【ཐལ་འགྱུར་བ】 དབུ་མའི་འཆད་རྩོད་ཀྱི་གཞུང་ཚན་དབུ་མ་ཐལ་བཟློག་སྟེ། འདིའི་ནང་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་ཡིན། ། ཞེས་སོགས་གསུངས་པའི་དོན་ལས་འཕྲོས་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གྲངས་ཅན་གྱིས་འདོད་པའི་བདག་སྐྱེ་འགོག་བྱེད་ཀྱི་མདོར་བསྟན་གྱི་ཐལ་བ(སློབ་དཔོན་གྱིས་དབུ་མ་རྩ་ཤེའི་འགྲེལ་བ་བུདྡྷ་པ་ལི་ཏའི་ནང་དུ་བཀོད་པའི་ཐལ་ངག་ནི། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། ། ཞེས་པ་འདི་ཡིན)ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས(གཞུང་འདི་ལ་བདག་སྐྱེ་མེད་པར་བསྒྲུབ་ནུས་པའི་རྟགས་དང་དཔེ་སྐྱོན་དང་། བྲལ་བ་མ་བརྗོད་པ་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་དང་། རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་སྐྱོན་གསུམ་བརྗོད་པའི་སྒོ་ནས་བཀག་པ་ཡིན)དགག་པ་མཛད་ཚུལ་དང་། དཔལ་ལྡན་ཟླ་བ་གྲགས་པས་ལེགས་ལྡན་གྱི་བཤད་ཚུལ་དེ་སངས་རྒྱས་བསྐྱངས་ཀྱི་འགྲེལ་བའི་གཞུང་དེའི་དགོངས་དོན་མ་ཡིན་པ་དང་། སངས་རྒྱས་བསྐྱངས་ཀྱི་གཞུང་དེ་ལ་སྐྱོན་དེ་མི་འཇུག་པའི་ལན་བཏབ་ཚུལ་སོགས་ཞིབ་མོར་བཀོད་ཡོད་དོ། །