ཆུས་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-31 09:11ལ་འགྲུབ།

ཆུས་ཀྲོའུ་གྲོང་ཁྱེར།

ཆུས་ཀྲོའུ་ནི་ཀྲེ་ཅང་ཞིང་ཆེན་གྱིས་ས་གནས་རིམ་པའི་གྲོང་ཁྱེར་ཡིན། ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་། ཆན་ཐང་ཅང་གཙང་པོའི་སྟོད་རྒྱུད་དང་། ཅིན་ཧྭ་དང་ཆུས་ཀྲོའུ་གཞོང་སའི་ནུབ་སྣེ་རུ་ཆགས་ཡོད་ཅིང་། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི 118°01′一119°20′བར་དང་། འཕྲེད་ཐིག་བྱང་མའི 28°14′—29°30′ན་གནས་ཡོད་པ་ཡིན། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ8844.79ཡོད། ཆུས་ཀྲོའུ་ཡི་ལྷོ་ཕྱོགས་ཧྥུའུ་ཅན་ནན་ཕིན་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ཅང་ཞིའི་ཧྲང་རའོ་དང་ཅིན་ཏེ་གྲོང་རྡལ་དང་། བྱང་ཕྱོགས་སུ་ཨན་ཧུའེ་ཧོང་ཧྲན་དང་འབྲེལ་ཞིང་། ཤར་ཕྱོགས་སུ་ཞིང་ཆེན་ནང་ཁུལ་གྱི་ཅིན་ཧྭ་དང་། ལི་ཧྲུའེ། ཧང་ཀྲོའུ་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཡོད། དེའི་ཁོངས་སུ་ཁོ་ཁྲེང་ཆུས་དང་། ཆུས་ཅང་ཆུས། ཅང་ཧྲན་གྲོང་ཁྱེར། ལུང་ཡིའུ་རྫོང་། ཁྲང་ཧྲན་རྫོང་། ཁའེ་ཧྭ་རྫོང་བཅས་གཏོགས་ཡོད། སྤྱི་ལོ2017ལོར་ཐེམ་ཐོའི་མི་འབོར་ཁྲི257.81ཟིན་ཡོད། ཆུས་ཀྲོའུ་ཡི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། “མཚར་སྡུག་ལྡན་པའི་རི་ཆུ། སྙན་གྲགས་ཀུན་ཁྱབ་ཀྱི་ཆུས་ཀྲོའུ”ཞེས་འབོད་ཀྱི་ཡོད། མངའ་ཁོངས་སུ་རི་བོ་ཅང་ལང་ཧྲན་དང་། རི་བོ་ལུའོ་ཁོ་ཧྲན། ལུང་ཡིའུ་བྲག་ཕུག་སོགས་མཛེས་ལྗོངས་150ལྷག་ཡོད། སྤྱི་ལོ1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་མཚན་སྙན་སྤྲད། སྤྱི་ལོ2012ལོ་དང་སྤྱི་ལོ2013ལོ་སྟེ་ལོ་གཉིས་ལ་བསྟུད་མར་ཀྲུང་གོའི་བསྟི་གནས་སུ་འོས་པའི་གྲོང་ཁྱེར་ཆེ་གྲས་བཅུ་ལ་བདམས་ཡོད། སྤྱི་ལོ2013ལོར་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོར་གྱུར་ཡོད། སྤྱི་ལོ2016ལོའི་ཟླ11པར“རྒྱལ་ཡོངས་ཀྱི་སྣོད་བཅུད་སྤྲོ་གསེང་ཡུལ་སྐོར་གྲོང་ཁྱེར་ཡག་ཤོས་བཅུའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོར་ཀྲུང་གོའི་ས་གནས་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྟོན་གྲངས་ཨང49པ་དང་། ཟླ12པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ལ་ཚུད་ཡོད། སྤྱི་ལོ2017ལོར་ཆུས་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1380.00ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས7.3%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
衢州
མིང་གཞན།
柯城
ཕྱི་ཡིག་གི་མིང་།
Quzhou City
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ8844.79ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི257.81(2017ལོའི་ཐེམ་ཐོའི་མི་འབོར)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
ཆུས2དང་རྫོང3རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད།
གནམ་གྲུ་ཐང་།
ཆུས་ཀྲོའུ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0570
མེ་འཁོར་ས་ཚིགས།
ཆུས་ཀྲོའུ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
324000
རླངས་འཁོར་ཚབ་ཨང་།
浙H
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཆན་ཐང་ཅང་གཙང་པོའི་སྟོད་རྒྱུད།
སྲིད་འཛིན་ཚབ་ཨང་།
330800
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་དུས་མགོར། གནས་འདི་ཀུའུ་མེ་རྒྱལ་ཁབ་ཏུ་གཏོགས་ཤིང་།  ཕྱིས་སུ་ཡུའེ་རྒྱལ་ཕྲན་གྱི་ཀུའུ་མེ་ཡི་ས་ཆ་ཡིན། ཀྲན་གོའི་དུས་སྐབས་སུ་ཁྲུའུ་རྒྱལ་ཕྲན་ལ་གཏོགས་པ་རེད།

