིས་སུ་ཁོང་གིས་ཡང་བསྐྱར“གོ་སླ་བ་ཞིག་འབྱུང་བར་བརྩོན་དགོས་པར་མ་ཟད་མ་ཡིག་གི་ཉམས་ཀྱང་སོར་འཇོག་བྱེད་དགོས”པའི་ལོ་ཙཱའི་ཚད་གཞིའང་བཏོན་མྱོང་།

5.ལྟ་བ་ལྔ་བ་ནི་རྒྱའི་མཁས་པ་ཆུའུ་ཆིའུ་པའེ(瞿秋白)ལགས་ཀྱིས་བཏོན་པའི་ལོ་ཙཱའི་ཚད་གཞི་སྟེ། ཁོང་གིས“བསྟུན་པ”དང“བདེ་བ”གཉིས་འགལ་ཟླར་མི་བཟུང་བར་གཅིག་གྱུར་བྱ་དགོས་པར་བརྗོད་ལ། མ་ཡིག་ལ་བསྟུན་ན་འགྱུར་མ་བརྗོད་མི་བདེ་བ་དང་། འགྱུར་མ་བརྗོད་བདེ་ན་མ་ཡིག་ལ་བསྟུན་མི་ནུས་པའི་ངེས་པ་གང་ཡང་མེད་པར་འདོད།

6.ལྟ་བ་དྲུག་པ་ནི་རྒྱའི་ལོ་ཙཱ་བ་གྲགས་ཅན་སྐུ་ཞབས་ཧྥུ་ལེ(傅雷)ཡིས་བཏོན་པའི་ཚད་གཞི་ཞིག་སྟེ། ཁོང་གིས“ཕན་འབྲས་ཀྱི་ཆ་ནས་བརྗོད་ན་ཡིག་སྒྱུར་བྱེད་པ་ནི་རི་མོ་འབྲི་བ་དང་ཀུན་ནས་མཚུངས་ཏེ། ཕྱིའི་རྣམ་པ་འདྲ་བ་མ་ཡིན་པར་བརྗོད་སྙིང་ངམ་རྩོམ་ཉམས་འདྲ་བོ་ཡོང་བ་བྱེད་རྒྱུ་དེ་རེད”(不在形似而在神似)ཅེས་མ་རྩོམ་གང་གི་ཉམས་འགྱུར་དང་གསོན་ཤུགས་ལ་སོགས་ཇི་བཞིན་མཚོན་པར་བྱེད་རྒྱུ་དེ་ལོ་ཙཱའི་ཚད་གཞི་རུ་བསྟན་ཡོད།

7.ལྟ་བ་བདུན་པ་ནི་རྒྱའི་མིང་དུ་གྲགས་པའི་མཁས་པ་ཆན་ཀྲུང་ཧྲོ (钱钟书)ལགས་ཀྱིས་བཏོན་པའི་ལོ་ཙཱའི་ཚད་གཞི་སྟེ། “བརྩམས་ཆོས་གང་ཉིད་རྒྱལ་ཁབ་ཅིག་གི་ཡིག་རིགས་ལས་རྒྱལ་ཁབ་གཞན་ཞིག་གི་ཡིག་རིགས་སུ་བསྒྱུར་ན་ཡང་། སྐད་ཆའི་སྦྱོར་སྟངས་ཀྱི་ཁྱད་པར་ལས་བྱུང་བའི་རྡོ་ཆག་བཙན་སྒྲིག་གི་རྨ་ཤུལ་གང་ཡང་མེད་པར་མ་ཟད། སྔར་ཡོད་ཀྱི་རྩོམ་ཉམས་ཇི་བཞིན་སོར་འཇོག་བྱ་ནུས་ན། ད་གཟོད་ཉམས་འགྱུར་ཡོངས་སུ་རྫོགས་པའི(化境)ཚད་ལ་སླེབས་པ་ཡིན།”ཞེས་གསུངས་སོ།།

