སྲོག་རླུང་།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 08:47ལ་འགྲུབ།

སྲོག་རླུང་།

སྲོག་རླུང་།
སྲོག་རླུང་ཟེར་བ་ནི་སྲོག་འཛིན་གྱི་རླུང་འཁྲུགས་ནས་དབང་རྩའི་བྱ་བར་གནོད་སྐྱོན་ཆེན་པོ་བྱུང་བའི་ནད་ཅིག་རེད།
གཞི་རྩའི་གནས་ཚུལ།

མིང་།
སྲོག་རླུང་།
ཁོངས་གཏོགས།
བོད་ལུགས་གསོ་རིག
1 སློང་རྐྱེན།

གློ་བུར་དུ་འཇིགས་སྐྲག་ཆེན་པོ་བྱུང་བ་དང་། བསམ་འདུན་དང་མི་མཐུན་པའི་གནས་ཚུལ་ཕྲད་པ། མྱ་ངན་ནམ་སེམས་ལས་ཆེས་པ། བསྟུད་ནས་གཉིད་ཆག་པ། ལྟོ་སྟོང་ལ་ཡུན་རིང་བསྡད་དྲགས་པ། བཅུད་མེད་པའི་ཁ་ཟས་ཡུན་རིང་བསྡད་དྲགས་པ། བཅུད་མེད་པའི་ཁ་ཟས་ཡུན་བསྲིངས་བསྟེན་པ། འཁྲུག་རྩོད་བྱུང་བའམ་ཡང་ན་སྐད་ཅོར་ཐོས་པ་སོགས་ཀྱིས་སློང་གི་ཡོད་པ་རེད།

2 ནད་རྟགས།

ཡིད་མི་བདེ་ཞིང་འཇིགས་སྣང་སྐྱེ་བ་དང་། ཤེས་པ་འཚབ་འཚུབ་བྱེད་པ། མགོ་ཡུ་འཁོར་བ། ལུས་ཁམས་འདར་བ། དབུགས་བསྡུ་དཀའ་བ། གཉིད་ཡེར་བ་དང་རྨི་ལམ་ཟ་ཟི་གཏོང་བ། གཅིག་པུར་སྐད་ཆ་གང་བྱུང་ཤོད་པ་དང་། སྐབས་རེ་དྲིས་ཀྱང་ལན་མི་སློག་པ། ནད་དེ་རྙིངས་ནས་ཚབས་ཆེར་སོང་དུས་ཤེས་པ་གཅིག་ཏུ་མ་གནས་པར་སྨྱོན་པ་ཆགས་པ་དང་། དངོས་པོ་བཅག་གཏོར་གཏོང་བ། དོན་མེད་གང་སར་རྒྱུགས་ནས་འཆོལ་གཏམ་སྣ་ཚོགས་ཤོད་པ་སོགས་དང་། འཕར་རྩའི་རྒྱུ་བ་སྟོང་ལ་རྒྱུག་པ་དང་། དྲི་ཆུའི་མདོག་དྭངས་ལ་ལྦུ་བ་ཆེ་བ། མིག་རྩ་གྲུང་ལ་གློག་འོད་མི་འཁྱོག་པ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།

3 སྔོན་འགོག

གཙོ་བོ་བསམ་བློ་གུ་དོག་པོ་ཡོད་པའི་རིགས་ལ་སེམས་པ་སྐྱིད་པོ་ཡོང་ཐབས་དང་། བློ་ལ་འགྲོ་བའི་གྲོགས་ཀྱིས་གཏམ་སྙན་ཤོད་པ་སོགས་མདོར་ན་གོང་གི་སློང་རྐྱེན་ནང་གི་ཟས་སྤྱོད་དེ་རིགས་འཛེམ་བྱ་བྱེད་དགོས།

4 བཅོས་ཐབས།

སྨན་ཨ་གར་བརྒྱད་པ་དང་ཨ་གར་སོ་ལྔ། ཨ་གར་ཉི་ཤུ། བི་མ་ལ། སེམས་ཀྱི་བདེ་སྐྱིད། སྲོག་འཛིན་བཅུ་གཅིག ཤིང་ཀུན་ཉེར་ལྔ། འབྲོང་རྩེ་ཨར་བརྒྱད་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གཏོང་དགོས་པ་སྟེ། ཐོག་མར་ནད་ཚབས་ཆུང་དང་གསར་པའི་དུས་སུ་ཨ་གར་བརྒྱད་པ་དང་། ཨ་གར་སོ་ལྔ། ཨ་གར་ཉི་ཤུ། སེམས་ཀྱི་བདེ་སྐྱིད་སོགས་ནད་གཞིའི་ཚ་གྲང་ལ་གཞིགས་ནས་གཏོང་རྒྱུ་དང་། ཏིལ་མར་དྲོད་འཇམ་ཛཱ་ཏི་དང་གོ་སྙོད་ཀྱི་ཕྱེ་མ་བཏབ་སྟེ་ལུས་ཁམས་ལ་བྱུག་པ་རྒྱག་པ། བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་ཁག་ལ་ཧོར་མེ་རྒྱག་པ་དང་། རླུང་བདུག་བདུགས་པ་སོགས་ཀྱིས་བཅོས་དགོས། ནད་ཚབས་ཆེ་བའི་རིགས་ལ་ད་དུང་སྲོག་འཛིན་བཅུ་གཅིག་དང་། ཤིང་ཀུན་ཉེར་ལྔ། འབྲོང་རྩེ་ཨར་བརྒྱད་སོགས་ཀྱི་སྨན་རྟར་རུས་ཆང་ངམ་རུས་བཅུད་གསུམ་གྱི་ཐང་དང་། བཅུད་བཞིའི་ཐང་། ཡང་ན་འདོན་བཞིའི་སྨན་རྟ་བྱས་ན་གཏོང་དགོས། མཐར་དྲག་སྐྱེད་དཀའ་བའི་རིགས་ལ་བཙན་དུག་སྨན་མར་ཚད་ལྡན་དང་། སྨན་ཆང་བསྟེན་པ། མཇུག་ཏུ་ལྟག་པའི་སྤུ་འཁྱིལ་དང་། ཚིགས་པ་དང་པོ། དྲུག་པ། བདུན་པ། བྲང་གཞུང་དཀར་ནག་མཚམས་བཅས་གང་རུང་ལ་སྤྲ་མེ་གདབ་ཆོག གཞན་ཡང་ཟས་སྐོམ་སྣུམ་བཅུད་རིགས་བསྟེན་པ་དང་། སྤྱོད་ལམ་མུན་ཁུང་དྲོ་བའི་གནས་སུ་སྡོད་པ། འདོད་མཐུན་བློ་མོས་ཀྱི་གཏམ་སྨྲ་བ་སོགས་ལ་བརྟེན་ནས་སེམས་སྐྱིད་པོ་ཡོང་ཐབས་བྱེད་དགོས།

བརྡ་འགྲེལ་གདོང་འཛར།

སྲོག་རླུང་། ཨ་གར། དབང་རྩ།