དགའ་ལྡན་ཁྲི་པ།

རི་བོ་དགེ་ལུགས་པའི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཙོང་ཁ་པའི་ཆོས་ཀྱི་རྒྱལ་ཚབ་ཀྱི་གོ་མིང་སྟེ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་པའི་ནང་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ཀྱི་གོ་མིང་ཐོབ་རྗེས། གསང་ཆེན་རྒྱུད་གྲྭ་སྟོད་སྨད་གང་རུང་ཞིག་ལ་ཞུགས་ནས་དེའི་དགེ་བསྐོས་དང༌། དབུ་མཛད། མཁན་པོ་བཅས་རིམ་བཞིན་བྱས་ཤིང༌། དེ་ནས་དགའ་ལྡན་ཤར་རྩེའམ་བྱང་རྩེ་གང་རུང་གི་ཆོས་རྗེ་བྱས་མཚམས་དགའ་ལྡན་ཁྲི་པ་སྔོན་མ་འཕོ་འདས་བྱུང་ན་དེའི་གོ་ས་ཐོབ།

རིགས་དབྱེ།  

དགའ་ལྡན་ཕོ་བྲང་གི་དུས་སྐབས།

དགའ་ལྡན་ཕོ་བྲང་ནི་རྒྱལ་མཆོག་ལྔ་པ་ཆེན་པོས་གསར་དུ་བཙུགས་ཤིང་། དེ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་སྐྱོང་བའི་བོད་ཀྱི་སྲིད་གཞུང་གི་མིང་སྟེ། དེ་ཡང་སྣེའུ་གདོང་དཔོན་རིགས་རྣམས་འབྲས་སྤུངས་སུ་ཡོང་སྐབས་ཀྱི་གནས་ཁང་རྡོ་ཁང་སྔོན་མོ་དང་འབྲས་སྤུངས་དཔོན་ཁང་ཡང་ཟེར། དེ་ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་སྲིད་དབང་བཟུང་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་མཁན་པོ་གནང་སྐབས་རབ་བྱུང་དགུ་པའི་ས་སྟག་སྤྱི་ལོ1518ལོར་བཞུགས་གནས་སུ་ཕུལ་ཞིང༌། མིང་དགའ་ལྡན་ཕོ་བྲང་ཞེས་འདོགས་པར་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཤུལ་ཕྱག་མཛོད་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཀྱིས་འགན་བླངས་ཤིང༌། སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གྱིས་འཆར་འགོད་ཐོག་འུལ་མི་རྡོ་ཤིང་བཅས་ཀྱི་ཞལ་འདེབས་ཕུལ་ཏེ་ཕོ་བྲང་འདི་རྒྱ་བསྐྱེད་གསར་བཞེངས་བྱས་པ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་བཞུགས་གནས་གཙོ་ཆེ་བའི་གྲས་སུ་གྱུར། དེ་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ1642ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པས་བཙུགས་པའི་བོད་ཀྱི་གཞུང་གསར་པའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང་བའི་རྒྱུ་མཚན་དེ་ལྟར་ཡིན།

རིགས་དབྱེ།  

ཁང་ཞིའི་རྡོ་རིང་།

ཁང་ཞིའི་རྡོ་རིང་དེ་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བཙུགས་ཡོད་ལ། སྟེང་དུ་སོག་ཡིག་ཡིག་ཕྲེང་བཅོ་ལྔ་དང་མན་ཇུའི་ཡི་གེ་ཡིག་ཕྲེང་བཅོ་ལྔ་ཡོད། དེའི་ནང་དོན་ནི་སྐབས་དེའི་བོད་ཀྱི་གནས་ཚུལ་རགས་བཤད་བྱས་ཡོད།

