དབྱི་མོང་དཀར་ནག་རིགས་གཉིས་ཡོད། །ཉིན་སྲིབས་གཉིས་ཀ་དག་ལ་སྐྱེས། །རྩ་བ་ཙི་ཏྲ་ཀ་དང་འདྲ། །སྡོང་པོ་ཤིང་གཞན་དག་ལ་འཁྲི། །ལོ་མ་ནག་ལ་ཅུང་ཟད་རྩུབ། །མེ་ཏོག་སེར་པོ་འབྱུང་བ་ཡིན། །ཟ་བྱེད་ནག་པོ་ཁ་དྷ་ར། །དབྱི་མོང་ནག་པོ་ཞེས་བཤད་དེ། །སྦྱོར་བ་དམན་པར་ཤེས་པར་བྱ། །ཡོན་ཏན་འདིར་ནི་མི་བཤད་དོ། །མེ་ཏོག་དཀར་པོ་སྐྱེས་པ་དེ། །དྲོད་མཆོག་ནེམ་པ་ཞེས་བྱ་བ། །དབྱི་ཆུང་བ་ཞེས་གྲགས་པ་ཡིན། །གྲང་སྐྲན་འདུལ་བའི་དར་ཡ་ཀན། །རོ་ནི་ཚ་ལ་ཡིད་ཙམ་མངར། །
རང་གི་ནུས་པས་དྲོད་བསྐྱེད་ཅིང་། །སྐྲན་རིགས་མ་ལུས་འཇོམས་པར་བྱེད། །ནེམ་པ་རྒྱ་ཚྭ་ལ་ལ་ཕུད། །དོང་གྲ་པི་ལིང་ཨ་རུ་ར། །ཆ་མཉམ་ཕྱེ་མ་མེ་འདྲ་འདི། །བད་རླུང་སྐྲན་རྣམས་སེལ་བར་བྱེད། །ནེམ་པ་མ་ནུ་ཨ་རུ་ར། །རུ་རྟ་དུར་བྱིད་ལ་ལ་ཕུད། །དོང་ག་ཤུ་དག་ཁ་རུ་ཚྭ། །ཚ་བ་གསུམ་དང་ཤིང་ཀུན་དང་། །ཀ་ཤོ་ཀན་དྷ་རྣམས་ཕྱེ་མ། །ཆུ་སེར་སྨན་བརྒྱད་ཨ་ཟ་མོ། །རྣོ་གསུམ་ཨ་རུ་ར་བཅུ་གཉིས། །ཞིབ་བཏགས་ཕྱེ་མ་ཆང་གིས་ཕུལ། །དམུ་རྫིང་ནད་དང་མཛེ་རིགས་དང་། །སྐྲན་རིགས་གང་ཡིན་ཆུ་སེར་འཇོམས། །དབྱི་མོང་ལ་སོགས་ཚ་བ་དྲུག །ཅོང་ཞི་ཤུ་དག་ཡ་བཀཱ། །གསེར་མདོག་དུར་བྱིད་ཛཱ་ཏི་དང་། །རྩ་བ་ལྔ་དང་སུག་སྨེལ་དང་། །ལ་ལ་ཕུད་རྣམས་ཆ་མཉམ་སྦྱར། །བུ་རམ་དག་གི་མགོ་བསྡུས་ལ། །རིལ་བུ་ར་རིལ་ཚད་ཙམ་བྱ། །ནང་རེ་ལྔ་ལྔ་ཆང་གིས་ཕུལ། །ལུག་ཤ་གསར་འཇམ་ཆང་ཡང་བཏང་། །བསྐུ་མཉེ་དུགས་ལུམས་གཞུང་ལྟར་བྱ། །གར་བབས་གསང་རྣམས་ཚོས་པར་བསྲེག ། སྐྲན་རིགས་མ་ལུས་འཇོམས་པར་བྱེད། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །