ཤན་པ་རྒྱལ་བོ།

《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ལས་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཧོར་དཔའ་བཟང་ཤན་པ་རྨེ་རུ་ནི་སྔོན་གུར་དཀར་རྒྱལ་བོའི་བློན་ཆེན། ཧོར་སྡིག་པ་ར་ཙཱའི་སྲས་པོ། དམག་འཕྲུ་དམར་ཅན་གྱི་བདག་པོ་ཡིན་ལ། བློ་རིག་གསལ་ཞིང་གཞུག་འདང་ཕོག་མཁན། བྱ་བ་གང་ལའང་མ་བརྟག་གྱ་ཚོམ་དང་ཆུ་སྣ་གར་ཁྲིད་བྱེད་མཁན་ཞིག་གཏན་ནས་མིན། དེ་མིན་ཐབས་དང་ཤེས་རབ་ཧ་ཅང་ཆེན་་པོ་འདུག

རིགས་དབྱེ།  

གཡུ་ལྷ་ཐོག་འགྱུར།

འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ནི་ལོ་ན་ཕྲ་ཡང་རྣམ་རིག་རྒོད་ཅིང་དམག་འཐབ་ལ་མཁས་པ། འཇང་གི་དམག་དཔོན་གྱི་ལས་གནས་ཀྱང་ཁུར་ཡོད། གླིང་གེ་སར་རྒྱལ་པོས་ཞི་བའི་སྒོ་ནས་དཀར་ནག་གི་དབྱེ་བ་ཕྱེ་དུས་ཁོས་འབངས་མི་སེར་གྱི་དཀའ་སྡུག་ཚོར་ཏེ་གེ་སར་དང་མནའ་འབྲེལ་གྲོགས་པོ་བསྒྲིགས། གེ་སར་གྱིས་འཇང་ཕྲུག་གླིང་གི་དཔའ་རྟུལ་གྱི་གྲས་སུ་བཞག་པ་མ་ཟད་དགྲ་ལྷ་རྩེ་རྒྱལ་དང་མཐོ་དམན་མེད་པའི་ཏོག་གནང་། འཇང་ཕྲུག་གིས་རྫོང་ཆེན་དང་རྫོང་ཆུང་མང་པོའི་ནང་དུ་བྱས་རྗེས་བླ་མེད་བཞག་འདུག

རིགས་དབྱེ།  

གླིང་སྒྲུང་ནང་གི་ཕུ་ནུ་སུམ་ཅུ།

ཁྲ་མོ་གླིང་གི་དཔའ་རྟུལ་སུམ་ཅུ་ལ་གོ།

རིགས་དབྱེ།  

ལྷ་རྗེ་ཀུན་དགའ་ཉི་མ།

གླིང་ལྷ་རྗེ་ཀུན་དགའ་ཉི་མ་ནི་གླིང་དཀར་སྤྱི་ལ་དབང་བའི་མི་སྣ་གལ་ཆེན་དང་གླིང་གེ་སར་རྒྱལ་པོའི་ཐུགས་གཙིགས་གནང་བའི་བླ་སྨན་ཚེ་ཡི་རིག་བྱེད་པ་ཆེན་པོ་ཞིག་སྟེ། ཁོང་གི་རུས་རྒྱུད་ནི་འོད་གསལ་ལྷ་ནས་བྱུང་བའི་བི་ཇིའི་རིགས་ལས་མཆེད་པ་ཡིན།

རིགས་དབྱེ།  

ཚ་ཞང་འདན་མ་བྱང་ཁྲ།

ཚ་ཞང་འདན་མ་བྱང་ཁྲ་ནི་སྲིད་གསུམ་ཁམས་སུ་འགྲན་ཟླ་བྲལ་བའི་གླིང་གི་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ། བློན་ཚ་ཞང་འདན་མ་བྱང་ཁྲ་ནི་དགྲ་སྡེ་གང་དྲག་ཟིལ་གྱིས་གནོན་པའི་དཔའ་བོ་ཞིག་ཡིན་ལ་གླིང་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན། ཁོང་གཞོན་པའི་དུས་ནས་ཞེ་རྒྱུད་འཇམ་ཞིང་གཞུང་དྲང་བ། བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ། དྲག་པའི་མཚོན་ཆ་སྤྱོད་པར་རབ་ཏུ་མཁས། ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་པའི་མི་ཞིག་ཡིན་ནོ།།