རིགས་དབྱེ།  

བཀའ་བློན།

རྒྱལ་པོའི་བཀའ་ལ་ཡོ་གལ་འཆོས་པའི་བློན་པོའི་དོན་ཏེ། བཀའ་བློན་ཞེས་པའི་ཐ་སྙད་འདི་སྔ་རབས་བོད་ཀྱི་ལོ་རྒྱུས་ཐོག་མར་གསལ་བ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བྲིས་པར་གྲགས་པའི་ལོ་རྒྱུས་ཀྱི་ཡི་གེ་སྦ་བཞེད་ཀྱི་ནང༌། བཀའ་ཡོ་གལ་འཆོས་པ་ཞེས་འཁོད་པ་དེ་ཡིན་ཞིང་། དེའི་འགྲེལ་བཤད་སྐོར་མཁས་པ་ལྡེའུའི་ཆོས་འབྱུང་ནང་འཁོད་པ་ལྟར་དུས་རབས་བཅུ་དྲུག་པའི་དཀྱིལ་དུ་དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་བློན་པོ་ཆེ་དགུའི་གོ་གནས་དང་། ལས་འགན་གཟེངས་རྟགས་བཅས་ཀྱི་བཤད་པའི་སྐབས་སུ་བཀའ་ཡོ་གལ་འཆོས་པ་ཞེས་པ་ནི་བཀའ་བློན་ཡིན་པ་དང༌། དགུང་བློན་ཆེན་པོའི་འོག་གི་བློན་ཆེན་རིམ་པ་གཉིས་པའི་གྲས་བཀའ་བློན་ཆེ་འབྲིང་ཆུང་གསུམ་ཡོད་པ། བཀའ་བློན་གྱི་ལས་འགན་ནི་བཙན་པོ་དང་དགུང་བློན་ཆེན་པོས་བཀའ་ཕབ་པ་རྣམས་ལག་ལེན་བསྟར་འོས་དང་མི་འོས་ཀྱི་བསམ་འཆར་ཐད་ཀར་བཤད་ཆོག་པའི་དབང་ཆ་དང་བཤད་རྒྱུའི་ལས་འགན་ཡོད་པ། བཀའ་བློན་ཆེན་པོ་ལ་གསེར་ཡིག་ཆེན་པོའི་གཟེངས་རྟགས་དང༌། བཀའ་བློན་འབྲིང་བར་གསེར་ཡིག་ཆུང་བ། བཀའ་བློན་ཆུང་བར་ཕྲ་མེན་གྱི་ཡི་གེའི་གཟེངས་རྟགས་ཡོད་ཚུལ་བཅས་གསུངས། བཀའ་ཡོ་གལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པ་གཅོད་ཅེས་པའི་བཀའ་བློན་གྱི་ལས་འགན་ནི། བཀའ་ཁྲིམས་ལག་ལེན་བསྟར་མིན་ཡོ་བསྲང་བྱེད་པ་དང་། ཉེས་དོན་དྲང་པོའི་ལམ་ནས་ཐག་གཅོད་བྱེད་པའོ། །

རིགས་དབྱེ།  

ང་ལུམ་སྦྱར་གསུམ།

ང་ལམ་སྦྱར་གསུམ་ནི་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་། གུང་ལུམ་པ་བ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་གསུམ་ལ་ཟེར།

རིགས་དབྱེ།  

ལྕགས་སྟག་ཞིབ་གཞུང་།

ལྕགས་སྟག་ཞིབ་གཞུང་ཞེས་པ་འདི་ནི་སྔོན་ཀུན་གཟིགས་རྒྱལ་དབང་སྐུ་ཕྲེང་བཅུ་བ་ཚུལ་ཁྲིམས་རྒྱ་མཚོའི་སྐུ་དུས་སུ་ཚེ་སྨོན་གླིང་རྒྱལ་ཐོག་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོས་རབ་བྱུང་བཞི་བའི་ཆུ་ལུག(སྤྱི་ལོ1823)ལོ་ནས་ལྕགས་སྟག(སྤྱི་ལོ1830)ལོའི་བར་ལོ་ངོ་བདུན་ཙམ་གྱི་རིང་དབུས་གཙང་སོགས་སུ་ཞིང་ལས་ཐོན་སྐྱེད་ལ་བརྟག་ཞིབ་དང་འབྲེལ་ཞིང་དུད་དང་། མི་གྲངས། ལས་རིགས་བཅས་ཀྱི་ཕྱོགས་སུ་ཐོ་གསར་བཀོད་དེ་ས་ཞིང་རྐང་འབོར་སྙོམས་སྒྲིག་དང་ཁྲལ་འུལ་ལམ་ལུགས་ལེགས་བཅོས་ཐོག་ཞིབ་གཞུང་གསར་དུ་བཀོད་པ་དེ་ལ་ཟེར།

རིགས་དབྱེ།  

བོད་ཀྱི་ལོ་རྒྱུས་རིག་པའི་འཕེལ་རིམ་ལོ་རྒྱུས་རྩ་གནད།

བོད་ཀྱི་ལོ་རྒྱུས་རིག་པའི་འཕེལ་རིམ་ལོ་རྒྱུས་རྩ་གནད་ཅེས་པ་འདི་ནི་སུན་ལིན་གྱིས་བརྩམས་པའི་དེབ་ཅིག་ཡིན་ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཅིང་བཀྲམས།

