ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >འབག་བཟོ། >གཞན་དག

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

བཙན་ཡུལ་དུ་ལོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་དུ། གནས་འདིར་བླ་མ་གཏེར་སྟོན་རྩ་ཆེན་ཞིག་གིས་སློབ་མ་མང་པོ་འཁྲིད་ནས་ཕེབས་པ་དང་། ཐོག་མར་རྫ་བུམ་ཞིག་གཏེར་ནས་བཞེས་ཐོག་དེ་ལ་དཔེ་བླངས་ནས་རྫ་ཆས་བཟོ་དགོས་པའི་བཀའ་ལྟར་རྫ་ཆས་བཟོས་ནས་རིམ་བཞིན་རྣམ་གྲངས་མང་དུ་ཕྱིན་པ་དང་། རྫ་གཏེར་བཞེས་པའི་ས་ཆ་དེར་གཏེར་ར་ཞེས་འབོད་པ་དེང་སང་ཡང་མིང་མ་ཉམས་པར་གནས།

རིགས་དབྱེ།  

འབུར་དོད།

སྐུ་འབུར་དུ་དོད་པའི་རིགས་ཀུན་ལ་གོ་དགོས་པ་ཡིན། བྲག་བརྐོས། རྡོ་བརྐོས། ཤིང་བརྐོས། འཇིམ་བཟོ་སོགས་མི་རིགས་སོ་སོར་བརྐོ་ཐབས་མང་དུ་བྱུང་ཡོད། རྒྱ་གར་དང་རྒྱ་ནག་ཨོ་རྒྱན་ལི་ཡུལ་སོགས་ལ་བྲག་བརྐོས་དར་བཟོ་ཆེ་ལ། རྒྱ་གར་དུ་རྡོ་ནག་དང་ཀ་མ་རུ་དང་རུས་པ་སོགས་ལ་བརྐོ་བ་དར་ཡོད་པ་དང་། བྲག་བརྐོས་བོད་ལའང་དར་མྱོང་ལ་རྡོ་བརྐོས་ནི་ད་བར་ཡང་བོད་ཡུལ་དུ་དར་ཁྱབ་བྱུང་ཡོད།

རིགས་དབྱེ།  

བླུགས་མ།

སྐུ་བླུག་བརྒྱབ་པ་འདི་ཡང་རྒྱུ་ཆ་གསེར་དངུལ་ལི་ཁྲི་ཟངས་རག་ཅི་རིགས་ལས་བཞེངས་པ་ཤ་སྟག་ཡིན་པ་རེད། རྒྱ་གར་གྱི་ལི་སེར་དམར་དང་། ལི་ཡུལ་གྱི་ལི་དཀར་དམར། བོད་ཀྱི་ཆོས་རྒྱལ་ཁག་གསུམ། བོད་ཀྱི་ལི་རྙིང་དང་ལི་གསར། རྒྱ་ནག་གི་ཁྲོ་ལི་སྨུག་པོ་དང་ལི་ལྗང་སོགས་ལུགས་བརྒྱབ་པའི་བླུགས་མ་ལ་ཟེར།

རིགས་དབྱེ།  

རྒྱ་གར་མཁས་གྲུབ་ཀྱི་སྐུ།

རྒྱ་གར་གྱི་མཁས་གྲུབ་རྒྱན་དྲུག་མཆོག་གཉིས། མཁས་པ་སྒོ་བཞི། རྨད་བྱུང་གི་སློབ་དཔོན་གཉིས་སོགས་ནང་བསྟན་ལ་མཁས་པ་དང་གྲུབ་ཐོབ་པའི་གང་ཟག་གི་སྐུ་ཡི་རྣམ་པ་ལ་གོ་དགོས་པ་ཡིན།