རིགས་དབྱེ།  

ཉ་ཚ་ཨ་བརྟན།

དཔའ་མི་འགྱུར་ཉ་ཚ་ཨ་བརྟན་ནི་སྟག་རོང་དཔོན་པོ་ཁྲོ་རྒྱལ་དང་སྲུ་ཁ་ར་བཟའ་ཡི་གསེར་མཚོ་མ་གཉིས་ལས་བུ་དྲུག་སྐྱེས་པའི་ཆུང་བ་དང་། རྟ་ཕོའི་མིང་ལ་གངས་རི་ལྡིང་ཤེས་ཟེར་ཞིང་། རལ་གྲི་དགུ་ཟི་ཡུ་སྔོན། མདའ་མོ་རྒོད་སྒྲོ་གློག་ལེ། ཁྲ་མདུང་ཉི་མ་རང་ཤར། སྒྲུང་ལས་བཤད་པ་ལྟར་ན་ཧོར་གླིང་འཁྲུག་སྐབས་དཔའ་བོ་ངར་འཐབ་ཀྱིས་སྐུ་བཀྲོངས་པས་དག་ཞིང་དུ་ཕེབས་མ་ཐུབ་པར་བྷེ་རའི་ཡུལ་དུ་ར་འདྲ་འཆི་བདག་ཡ་མེད་ཟེར་བའི་ལུས་བླངས། ཕྱིས་སུ་གླིང་ལ་འཁོར་ནས་གླིང་གེ་སར་རྒྱལ་པོའི་འཕྲིན་ལས་རྗེས་མ་དག་སྤེལ་བར་བྱས་རྗེས་མི་དམན་པ་བཞད་སྐད་དོ།།

རིགས་དབྱེ།  

སེང་སྟག་ཨ་དོམ།

གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་འབྲིང་རྒྱུད་ཀྱི་གདོང་རྒྱུད་དེ། དཔའ་འགྲན་མེད་སེང་སྟག་ཨ་དོམ་ནི་གླིང་གི་དཔའ་རྟུལ་སུམ་ཅུ་ལས་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཏེ། མཁར་མི་འགྱུར་སྨུག་པོ་ལྕུག་དཀྲིས། རྟ་སྟོང་རི་ནོར་གྱི་བང་མཛོད། མཚོན་ལེབ་ཆེན་མི་ཡི་བཤའ་གྲི། སྲས་ཀྱི་མཚན་ལ་བཅོ་ལྔའི་དཔའ་གསར་ཟླ་བ་ཟེར་ཞིང་། ཧོར་གླིང་སྐབས་སུ་དཔའ་བོ་ངར་འཐབ་ཀྱིས་ཤི་སྟབས་དག་ཞིང་ལ་འགྲོ་མ་ནུས་པར་ཐོག་རུའི་ཡུལ་དུ་སེར་རྒོད་སྟོང་ཐུབ་ཀྱི་ལུས་བླངས། རྗེས་སུ་ཕ་བུ་ལྷན་འཛོམས་བྱུང་སྐད། སེང་སྟག་ཁོང་ནི་སེང་ཨ་དོམ་མི་ཡི་སྤྱང་ཀི་ཞེས་མཚན་སྙན་འཛམ་བུ་གླིང་ལ་ཁྱབ་པ་ཞིག་ཡིན།

རིགས་དབྱེ།  

དར་འཕེན་དུག་གི་སྡོང་བོ།

གླིང་ཕུ་ནུ་སུམ་ཅུ་དང་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ། གླིང་ཆེ་རྒྱུད་ཀྱི་གདུང་རྒྱུད་ལས་འཁྲུངས་པའི་དཔའ་རྒོད་དར་འཕེན་དུག་གི་སྡོང་བོ་ནི་བློ་རིག་རྒོད་ཅིང་དཔའ་ངར་ཆེ་བ། དགྲ་ལ་སྡང་ཞིང་གྲོགས་ལ་བྱམས་པ། དྲག་པའི་རྩལ་ལ་མཁས་ཤིང་ལེགས་ཉེས་བླང་དོར་ཤེས་པ། ཁོང་གི་མཚན་སྙན་ནི་གངས་ཅན་འཛིན་མའི་ལྗོངས་ཡོངས་སུ་དྲི་བཞོན་རླུང་ལྟར་ཁྱབ་འདུག གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་རྒྱ་ཚ་ཞལ་དཀར་སྐུ་གཤེགས་རྗེས་ཁོང་གིས་གླིང་གི་དམག་སྤྱིའི་འགན་བཞེས་པ་རེད།