1_4 ལོ་ཙཱའི་ཚད་གཞི་གཏན་དུ་འཁེལ་བ།

གོང་དུ་བརྗོད་པ་བཞིན། ལོ་ཙཱའི་ཚད་གཞི་ཐད་ལ་གནའ་དེང་ཕྱི་ནང་གི་མཁས་པ་མང་པོས་བཞེད་ཚུལ་སྣ་ཚོགས་ཤིག་བཏོན་ཡོད་མོད། དེ་དག་ལས་ཀྱང་མང་པོ་ཞིག་ནི་སྐད་ཆའི་རྗོད་སྟངས་མི་འདྲ་བ་མ་གཏོགས་དོན་གྱི་བསྙེག་ས་ཕལ་ཆེར་ཞིག་གཞི་གཅིག་གི་སྟེང་དུ་འབབ་ཅིང་། ལྟ་བ་གཙོ་བོ་རེ་གཉིས་ནི་ཡོད་ཚད་ཀྱིས་དཀྱུས་གཅིག་ཏུ་ཁས་ལེན་བྱེད། དེས་ན་གོང་གི་བཞེད་ཚུལ་མང་པོ་ལས་ཆ་འདྲ་བ་རྣམས་གཅིག་ཏུ་བསྡུས་ཏེ། རྩ་དོན་རང་བཞིན་གྱི་ཚད་གཞི་འགའ་ཁོལ་དུ་ཕྱུང་ནས་གཏན་དུ་འཁེལ་བའི་ཚད་གཞི་གསུམ་ཙམ་ཅིས་ཀྱང་ཚང་དགོས་སོ།།

1_4_1 གཅིག མ་ཡིག་ལ་བསྟུན་པ།

འདི་ནི་གནའ་དེང་གི་ཕྱི་ནང་གི་མཁས་པ་མང་པོས་ཐུན་མོང་དུ་ཁས་ལེན་པའི་ལོ་ཙཱའི་ཚད་གཞི་དང་པོ་སྟེ། ལོ་ཙཱ་བྱ་བའི་ཆེས་རྩ་བར་གྱུར་བའི་རེ་བའང་ཡིན། མ་ཡིག་ལ་བསྟུན་པ་ཞེས་མ་ཡིག་གི་དོན་དང་འགལ་མི་རུང་བར་བསྟན་པ་སྟེ། བསྒྱུར་བྱ་གང་དེའི་བསྟན་དོན་ཧྲིལ་པོར་ཆད་ལྷག་ནོར་འཛོལ་ཅི་ཡང་མེད་པར་མ་ཡིག་ལ་ཇི་ལྟ་ཇི་ལྟར་ཡོད་པ་འགྱུར་ཡིག་ཏུའང་དེ་ལྟ་དེ་ལྟར་མཚོན་པར་བྱེད་དགོས། བོད་སྔོན་རབས་པས་ལོ་ཙཱ་བའི་མིང་ལ“སྐད་གཉིས་སྨྲ་བ”དང“ནེ་ཙོ”ཞེས་བརྗོད་པ་ལྟར། ལོ་ཙཱ་བ་ཞིག་གི་འོས་འགན་ནི་གཞན་གྱིས་བརྗོད་ཟིན་པའི་དོན་གང་ཞིག་ཡིག་རིགས་གཞན་ཞིག་གི་ལམ་ནས་ཡང་བསྐྱར་མཚོན་པར་བྱེད་པ་ལས་དེ་ཉིད་ལ་འགྲིག་མི་འགྲིག་དང་། ལེགས་མི་ལེགས་སོགས་གང་ཞིག་བྱུང་ཡང་རང་གི་འདོད་མོས་ལྟར་བཅོས་ན་མི་རུང་ངོ་།།

1_4_2 གཉིས། ཚིག་སྦྱོར་འབྲེལ་ཆགས་ཤིང་བརྗོད་བདེ་བ།

འགྱུར་མ་འབྲེལ་ཆགས་ཤིང་བརྗོད་བདེ་བ་འདིའང་ཀུན་གྱིས་ཁས་ལེན་པའི་ལོ་ཙཱའི་ཚད་གཞི་གཙོ་བོ་ཞིག་སྟེ། ཚད་གཞི་འདི་ལ་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ངེས་ཅན་ཞིག་ལྡན་པའི་ཁར། ཡུན་རིང་བའི་ལོ་ཙཱའི་ལག་ལེན་གྱི་ཞིབ་བཤེར་བརྒྱུད་ནས་ཡང་དག་ཡིན་པ་ར་སྤྲོད་བྱས་འདུག སྤྱིར་ལོ་ཙཱ་བྱ་བའི་མཐར་ཐུག་གི་དམིགས་ཡུལ་ནི་གཞན་སྐད་ཀྱིས་བསྟན་ཟིན་པའི་ཤེས་བྱ་གང་ཉིད་རང་ཡུལ་དུ་འདྲེན་རྒྱུ་དེ་ཡིན་ལ། གང་བསྒྱུར་བ་དེ་རང་ཡུལ་དུ་འཆད་ཉན་རྒྱས་མིན་ཡང་མདོར་དྲིལ་ན་འགྱུར་ཡིག་གང་ཉིད་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་ཡིན་མིན་ལ་རག་ལས་ཏེ། གལ་ཏེ་འགྱུར་ཡིག་གང་ཞིག་ཀློག་པ་པོས་བཀླགས་ཀྱང་མ་གོ་བའམ་བརྗོད་མ་བདེ་ན་ལོ་ཙཱའི་འོས་འགན་འགྲུབ་ཡོད་པར་བརྗོད་དཀའོ།།