ཆིན་རྒྱལ་རབས་ཀྱི་སྲིད་ལོ་ཉེར་ལྔ་པ་སྟེ། སྤྱི་ལོ222ལོར། ཁྲུའུ་བསྣུབས་ཤིང་ཅང་ནན་ས་ཁུལ་བདེ་བར་བཀོད། ཝུའུ་ཡུའེ་ཡི་ས་ཆར་ཧུའེ་ཅི་ཅུན་བཙུགས་ཏེ་དེང་གི་ཆུས་ཀྲོའུ་ས་ཁུལ་འདི་ནི་ཧུའེ་ཅི་ཅུན་གྱི་ཐའེ་མོ་རྫོང་གི་ས་ཆ་ཡིན།

སྤྱི་ལོ1949ལོའི་ཟླ་10པར། ཆུས་ཀྲོའུ་ཡི་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། སྐབས་དེར་ཆུས་རྫོང་དང་། ལུང་ཡིའུ། ཁྲང་ཧྲན། ཅང་ཧྲན། ཁའེ་ཧྭ། སུའེ་ཁྲང་། ཆུས་ཀྲོའུ་གྲོང་ཁྱེར་བཅས་དེའི་ཁོངས་སུ་གཏོགས། ཀྲོན་ཧྲུའུ་སྔར་བཞིན་ཆུས་ཀྲོའུ་རུ་ཡོད་ཅིང་སྲིད་གཞུང་ཀྲང་ཐན་གྲོང་རྡལ་དུ་སྤོས་པ་རེད།     སྤྱི་ལོ1951ལོར། ཆུས་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་པ་དང་། རྫོང་སྲིད་གཞུང་ཆུས་རྫོང་གི་གྲོང་ཁུལ་དུ་སྤོས།     སྤྱི་ལོ1955ལོའི་ཟླ3པར། ཆུས་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་མེད་པར་བཟོས་པ་དང་ཆུས་རྫོང་གི་ས་ཁོངས་ཅིན་ཧྭ་ཀྲོན་ཆུས་སུ་གཏོགས།    སྤྱི་ལོ1958ལོའི་ཟླ10པར། སུང་དབྱང་རྫོང་སུའེ་ཁྲང་དུ་ཟླ་སྒྲིལ་བཏང་ནས། ལི་ཧྲུའེ་ས་ཁུལ་གྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1958ལོའི་ཟླ11པར་ཁྲང་ཧྲན་རྫོང་དེ་ཆུས་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1960ལོའི་ཟླ1པོའི་ཚེས1ཉིན། ལུང་ཡིའུ་རྫོང་དང་ཟླ་སྒྲིལ་བྱས། སྤྱི་ལོ1961ལོར་ཁྲང་ཧྲན་རྫོང་བསྐྱར་འཛུགས་བྱས། སྤྱི་ལོ1979ལོའི་ཟླ་9པར་ཆུས་ཀྲོའུ་གྲོང་ཁྱེར་སླར་གསོ་བྱས་པ་དང་། རྫོང་དང་གྲོང་ཁྱེར་མཉམ་གནས་བྱས་ཡོད། སྤྱི་ལོ1981ལོའི་ཟླ4པར་རྫོང་ནས་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བཅུག  སྤྱི་ལོ1983ལོའི་ཟླ9པའི་ཚེས13ཉིན། ལུང་ཡིའུ་རྫོང་དབྱེ་ནས་ལོགས་སུ་རྫོང་སྐྱོང་བྱས། སྤྱི་ལོ1984ལོར་ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་བཏང་མེད།