རིགས་དབྱེ།  

ཨ་ནུ་གཟིག་འཕེན།

སྟག་རོང་ཨ་ནུ་གཟིག་འཕེན་ནི་གླིང་བཀྲ་ཤིས་མགོན་པོ་དང་། ཡུམ་གཟིག་ལྕམ་གངས་འཚོ་གཉིས་ལས་ཤིང་སྟག་ལོར་འཁྲུངས། སྟག་རོང་དཔོན་པོ་གཟིག་འཕེན་དགུང་ལོ་བཅུ་གསུམ་ལ་བུད་པ། ཆུ་སྟག་ལོ་ལ་འབྲོག་བཟའ་འོད་ལྷ་ཁབ་ཏུ་བཞེས་ནས་སྲས་གཉིས་དང་སྲས་མོ་གཅིག་བལྟམས། ཆུ་ཡོས་ལོར་ཨ་ནུ་གཟིན་འཕེན་གྱིས་སྲིབ་ལུང་ཤོག་ཆེན་དགུ་ཤོང་གི་སྨད་ཕྱོགས་སུ་དབྱིབས་པདྨ་འདབ་བརྒྱད་དང་། ནང་ཀ་ཆེན་བརྒྱད་ཀྱིས་བཀྱག་པ། ཐོག་ཉི་ཁེབས་རྒྱལ་མཚན་འཕན་ཡབ་རྒྱ་ཕིབས་ཀྱིས་བརྒྱན་པ། རྔ་གཡབ་ནོར་ཕྲེང་གིས་བསྐོར་བ། ཤར་དུ་ཇ་མཁར། ལྷོ་རུ་མཛོད་ཁང་། ནུབ་ཏུ་གསེར་གླིང་། བྱང་དུ་དྲག་རྩལ་ཁང་། ཤར་ལྷོར་འདུ་གླིང་། ལྷོ་ནུབ་ཏུ་གོ་མཛོད་ཁང་། ནུབ་བྱང་དུ་ཕོ་ཉ་ཁང་། བྱང་ཤར་དུ་སྨོན་ལམ་རྫོང་སོགས་ལྡན་པའི་ཕོ་བྲང་བེའུ་སྟག་རྫོང་ཞེས་པ་དེ་བཞེངས་སོ།། ཁོང་ཉིད་གཡུལ་འཐབ་མང་པོར་ཞུགས་ནས་རྟིང་མ་དགུང་དང་མཉམ་པ་མང་པོ་བླངས་ཡོད། ཧོར་གླིང་གཡུལ་འགྱེད་སྐབས་སུ་ཧོར་སྟོབས་ཆེན་གླང་བོ་ཁྲ་འབར་གྱི་ཞགས་པས་རྨ་ཆུར་འཕངས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་བཀྲོངས་སོང་།

རིགས་དབྱེ།  

འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག

ཁྲ་མོ་གླིང་གི་དཔའ་རྟུལ་དམ་པ་བདུན་གྱི་ཡ་གྱལ། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་ལས་གླག་དར་མ་འདྲ་བའི་དཔའ་ཆེན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་སྒ་སྡེ་མི་ཆེན་སེར་པོར་འབོད། རྟ་ཕོ་རླུང་ནག་འཚུབ་ཆེན། དགུང་ལོ་བརྒྱད་ཐོག་རྩལ་ཤུགས་སྤུར་རྒྱལ་བོད་དུ་གྲགས། ས་གླང་ལོར་ཕོ་བྲང་མཆོང་མཁར་སྨུག་པོ་འབྲུ་ཐང་སྟོད་ལྡང་ལ་གཡུ་ཐང་དུ་བཞེངས། མུ་ཁྱུད་ཤེལ་དང་མུ་མེན་རིན་པོ་སྣ་ཚོགས་ཀྱིས་བརྒྱན། དེ་ནས་འབྲུ་སྟོད་སྨད་བར་གསུམ་གྱི་དཔོན་པོར་བསྐོས་ནས་གླིང་གེ་སར་རྒྱལ་པོ་དང་མཉམ་དུ་དཔའ་བོའི་འཕྲིན་ལས་ཕྱོགས་བཅུར་སྤེལ་ཏེ་བདུད་རིགས་ཐམས་ཅད་མཐའ་ནས་བཅོམ། ཁོང་གི་སྲས་འབྲུ་སྲས་ནམ་མཁའ་ཐོག་རྒྱས་ཡིན་ཞིང་སྟག་གཟིག་དམག་འཐབ་ནང་སྐུ་བཀྲོངས་སོང་བ་རེད།

རིགས་དབྱེ།  

རྒྱ་ཚ་ཞལ་དཀར།

གླིང་གི་ཡང་རྟུལ་དམ་པ་མི་བདུན་གྱི་གཙོ་བོ། གླིང་རྗེ་གེ་སར་རྒྱལ་པོའི་སྐུ་མཆེད། དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ནི། སྐུ་ན་ཕྲ་བའི་དུས་ནས་དགྲ་སྡང་གྲོགས་བྱམས་ཀྱི་རང་གཤིས་ལྡན་ཞིང་། མདའ་མདུང་གྲི་གསུམ་གྱི་དྲག་པའི་མཚོན་ཆའི་རྩལ་ལ་རབ་ཏུ་བྱང་བ། ནག་ཕྱོགས་བདུད་སྡེ་མ་ལུས་གཞོམ་པར་ནུས་པའི་ཐུགས་སྟོབས་གཞན་དང་མི་མཚུངས་པ་ཞིག་མཆིས་པ་རེད། ཁོང་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་བློ་རྩེ་འཁེལ་བའི་དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་ཀྱང་ལགས། དེར་ཡང་ཧོར་གླིང་གཉིས་ཀྱི་གཡུལ་འཁྲུག་གི་སྐབས་སུ། ཁོང་གིས་གླིང་དཀར་ལྷ་སྡེ་ཡོངས་ཀྱི་མ་འོངས་བདེ་སྐྱིད་ཀྱི་སླད་དུ་སྐུ་ན་གཞོན་པའི་ཚེ་སྲོག་བློས་བཏང་བ་རེད།

རིགས་དབྱེ།  

ཨ་སྟག་ལྷ་མོ།

གླིང་གེ་སར་མཆོག་གི་ཇ་མ་བྱང་ཨ་སྟག་འཁྱིལ་བའི་ལྷ་མོ་ནི། མཛེས་ཤིང་ཡིད་དུ་འོངས་ལ་དཔའ་བོའི་རང་གཤིས་ལྡན་ཞིང་། དགྲ་ལ་ཕྲད་ན་ཁྲོ་བའི་ཉམས་ལྡན་ཞིང་གྲོགས་དང་འགྲོགས་དུས་སྙིང་ནས་བརྩེ་བ་མ་ཟད། ཆབ་སྲིད་ཀྱི་མིག་རྒྱང་རིང་ཞིང་བློ་ཁོག་ཡངས་བའི་བོད་རིགས་སྐྱེས་མ་ཁྱད་པར་བ་ཞིག་ཡིན་ནོ།།

རིགས་དབྱེ།  

སེང་ལྕམ་འབྲུག་མོ།

སྐྱ་ལོ་ཚོ་ཤོག་གི་མགོ་དཔོན་བསྟན་པ་རྒྱལ་མཚན་གྱི་སྲས་མོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་དང་གླིང་དཀར་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་སྟེ། སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པར་གྲགས། གླིང་གི་རྟ་རྒྱུག་རྒྱལ་འཇོག་ཐོག་ཏུ་སེང་ལྕམ་འབྲུག་མོ་དང་སྐྱ་ལོ་ཚང་གིས་གཉེར་བའི་རྒྱུ་ནོར་འབོར་ཆེན་རྒྱན་དུ་བཙུགས་ཏེ། རྟ་རྒྱུག་རྒྱལ་འཇོག་བྱས། གླིང་རྗེ་གེ་སར་རྒྱལ་པོ་གསེར་ཁྲིར་མངའ་གསོལ་རྗེས་སེང་ལྕམ་འབྲུག་མོ་བཙུན་མོར་ཁབ་ཏུ་བཞེས། འབྲུག་མོ་ནི་གཤིས་རྒྱུད་བཟང་ཞིང་ཚུལ་ལྡན་ཞིག་ཡིན་པས་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞབས་ཞུ་ལེགས་པོ་ཞུས་ཡོད། གླིང་རྗེ་གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བདུད་འདུལ་བར་ཆས་ནས་ཚུར་གླིང་ཡུལ་དུ་མ་སླེབས་གོང་ལ་ཧོར་གླིང་དམག་འཁྲུག་བྱུང་སྟེ་ཧོར་དམག་གིས་གླིང་ལ་ཚུར་རྒོལ་བྱེད་པར་འབྲུག་མོས་དམག་ལ་འགོག་རྒོལ་བྱས། ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་འབྲུག་མོས་གླིང་གི་དམག་འབངས་བདེ་འཇགས་སུ་འགོད་པའི་ཆེད་དུ། དཔའ་མོ་གཅིག་པུ་ཧོར་གྱི་དམག་སྒར་དུ་ཕྱིན་ནས་ཞི་མཐུན་ཡོང་རྒྱུའི་རེ་བ་བཏོན། མོ་ཧོར་ཡུལ་དུ་ཡུན་རིང་བཞུགས་དགོས་བྱུང་ཡང་རང་གི་ཡུལ་དང་གླིང་རྗེ་གེ་སར་རྒྱལ་པོ་རྟག་པར་སེམས་ལ་དྲན། ཧོར་རྒྱལ་བཏུལ་རྗེས་སུ་འབྲུག་མོ་གླིང་ཡུལ་དུ་ཚུར་བྱོན་པ་རེད། སྒྲུང་ཡིག་ལས་མོ་དང་གླིང་རྗེ་གེ་སར་རྒྱལ་པོ་བར་གྱི་བློ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་རང་མདངས་མ་ཉམས་པའི་གནས་ཚུལ་ཤིན་ཏུ་རྒྱས་པར་བཀོད་ཡོད།