རིགས་དབྱེ།  

བོད་ཀྱི་མཁས་གྲུབ་ཀྱི་སྐུ།

བོད་ཀྱི་ཁྱད་ཆོས་ཆོས་གོས་གསུམ་དང་ཟླ་གམ་མནབ་པས་དགེ་སློང་ཡིན་པ་མཚོན་ལ། པཎ་ཞྭ་མནབ་པ་ནི་མཁས་པ་ཆེན་པོ་ཡིན་པ་དང་། མཁར་སིལ་དང་ལྷུང་བཟེད་འཛིན་མཁན་ནི་འདུལ་བ་འཛིན་མཁན་ཡིན་པ། ཕྱག་མཚན་རལ་གྲི་འཛིན་པ་ནི་འཇམ་དབྱངས་དང་མཚུངས་པ། གླེགས་བམ་ནི་གསུང་རབ་ཀྱི་མཛོད་ཡིན་པ་སོགས་​བོད་ཀྱི་ཆོས་པ་མཁས་གྲུབ་ཀྱི་གོ་འཕང་ཐོབ་པ་ཚོའི་སྐུ་ཡི་རྣམ་པ་ལ་གོ་དགོས།

རིགས་དབྱེ།  

སྔ་དར་གྱི་སྐུ།

བོད་ཀྱི་ནང་བསྟན་དར་སྟངས་ལས་སྔ་དར་གྱི་སྐུ་བརྙན་ལ་ཇོ་བོ་རྣམ་གཉིས་སོགས་ནི་ནང་འདྲེན་གྱི་སྐུ་བརྙན་དང་། ར་ས་དང་བསམ་ཡས་གཙུག་ལག་ཁང་སོགས་ཀྱི་སྐུ་ནི་བལ་ལུགས་དང་བོད་ལུགས་ཟུང་འབྲེལ་དང་། ལྡན་སྐྱུ་རའི་བྲག་བརྐོས་རྣམ་སྣང་སོགས་ནི་རྒྱ་ལུགས་ཀྱི་སྐུ་ཡིན། བསྟན་པ་སྔ་དར་སྐབས་སུ་བོད་དུ་དར་བའི་སྐུ་བརྙན་སོགས་ལ་སྔ་དར་གྱི་སྐུ་ཞེས་གསུངས།

རིགས་དབྱེ།  

བཀའ་གདམས་པའི་བླ་སྐུ།

སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཚང་མ་གདམས་ངག་ཏུ་གོ་བའི་གྲུབ་མཐའ་ཞིག ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ། པོ་ཏོ་བ་དང༌། སྤྱན་སྔ་བ། ཕུ་ཆུང་བ་བཅས་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། ཕྱི་དར་གྱི་མགོ་ཚུགས་ནས་བཀའ་གདམས་ཀྱི་བསྟན་པ་བོད་དུ་དར་འཕེལ་བྱུང་ཡོད་པ་ཡིན། ཇོ་བོ་ཡབ་སྲས་ནས་དར་ཞིང་རྒྱས་པས་ན་གཙོ་བོ་ཇོ་རྔོག་འབྲོམ་གསུམ་དང་། སྐུ་མཆེད་གསུམ་གྱི་སྐུ་ནི་མཚོན་བྱེད་དུ་གྱུར་ཡོད།

རིགས་དབྱེ།  

བཀའ་བརྒྱུད་ཀྱི་བླ་སྐུ།

རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་བཀའ་བརྒྱུད་པ། བོད་དུ་དེའི་རིང་ལུགས་སྲོལ་འབྱེད་མཁན་གྲུབ་ཆེན་ཁྱུང་པོ་མཁས་གྲུབ་ནས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང༌། ལྷོ་བྲག་མར་པ་ནས་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་ཟེར། དྭགས་པོ་ལའང་ནང་གསེས་ཕྱེ་ན་ཀརྨ་དང༌། ཚལ་པ། འབའ་རོམ། ཕག་གྲུ་བཅས་བཞི། ཕག་གྲུ་ལ་ཡང་འབྲི་གུང་དང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་རྣམས་སོ་སོར་ཕྱེ་ཡོད། སྐབས་དེ་དུས་ཀྱི་སྐྱེས་ཆེན་དག་ལ་སྐུ་བརྙན་བཞེངས་ཡོད་པ་ལ་བཀའ་བརྒྱུད་ཀྱི་བླ་སྐུ་ཞེས་གསུངས།

