བདུད་སྡིག་ཅན་ཟློག་པར་བྱེད་པ་རྣམ་པ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:42ལ་འགྲུབ།

བདུད་སྡིག་ཅན་ཟློག་པར་བྱེད་པ་རྣམ་པ་བཅུ་དྲུག

མདོ་རྒྱ་ཆེར་རོལ་པ་ལས་བྱུང་བའི་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་ཟློག་པར་བྱེད་པ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཁ་པ》ཤ264བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

མདོ་རྒྱ་ཆེར་རོལ་པ་ལས་བྱུང་བའི་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་ཟློག་པར་བྱེད་པ་སྟེ།

1.སྡིག་ཅན་ཁྱོད་ནི་དཔའ་བོས་ཕ་རོལ་སྡེ་བཅོམ་པ་ལྟར་བྱང་ཆུབ་སེམས་དཔས་དོ་མོད་ཕམ་པར་བྱེད་པར་འགྱུར་རོ། །

2.སྡིག་ཅན་ཁྱོད་ནི་གྱད་སྟོབས་ཆུང་ངུར་གྱད་སྟོབས་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཚར་བཅད་པར་འགྱུར་རོ། །

3.སྡིག་ཅན་ཁྱོད་ནི་སྲིན་བུ་མེ་ཁྱེར་ལ་ཉི་མའི་དཀྱིལ་འཁོར་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་པར་འགྱུར་རོ། །

4.སྡིག་ཅན་ཁྱོད་ནི་ཕུབ་མ་སྦར་གང་ལ་རླུང་དམར་བཏབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་གཏོར་བར་འགྱུར་རོ། །

5.སྡིག་ཅན་ཁྱོད་ནི་ཝ་ལ་སེང་གེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་དངངས་པར་བྱས་པར་འགྱུར་རོ། །

6.སྡིག་ཅན་ཁྱོད་ནི་ཤིང་སཱ་ལ་ཆེན་པོ་རྩ་བ་ནས་བཅད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བསྒྱེལ་བར་འགྱུར་རོ། །

7.སྡིག་ཅན་ཁྱོད་ནི་མི་འཛའ་བའི་གྲོང་ཁྱེར་ལ་རྒྱལ་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརླག་པར་འགྱུར་རོ། །

8.སྡིག་ཅན་ཁྱོད་ནི་བ་རྗེས་ཀྱི་ཆུ་ལ་ཉི་ཚན་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཡོངས་སུ་ཟད་པར་འགྱུར་རོ། །

9.སྡིག་ཅན་ཁྱོད་ནི་མི་གཡོན་ཅན་གསད་པར་བྱ་བ་ཤོར་བ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་འབྲོས་པར་བྱེད་པར་འགྱུར་རོ། །

10.སྡིག་ཅན་ཁྱོད་ནི་མེའི་ཚ་བས་བུད་པའི་ཁྱུ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མགོ་འཁོར་བར་བྱེད་པར་འགྱུར་རོ། །

11.སྡིག་ཅན་ཁྱོད་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མྱ་ངན་བྱེད་དུ་བཅུག་པར་འགྱུར་རོ། །

12.སྡིག་ཅན་ཁྱོད་ནི་ཁྲུང་ཁྲུང་དཀར་མོ་འདབ་མ་བྲེགས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སེམས་ཁོང་དུ་བཅུག་པར་འགྱུར་རོ། །

13.སྡིག་ཅན་ཁྱོད་ནི་འབྲོག་དགོན་པར་ལམ་རྒྱགས་ཆད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཕོངས་པར་བྱེད་པར་འགྱུར་རོ། །

14.སྡིག་ཅན་ཁྱོད་ནི་རྒྱ་མཚོར་ཆེན་པོར་གྲུ་ཞིག་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་དུ་བྱས་པར་འགྱུར་རོ། །

15.སྡིག་ཅན་ཁྱོད་ནི་སྲེག་པའི་བསྐལ་པས་རྩ་དང་ནགས་ཚལ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རྙིས་པར་བྱས་པར་འགྱུར་རོ། །

16.སྡིག་ཅན་ཁྱོད་ནི་རིའི་རྩེ་མོ་ལ་རྡོ་རྗེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརྙིལ་བར་འགྱུར་བ་བཅས་སོ། །