མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུགསྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 10:46ལ་འགྲུབ།

མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག

《མདོ་ན་པ》ལས་བྱུང་བའི་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ན་པ》ཤ194ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག་ལ་ཁག་གསུམ་ཡོད།

1_1 ཁག་དང་པོ། 

1. སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ལྟ་བས་དེའི་ལྷའི་མིག་རྣམ་པར་དག་པར་འགྱུར་བ།

2. ངན་དུ་སྨས་པའི་ཚིག་དང་དུ་ལེན་པས་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ།

3. སེམས་ཀུན་ནས་ཉོན་མོངས་པ་མེད་པས་གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ། 

4. སྔོན་བྱས་པའི་དགེ་བའི་རྩ་བ་སེམསས་ཅན་ཐམས་ཅད་ལ་གཏོང་བས་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ། 

5. མཐུན་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས་རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ།     

6. ཆོས་རྣམས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བའོ༎

1_2 ཁག་གཉིས་པ།

1. མར་མེ་བྱིན་པས་ནི། ལྷའི་མིག་རྣམ་པར་དག་པར་འགྱུར་བ།

2. སིལ་སྙན་དང་། ཕེག་རྡོབ་པ་དང་། གླུའི་དབྱངས་ཐམས་ཅད་བྱིན་པས་ནི། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ།

3. ཀུན་ནས་ཉོན་མོངས་པ་མེད་པར་བྱིན་པས་ནི། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ།

4. དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ།

5. སྒྲིབ་པ་དང་། འགྱོད་པ་བསལ་བས་ནི། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ།

6. ཆོས་བྱིན་པས་ནི། ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བའོ།།     

1_3 ཁག་གསུམ་པ།

1. དེ་བཞིན་གཤེགས་པ་ལ་ལྟ་བས་ནི། ལྷའི་མིག་རྣམ་པར་དག་པར་འགྱུར་རོ༎

2. དམ་པའི་ཆོས་མཉན་པས་ནི། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ༎

3. སེམས་ཀྱིས་ངེས་པར་བརྟགས་པས་ནི། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ༎

4. དགེ་འདུན་རྗེས་སུ་དྲན་པས་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ༎

5. འདུན་པ་དྲག་པོས་ནི། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ༎

6. ཆོས་བསྒྲུབས་པས་ནི།  ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བའོ༎