1_4_3 གསུམ། མ་ཡིག་གི་རྩོམ་གཤིས་སོར་འཇོག་བྱེད་པ།  

མ་ཡིག་གི་ཉམས་འགྱུར་ཞེས་པར་དུས་རབས་དང་མི་རིགས། ས་གནས་ཁོར་ཡུག་རྩོམ་པ་པོ་སོགས་ལས་བསྐྱེད་པའི་རྩོམ་གཤིས་དང་། གཞན་ཡང་ཐུན་མིན་གྱི་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་ལ་སོགས་པའི་ཁྱད་ཆོས་མང་པོ་འདུས་ལ། དེ་ནི་བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ཏུ་འདྲེས་ནས་ངོ་བོ་དབྱེར་མེད་དུ་གྱུར་བ་དེའི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད། ཁྱད་ཆོས་དེ་དག་ཇི་མ་ཇི་བཞིན་འགྱུར་ཡིག་ཁྲོད་དུ་སོར་འཇོག་བྱ་རྒྱུ་ནི་ལོ་ཙཱ་བ་རྣམས་ཀྱིས་ཅི་ནུས་སྒོས་འབད་འབུངས་དང་བརྩོན་ལེན་བྱ་དགོས་པའི་དམིགས་ཡུལ་ཡིན། རྩོམ་ཉམས་དེ་ཡང་གཙོ་བོ་ཚིག་གི་སྦྱོར་བ་ཁ་དམ་ལྷོད་དང་གོ་སླ་མིན། ཚིག་མཛེས་མིན་ལ་སོགས་ཕྱིའི་རྣམ་པའི་སྟེང་ནས་མངོན་པར་མ་ཟད། གཞན་བརྩམས་ཆོས་ཧྲིལ་པོར་འདྲེས་ཤིང་འཐིམ་པའི་གཤིས་ཉམས་དང་བཟོ་ལྟ། བླ་སྲོག་ལྟ་བུ་སོགས་ཀྱང་ཡིན། དེ་བས་རང་སྐད་དུ་བསྒྱུར་དུས་ཀྱང་ཕྱི་རྣམ་པ་སྟེ་ཚིག་སྦྱོར་གྱི་ཁྱད་ཆོས་ཇི་བཞིན་མཚོན་པར་བྱེད་དགོས་པ་ལས་གཞན་ད་དུང་མ་རྩོམ་ཧྲིལ་པོར་དཀྱུས་གཅིག་ཏུ་ཁྱབ་པའི་རྩོམ་གཤིས་དང་ཉམས་འགྱུར་དེ་ཡང་འགྱུར་ཡིག་ཁྲོད་ཅི་ནུས་སྒོས་རྫོགས་པར་བྱ་དགོས།

《སྒྲ་སྦྱོར་བམ་གཉིས》ལས  “དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་གསུངས་པ་ལྟར། དམ་པའི་ཆོས་བསྒྱུར་བའི་སྐབས་སུ་བསྟན་བྱའི་དོན་ཇི་བཞིན་དུ་ཕབ་སྒྱུར་བྱེད་དགོས་པ་དང་། རྗོད་བྱེད་ཚིག་གི་འཇུག་པ་བརྡ་སྤྲོད་གཞུང་དང་མཐུན་པ། བོད་མི་རྣམས་ཀྱིས་གོ་བདེ་བ་བཅས་དེ་གསུམ་ནི་བསྒྱུར་ལེགས་ཉེས་ཀྱི་འཇལ་བྱེད་ཚད་གཞི་ལྟ་བུར་བཞག་ཡོད། དེ་ཡང《ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་》ནང་།  “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་བ། བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་གསལ་བཀྲོལ་གནང་སྟེ་གསུངས་པ་ལྟར་རོ།། 



དཔྱད་གཞིའི་ཡིག་ཆ།