སྤྱི་ལོ1985ལོའི་ཟླ5པར། ཅིན་ཧྭ་ས་ཁུལ་མེད་པར་བཟོས་ཤིང་། ཆུས་ཀྲོའུ་གྲོང་ཁྱེར་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་འཕར། དེ་སྔོན་ཆུས་ཀྲོའུ་གྲོང་ཁྱེར་དེ་ཁོ་ཁྲེང་ཆུས་དང་ཆུས་རྫོང་གཉིས་སོ་སོར་བཙུགས་ཏེ། གྲོང་ཁྱེར་གྱིས་རྫོང་ལ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་རེད། ཁོངས་གཏོགས་སུ་ཆུས་རྫོང་དང་། ཅང་ཧྲན། ཁྲང་ཧྲན། ཁའེ་ཧྭ། ལུང་ཡིའུ་བཅས་རྫོང་ལྔ་དང་ཁོ་ཁྲེང་ཆུས་བཅས་ཡོད་དོ།།

སྤྱི་ལོ1987ལོའི་ཟླ12པར། ཅང་ཧྲན་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ2001ལོར་ཆུས་རྫོང་དེ་ཆུས་ཅང་ཆུས་སུ་སྤར་བ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ལོ་མཇུག་བར། ཆུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་ཁོ་ཁྲེང་ཆུས་དང་། ཆུས་ཅང་ཆུས། ཅང་ཧྲན་གྲོང་ཁྱེར། ལུང་ཡིའུ་རྫོང་། ཁྲང་ཧྲན་རྫོང་། ཁའེ་ཧྭ་རྫོང་བཅས་ཡོད་པ་དང་ཁྱོན་སྲང་ལམ17དང་། གྲོང་རྡལ44 ཡུལ་ཚོ39 སྡེ་ཁུལ་གྲོང་ལྷན92 སྲིད་འཛིན་གྲོང་ཚོ1483བཅས་ཡོད་པ་རེད། ཆུས་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་དེ་གྲོང་ཁུལ་གྱི་པེ་ཡུན་སྲང་ལམ་གཙང་གསུམ་ཤར་ལམ་གྱི་ཨང་28པ་ཡིན་ནོ།།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ས་ཀྲོའུ་ནི་ཀྲེ་ཅང་ཞིང་ཆེན་གྱིས་ས་གནས་རིམ་པའི་གྲོང་ཁྱེར་ཡིན། ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་། ཆན་ཐང་ཅང་གཙང་པོའི་སྟོད་རྒྱུད་དང་། ཅིན་ཧྭ་དང་ཆུས་ཀྲོའུ་གཞོང་སའི་ནུབ་སྣེ་རུ་ཆགས་ཡོད་ཅིང་། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི 118°01′一119°20′བར་དང་། འཕྲེད་ཐིག་བྱང་མའི28°14′—29°30′ན་གནས་ཡོད་པ་ཡིན། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ8844.79ཡོད། ཆུས་ཀྲོའུ་ཡི་ལྷོ་ཕྱོགས་ཧྥུ་ཅན་ནན་ཕིན་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ཅང་ཞིའི་ཧྲང་རའོ་དང་ཅིན་ཏེ་གྲོང་རྡལ་དང་། བྱང་ཕྱོགས་སུ་ཨན་ཧུའེ་ཧོང་ཧྲན་དང་འབྲེལ་ཞིང་། ཤར་ཕྱོགས་སུ་ཞིང་ཆེན་ནང་ཁུལ་གྱི་ཅིན་ཧྭ་དང་། ལི་ཧྲུའེ། ཧང་ཀྲོའུ་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཡོད།དེ་ནི་སྐམ་ས་དང་རྒྱལ་མཚོ་འདྲེས་མཚམས་དང་ཞིང་ཆེན་བཞི་ཡི་གཞུང་ལམ་ཆུས་ཀྲོའུ་ལ་མཐུད་ཡོད་པ་དང་།  ཤར་ནུབ་ཞེང་ཚད་སྟོང་སྨི127.5དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི140.25བཅས་ཡོད་དོ།།