རིགས་དབྱེ།  

ས་སྐྱའི་བླ་སྐུ།

​ས་སྐྱ་ནི་ས་མིང་ཆོས་ལ་ཐོགས་པའི་ཆོས་བརྒྱུད་ཅིག་ཡིན་ལ། ཐོག་མར་འབྲོག་མི་ལོ་ཙཱ་བས་རྒྱ་གར་ནས་ཆོས་བསྒྱུར་བ་ཞིག་ཡིན། འཁོན་དཀོན་མཆོག་རྒྱལ་པོས་སྲོལ་གཏོད་ཅིང་། ས་སྐྱ་གོང་མ་རྣམ་ལྔས་དར་རྒྱས་སུ་བཏང་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གྲུབ་མཐའ་ཞིག་ཡིན། གོང་མ་རྣམ་ལྔའི་སྐུ་དུས་སུ་དར་འཕེལ་བྱུང་བས་གོང་མ་ལྔ་ནི་མཚོན་བྱེད་ཡིན། སྐབས་དེར་དར་ཁྱབ་བྱུང་ཡོད་པའི་ས་སྐྱའི་སྐུ་བརྙན་དག་ལ་གསུངས།

རིགས་དབྱེ།  

ཞི་བྱེད་གཅོད་ཡུལ་བའི་བླ་སྐུ།

དམ་པ་སངས་རྒྱས་ཀྱིས་བོད་དུ་སྤེལ་ཞིང་མ་གཅིག་ལབ་སྒྲོན་གྱིས་དར་བར་བྱས་པའི་ཆོས་སྲོལ་ཞིག་གི་སྐུ་ཡིན། སྡུག་བསྔལ་ཀུན་ཞི་བར་བྱེད་པའི་ཐབས་བདག་འཛིན་གཅོད་པས་ན་གཅོད་ཡུལ་བ་ཞེས་གྲགས། ཕྱག་གཡས་ཌ་རུ་དཀྲོལ་བས་ཤེས་རབ་ཕ་རོལ་ཕྱིན་པ་སྟོན་པ་དང་། ཕྱག་གཡོན་རྐང་དུང་འབུད་པས་སྡུག་བསྔལ་གྱི་གཞི་ཕུང་པོ་ངར་འཛིན་པའི་ལྟ་བ་སྐྱི་གཡའ་བར་བྱེད་པ་མཚོན་སོགས་སྐུ་བརྙན་བཞེངས་ཡོད་པར་གསུངས།

རིགས་དབྱེ།  

ཇོ་ནང་པའི་བླ་སྐུ།

ཀུན་སྤངས་པས་ཇོ་མོ་ནང་དུ་རི་ཁྲོད་བཏབ་པས་ས་མིང་ཆོས་བརྒྱུད་ལ་ཐོགས་པ་ཞིག་ཡིན་ལ། དུས་འཁོར་གྱི་བཤད་སྒྲུབ་གཉིས་ཀ་གཙོ་བོ་བྱེད་པ་ཡིན། ཐོག་མར་ཡུ་མོ་བ་མི་བསྐྱོད་རྡོ་རྗེས་སྲོལ་བཏོད། དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་རྒྱ་ཆེར་སྤེལ་ཞིང་། ཕྱིས་སུ་ཏ་ར་ན་ཐས་ཉམས་གསོ་མཛད། ཁོང་གསུམ་ནི་མཚོན་བྱེད་ཡིན།

རིགས་དབྱེ།  

ཡི་དམ་གྱི་ལྷའི་སྐུ།

ཡི་དམ་གྱི་ཡི་གེ་རྙིང་པར་ཡིད་དམ་ཞེས་བྲིས་ཡོད་ལ། ཕྱིས་སུ་ཟོར་ཡངས་པའི་ཆེད་དུ་ཡིད་དམ་ལ་ཡི་དམ་དང་། ཡིད་རངས་ལ་ཡི་རངས་ཞེས་འབྲི་བཞིན་ཡོད། ཡི་དམ་ནི་གང་ཟག་རང་གི་ཡིད་ཀྱི་དམ་པར་བཟུང་བ་སྟེ་སྲོག་ལྟར་འཛིན་པའི་གསང་སྔགས་ཀྱི་ལྷའི་མིང་ཡིན།

རིགས་དབྱེ།