བླུན་པོ་མཁས་པའི་ངག་མི་ཉན༎
དེ་ལས་ཉེས་སྐྱོན་འོས་པ་འཐོབ༎
ངང་བའི་ངག་བཞིན་མ་ཉན་པས༎
རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས༎
སྔོན་རྫིང་བུ་ཞིག་ན་རུས་སྦལ་གཅིག་དང་། ངང་བ་གཉིས་བཅས་གནས་པ་ལ། ལོ་བཅུ་གཉིས་ཀྱི་རིང་ལ་ཐན་པ་བྱུང་ནས་རྫིང་བུ་དེ་བསྐམས་པ་ན། ངང་བ་གཉིས་ན་རེ། ངེད་གཉིས་གནས་འདི་རུ་འདུག་མི་བཟོད་པས་རྫིང་བུ་གཞན་དུ་འགྲོའོ་ཞེས་སྨྲས་པས། རུས་སྦལ་ན་རེ། གྲོགས་པོ་དག་ཁོ་བོའང་མ་བསྐྱུར་བར་འཁྱེར་རོགས་མཛོད་ཅེས་པ་ལ། ངང་བ་གཉིས་ཀྱིས་ཁྱོད་ཇི་ལྟར་འཁྱེར་རམ། ཐབས་མི་འདུག་ཟེར་བས། རུས་སྦལ་ན་རེ། ཁྱེད་གཉིས་ཤིང་དེའི་སྣེ་གཉིས་ནས་བཏེགས་ན་མི་ལེགས་སམ་ཞེས་པས། ངང་བ་གཉིས་ཀྱིས་ཐབས་དེ་ཤིན་ཏུ་ལེགས། དེ་ལྟར་འཁྱེར་ན་ཁྱོད་ཀྱིས་ངག་མ་སྨྲ་བར་ཚིག་སྲུངས་ཤིག་ཅེས་བསྒོས་ནས། ངང་བ་གཉིས་ཀྱིས་དེ་ལྟར་ཁྱེར་ཏེ་ནམ་མཁའ་ལ་སོང་བ་ན། རི་དང་བྲག་ན་རྩེ་བའི་བྱིས་པ་རྣམས་ཀྱིས་མཐོང་ནས་ཨ་ལ་ལ། ངང་བ་གཉིས་ཀྱིས་རུས་སྦལ་འཁྱེར་ཚུལ་ལ་ལྟོས་དང་། དེ་འདྲའི་ངང་བ་བློ་ཆེ་བ་ལ། ཨ་ཡ་མཚན། ཞེས་འུ་རུ་རུ་བསྒྲགས་པས། རུས་སྦལ་གྱི་སེམས་ལ་འདི་ངའི་བློ་ཡིན་པ་ལ་བྱིས་པ་རྣམས་ཀྱིས་མ་ཤེས་པར་ངང་བའི་བློ་རེད་ཟེར་གྱིན་འདུག་སྙམ།
ཡང་སོང་སོང་བ་ན། ཡུལ་གཞན་ཞིག་ཏུ་སྐྱེས་པ་རྣམས་ལུས་རྩལ་འགྲན་པར་ཚོགས་པས། དེ་མཐོང་ནས་ཡང་སྔར་བཞིན་ཨ་ཁ་ཁ། ངང་བ་ཀན་གཉིས་བློ་རིག་ཇི་འདྲའི་རྒོད་པ་ལ་ཨང་ཞེས་འུ་རུ་རུ་བཤད་པས། ཡང་རུས་སྦལ་གྱི་སེམས་ལ་འདི་ངའི་བློ་ཡིན་པ་སྐྱེས་པ་རྣམས་ཀྱིས་མ་ཤེས་པར་འདུག ཕྱིན་ཆད་འདི་ལྟར་ཟེར་ན། ངས་གསལ་བོར་བཤད་དགོས་སྙམ་མོ༎
ཡང་འཕུར་ནས་སོང་སོང་བ་ན། བུད་མེད་རྣམས་ཀྱིས་ཞིང་འབྲེག་པ་དང་ནགས་འཐུ་བས། མཐོང་ནས་ཡང་སྔར་བཞིན་འུ་རུ་རུའི་ངང་ངང་བ་ཀན་གཉིས་བློ་རིག་ཇི་འདྲའི་ཆེ་བ་ལ་ཟེར་བས། རུས་སྦལ་གྱིས་འདི་ནི་ངང་བའི་བློ་མིན། ངའི་བློ་ཡིན་ཞེས་བཤད་པས་རུས་སྦལ་གྱི་ཁ་ནས་ཤིང་ཐུར་ཤོར་བ་དང་། བར་སྣང་ཁམས་ནས་མར་ལྷུང་བཞིན་པའི་སྐབས་སུ། རུས་སྦལ་གྱིས། ཨ་ཨ་ངའི་ཁ་ནང་ནས་ཤིང་ཐུར་ཤོར་ཚར། ཤིང་ཐུར་ཁ་ལ་སླར་འོང་རྒྱུའི་རེ་བ་ནི་མེད། ང་བདེ་ལ་འཇམ་ས་ཞིག་ལ་ལྷུང་བར་ཤོག་ཅེས་སྨོན་ལམ་འདེབས་བཞིན་དུ་ས་ལ་ལྷུང་ངོ་༎