3_2 ས་རྣམ།

ཆུས་ཀྲོའུ་གྲོང་ཁྱེར་གྱི་ས་ཁོངས་ནི་ཅིན་ཧྭ་དང་ཆུས་ཀྲོའུ་ཡི་གཤོངས་སའི་ནུབ་མཚམས་ཡིན་པ་དང་། བྱང་ཤར་ཕྱོགས་སུ་སྣུར་སྲིང་བྱེད་པའི་བར་ཁྱམས་རྣམ་པའི་གཤོངས་སར་ས་བབ་ཀྱི་གཞི་རྩའི་རྣམ་པ་གྲུབ་ཡོད། དེའི་ཁྱད་ཆོས་ནི་ཆུས་ཅང་གཙང་པོ་འཁོར་རྟེན་དུ་བྱས་ནས་ལྷོ་བྱང་དུ་ཁྱབ་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་རིམ་པ་བཞིན་མཐོ་རུ་ཕྱིན་ཡོད། ཆུས་ཅང་གཙང་པོའི་གཞོགས་གཉིས་ནི་ལུང་གཞུང་ཡིན་པ་དང་། ཤར་ལྷོའི་མཐའ་མཚམས་ནི་ཤན་ཞ་ལིན་རི་རྒྱུད་ཡིན་པ་དང་། མངའ་ཁོངས་ནང་གི་རི་བོ་མཐོ་ཤོས་ཀྱི་ལུང་སྒང་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1500.3ཡོད། ནུབ་བྱང་དང་བྱང་རྒྱུད་མཐའ་མཚམས་ནི་པའེ་ཅི་རི་རྒྱུད་ཀྱི་ལྷོ་ངོས་དང་ལེ་དབར་སྟོང་གི་སྒང་རི་རྒྱུད་ཀྱི་ཆ་ཤས་ཡིན། ནུབ་རྒྱུད་རི་མ་ཐང་མང་པོ་དམའ་བ་ཡིན། དབུས་རྒྱུད་ཀྱི་ལུང་གཞུང་བདེ་ཐང་དང་དེའུ་འབུར་དམའ་བའི་ས་ཞིང་སྣོལ་མར་ཁྱབ་ཡོད། ཤར་རྒྱུད་ནི་ལུང་གཞུང་གི་བདེ་ཐང་གཙོ་བོ་ཡིན་པ་དང་ས་བབ་སྙོམས་པོ་ཡོད། མངའ་ཁོངས་ནང་གི་ཆེས་དམའ་ཤོས་ནི་ལུང་ཡིའུ་རྫོང་ཞ་ཐུང་གྲོང་ཚོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་33ཡོད། ས་དབྱིབས་ཀྱི་རིགས་ནི་རི་མ་ཐང་གཙོ་བོ་ཡིན།

3_3 ས་གཤིས།

ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་གྲུབ་ཚུལ་གྱི་རྣམ་པ་སྣ་མང་ཡིན་ལ། ས་རིམ་དང་བྲག་ཞུན་བྲག་རྡོ་འཚར་སྐྱེ་ལེགས་པོ་བྱུང་ཡོད་པས། ཞིང་ཆེན་ནང་ཁུལ་གྱི་ས་གཤིས་ཁྱད་ཆོས་ལྡན་པའི་ས་ཁུལ་ཞིག་ཡིན།