རིགས་དབྱེ།  

བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ།

དེབ་འདི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཤར་ཡུལ་ཕུན་ཚོགས་ཚེ་རིང་མཆོག་གིས་རྩོམ་སྒྲིག་བྱས་པ་དང་། དེབ་བྱང་ཁ་ཚང་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ་ཞེས་ཟེར། དེབ་འདིར་ལོ་རྒྱུས་དོན་ཆེན་གནད་བསྡུས་དང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་བོད་སྡོད་ཨམ་བན་ཚུན་ཆད་ཀྱི་རེའུ་མིག་གསལ་བར་བཀོད་ཡོད་པ་དང་། སྤྱི་ལོ་དང་བོད་ལོ་ཤན་སྦྱར་གྱི་རེའུ་མིག་སོགས་ཀྱང་འདུས་པས་བོད་ཀྱི་ལོ་རྒྱུས་ལ་ལས་དང་པོར་འཇུག་མཁན་དང་དེ་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བཅས་བྱེད་པའི་མི་སྣ་དག་ལ་འཚམ་པའི་འཁྱེར་བདེའི་ཀློག་དེབ་ཅིག་རེད།

རིགས་དབྱེ།  

ཡིག་ཚང་དཔྱད་བརྗོད།

ཡིག་ཚང་ནི་ལོ་རྒྱུས་རྩོམ་པ་ལ་ངེས་པར་མཁོ་བའི་དཔྱད་གཞི་ཡིན་ཞིང་། ཡིག་ཚང་དེ་ཙམ་ཀྱིས་ཆ་ཚང་བ་ཡོད་ན་ལོ་རྒྱུས་སྨྲ་བ་པོར་དཔྱད་གཞི་དེ་བས་ཕུན་སུམ་ཚོགས་པ་མཁོ་སྤྲོད་ཐུབ་སྟེ་ལོ་རྒྱུས་དཔྱད་བརྗོད་གཏིང་ཟབ་ཏུ་སྤེལ་རྒྱུར་རམ་འདེགས་བྱ་ཐུབ། ཡིག་ཚང་ནི་ལོ་རྒྱུས་རྩོམ་པ་པོའི་ལུང་ཁུངས་ཡིན་པ་ཕུད། སྐབས་རེ་ཡིག་ཚང་འདྲ་མིན་ལ་ཆེད་དུ་དཔྱད་བརྗོད་སྤེལ་ཏེ་བརྗོད་ལུགས་འགྲིག་མིན་ཐག་གིས་གཅོད་པའང་དཔྱད་བརྗོད་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

ལོ་རྒྱུས་ཀྱི་ལྟ་བའི་དཔྱད་བརྗོད།

ལྟ་བའི་དཔྱད་བརྗོད་ནི་གཙོ་བོར་ལོ་རྒྱུས་སྨྲ་བ་པོ་མི་འདྲ་བའི་ལོ་རྒྱུས་ལྟ་དགོངས་ལ་གོ་བ་ཡིན་ཞིང་། ལོ་རྒྱུས་རྩོམ་འབྲི་བ་དག་གིས་རང་ལུགས་འཇོག་པའི་ལོ་རྒྱུས་བསྟན་བཅོས་དག་རྩོམ་སྐབས། སྔ་རབས་ཀྱི་མཁས་པ་གང་མང་གི་ལྟ་དགོངས་ལ་དཔྱད་བརྗོད་ཀྱི་ཚད་གཞི་གཏན་འཁེལ་བྱས་པའི་རྨང་གཞིའི་སྟེང་། ཁོང་རྣམས་ཀྱི་ལྟ་བ་ཡིན་པར་སྒྲུབ་པའམ་མིན་པར་དཔག་པའི་ཚུལ་གྱིས་དཔྱད་བརྗོད་སྤེལ་གྱི་ཡོད། དེ་ལ་ལོ་རྒྱུས་ཀྱི་ལྟ་བའི་དཔྱད་བརྗོད་ཅེས་བྱ།

རིགས་དབྱེ།  

དགའ་ལྡན་ཤར་རྩེའི་གདན་རབས་སུམ་ཅུ་རྩ་དྲུག

《དགའ་ལྡན་ཆོས་འབྱུང་བེེ་སེར》ལས་བྱུང་བའི་དགའ་ལྡན་ཤར་རྩེའི་གདན་རབས་སུམ་ཅུ་རྩ་དྲུག་རྒྱས་བར་བསྟན་ཡོད།

རིགས་དབྱེ།