3_4 ནམ་ཟླ།

ཆུས་ཀྲོའུ་གྲོང་ཁྱེར་ཁོངས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན། ལོ་ཧྲིལ་པོའི་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད་པ་སྟེ། དབྱར་དགུན་དང་སྟོན་དཔྱིད་ཐུང་ཞིང་། ཉི་འོད་དང་ཚ་བ་ཆེ་བ་དང་། ཆར་ཆུ་འབེལ་བ། དྲོད་ཚད་འབྲིང་བ། སད་མེད་དུས་རིང་བ། “དཔྱིད་དུས་སྔ་ཞིང་དང་སྟོན་ཁ་ཐུང་བ། དབྱར་དགུན་རིང་བ། དྲོ་ཞིང་འོད་འདང་ངེས་ལྡན་པ། ཐན་ཞོད་མངོན་གསལ་ཆེ་བ”བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལོ་ཧྲིལ་པོའི་དགུན་དུས་ཀྱི་རླུང་ཤུགས་དབྱར་དུས་ཀྱི་རླུང་ཤུགས་ལས་ཆེ་བ་དང་། ས་ཁོངས་ནང་གི་ས་ངོས་ཆགས་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་དང་དབྱར་དཔྱིད་གཉིས་ཀྱི་འབྲེལ་མཚམས་སུ་རྙོག་འཛིང་ཆེ་བའི་ས་དབྱིབས་ཀྱི་ཆ་རྐྱེན་གྱིས་ལྷིང་འཇགས་སུ་གནས་པ་དང་ཆར་ཆུ་འབབ་པའི་གོ་སྐབས་མང་དུ་གཏོང་ཐུབ། དབྱར་གཞུང་རྒྱས་དུས་རྒྱ་མཚོའི་རླུང་འཚུབ་ས་ཁོངས་སུ་ཁྱབ་དཀའ་བ་དང་། ཤུགས་རྐྱེན་ཅུང་ཆུང་བ། ཞི་འཇགས་ཚ་བའི་གནམ་གཤིས་ཅུང་མང་བ་བཅས་ཡོད།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།     

ཆུས་ཀྲོའུ་གྲོང་ཁྱེར་དུ་གཏེར་ཁ་མང་པོ་ཡོད་པ་དང་། གྲོང་ཁྱེར་ཡོངས་སུ་གསོག་ཚད་རྩད་ཆོད་པའི་གཏེར་ཁ་རིགས32དང་གཏེར་ཐོན་ཁུལ96ཡོད་པའི་ནང་གཏེར་ཁ་ཆེ་གྲས5དང་གཏེར་ཁ་འབྲིང་གྲས15ཡོད། རྩད་ཆོད་ཐུབ་པའི་གཏེར་རྫས་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་གནས་པའི་རྡོ་སོལ་དང་། རྡོ་ཐལ་བྲག་རྡོ། ལྕགས་གཏེར་སེར་པོ། ལོ་མའི་པྲ་ཚིལ་རྡོ། ཏ་ལི་བྲག་རྡོ། མེ་བཟོད་ས་མྱགས། ཡིའུ་རིགས་གཏེར་ཁ་སོགས་ཡོད། རྒྱལ་ཡོངས་ཀྱི་མདུན་གྲས་སུ་གནས་པའི་རྡོ་སོལ་དང་རྡོ་ཐལ་བྲག་རྡོའི་གཏེར་ཁ་ཡོད།

4_2 སྐྱེ་དངོས་ཐོན་ཁུངས།     

མངའ་ཁོངས་ནང་གི་རྩི་ཤིང་ཁུལ་གྱི་ཁོངས་སུ་ལྷོ་བྱང་གཉིས་གཅིག་ཏུ་སྦྲེལ་བའི་ཁྱད་ཆོས་ཡོད་པ་དང་། སྲོག་ཆགས་དང་རྩི་ཤིང་གི་རིགས་མང་པོ་ཡོད། 

4_3 ཆུའི་ཐོན་ཁུངས།     

ས་ཁོངས་ནང་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར98.57ཟིན་པའི་ནང་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར20.59ཟིན་པ་དེས་སྤྱི་འབོར་གྱི20.9%བཟུང་བ་དང་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར77.98ཟིན་པ་དེས་བསྡོམས་འབོར་གྱི79.1%བཟུང་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར། ཆུས་ཀྲོའུ་གྲོང་ཁྱེར་གྱི་ཐེམ་ཐོ་མི་འབོར་ཁྲི257.81ཟིན་པའི་ནང་སྐྱེས་པའི་མི་འབོར་ཁྲི131.58དང་བུད་མེད་མི་འབོར་ཁྲི126.22ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་སོ་སོར51.0%དང49.0%བཟུང་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི3.41ཡོད་པ་དང་སྐྱེས་ཚད13.21‰ཟིན་པ་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི2.47དང་ཤི་ཚད9.59‰ཟིན་པ་རེད། ལོ་ཧྲིལ་པོར་མི་འབོར་ཁྲི0.94འཕར་ནས་རང་བྱུང་འཕར་ཚད3.62‰ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་འབོར5%ཡི་དཔེ་འཐེན་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི218.5ཟིན་པ་དང་གྲོང་ཁྱེར་མི་འབོར་གྱིས་སྤྱིའི་མི་འབོར་གྱི་བསྡུར་ཚད55.7%བཟུང་ཡོད།

5_2 མི་རིགས།      

ཆུས་ཀྲོའུ་གྲོང་ཁྱེར་གྱི་མི་འབོར་གཙོ་བོ་རྒྱ་རིགས་ཡིན། ཆུས་ཀྲོའུ་ནི་གྲངས་ཉུང་མི་རིགས་ཁ་ཐོར་འདྲེས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས41ཡོད་པ་དང་། མི་འབོར་ཁྲི2.08ཡོད་ཅིང་། ཆུས་ཀྲོའུ་གྲོང་ཁྱེར་གྱི་ཡུལ་ཚོ(གྲོང་རྡལ)120ཡི་རི་ཁུལ་དང་མཐའ་ཁུལ་དུ་ཁ་ཐོར་འདྲེས་སྡོད་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲོད་ཧྲེ་རིགས་མང་ཚོགས་ཁྲི1.58ཡོད་པ་དང་། དེ་ནས་པུའུ་དབྱི་རིགས་དང་། མིའོ་རིགས། ཧུའེ་རིགས་བཅས་རེད།

6 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཞུས་ཝུན་ཀོང་།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། ཐང་ཧྥེ་ཧྥན།

7 དཔལ་འབྱོར།

སྤྱི་ལོ2017ལོར་ཆུས་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1380.00ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར87.40ཟིན་ནས2.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར622.74ཟིན་ནས6.5%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར669.86ཟིན་ནས8.9%འཕར་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར་དང་དེ་བཞིན་སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང8.4%འཕར་བ་དང་། སྡེབ་འཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང7.0%འཕར་བ་རེད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་འཕར་ཐང6.1%འཕར་བ་དང། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་10.1%འཕར་བ་དང། ས་ཁང་ཐོན་ལས་ཀྱི་འཕར་ཐང6.0%འཕར་བ་བཅས་རེད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་གྲུབ་ཚུལ་ནི6.3:45.1:48.6ཡིན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་སྒོར53561ཟིན་པ་དེ་ཨ་སྒོར7933ཟིན་པ་དེ་ལོ་གོང་མ་ལས7.0%འཕར་བ་རེད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་སྒོར63492ཟིན་པ་དེ་ཨ་སྒོར9404ཟིན་ནས་སྔ་ལོ་ལས6.1%འཕར་ཡོད། གྲོང་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་ཚིགས་དང་པོ་དེ་ལོ་གོང་མའི་དུས་མཚུངས་ལས1.8%འཕར་བ་དང་། ལོ་སྟོད་དུ1.9%འཕར་བ་དང། དུས་ཚིགས་དང་པོ་ནས་གསུམ་པའི་བར1.8%འཕར་བ་རེད། ལོ་ཧྲིལ་པོར1.9%འཕར་བ་བཅས་ཀྱི་ཁྲོད་བཟའ་བཅའི་ཐ་མག་དང་ཆང་རག་གི་རིན་གོང0.3%ཆག་པ་དང་། གྱོན་ཆས1.5%འཕར་བ། སྡོད་གནས4.7%འཕར་བ་བཅས་རེད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་མཚན་སྙན་སྤྲད། སྤྱི་ལོ2012ལོ་དང་སྤྱི་ལོ2013ལོ་སྟེ་ལོ་གཉིས་ལ་བསྟུད་མར་ཀྲུང་གོའི་བསྟི་གནས་སུ་འོས་པའི་གྲོང་ཁྱེར་ཆེ་གྲས་བཅུ་ལ་བདམས་ཡོད། སྤྱི་ལོ2013ལོར་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོར་གྱུར་ཡོད། སྤྱི་ལོ2016ལོའི་ཟླ11པར“རྒྱལ་ཡོངས་ཀྱི་སྣོད་བཅུད་སྤྲོ་གསེང་ཡུལ་སྐོར་གྲོང་ཁྱེར་ཡག་ཤོས་བཅུའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོར་ཀྲུང་གོའི་ས་གནས་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྟོན་གྲངས་ཨང49པ་དང་། ཟླ12པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ལ་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།