རིགས་དབྱེ།  

འཇང་ཕྲུག

གླིང་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་ཐུགས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་མཚམས་ལ་བཞུགས་སྐབས་ཀྱི་ཉིན་ཞིག་ཐོ་རངས་ཀྱི་དུས་སུ། ལྷ་ཆེན་ཚངས་པ་དཀར་པོའི་ལུང་བསྟན་འདི་ལྟར་གསུངས། ཧོར་ཡུལ་དུ་སྡིག་གཅོད་ཤན་པ་འབོད་དུ་སོང་། འཇང་ཕྲུག་འཛིན་མཁན་ཧོར་ཤན་པ་མ་གཏོགས་སུ་ཡང་མེད། གལ་ཏེ་འཇང་ཕྲུག་གྲོགས་ལ་བཀུག་ཚེ། འཇང་ས་དམ་འདུལ་བར་དཀའ་བ་མེད་གསུངས་ནས་མི་སྣང་བར་གྱུར་ཏོ།། དེ་ནས་སེང་ཆེན་རྒྱལ་པོ་མཚམས་ལས་གྲོལ་ཏེ་བློན་ཆུང་སྲོ་མ་ར་ཛ་བྱ་བ་ཧོར་སྡིག་གཅོད་ཤན་པ་རྒྱལ་པོ་འབོད་དུ་མངགས་པ་དང་། དེ་ནས་སྡིག་གཅོད་ཤན་པ་གློག་འཁྱུག་པ་ལྟར་ལམ་ལ་ཆས་ནས་རིན་པོ་ཆེ་སྐུ་མདུན་དུ་འབྱོར་ཏེ། མཇལ་དར་ཕུལ་བའི་རྗེས་སུ་འཇང་ཕྲུག་འཛིན་པར་འགྲོ་དཀའ་བའི་ཚུལ་བསྟན་པ་དང་། ཤན་པས་འཇང་ཕྲུག་ཁྲིད་ནས་སེང་ཆེན་གྱི་སྐུ་མདུན་ལ་འབྱོར། ཁོས་སངས་རྒྱས་ཀྱི་ཞལ་མངོན་སུམ་དུ་མཐོང་བས་ཉོན་མོངས་ཐམས་ཅད་ཞི་ནས་གླིང་ལ་གྲོགས་བྱ་རྒྱུའི་ཞལ་བཞེས་པའི་གཏམ་རྒྱུད་དོ།།

རིགས་དབྱེ།  

གཡུ་རྒོད་ཚངས་པའི་རྨེ་རུ།

ཁ་ཆེ་རྒྱལ་པོའི་ནང་བློན་གྲགས་ཅན་ཞིག་སྟེ། ལྷོ་འཛམ་བུ་གླིང་གི་ས་ཆ་ལ་རྨེ་རུ་ཐོགས་པའི་མི་གསུམ་ཡོད་པ་དང་། ཁོ་རང་དེའི་ཡ་གྱལ་ཡིན་ནོ།།

རིགས་དབྱེ།  

ཁྲི་བརྟན་རྒྱལ་པོ།

ཁ་ཆེ་ཡུལ་གྱི་རྒྱལ་པོ་སྟེ་ཁོང་གིས་བལ་བོ་དང་སྨྱུག་ཁ་སོགས་རྒྱལ་ཕྲན་འགའ་དབང་དུ་བསྡུས་པ་དང་། ཕྱིས་སུ་གླིང་ལ་དམག་དྲངས་ནས་གཡུལ་འགྱེད་དྲག་པོ་བྱས་མོད། མཐར་གླིང་རྗེ་གེ་སར་རྒྱལ་པོས་བཏུལ་ཅིང་ཁ་ཆེ་བདེ་ལ་བཀོད་དོ།།

རིགས་དབྱེ།  

གཤིན་བདུད་གདུང་དམར།

ཁ་ཆེ་རྒྱལ་པོའི་ནུ་བོ་སྟེ། སྔོན་རྒྱ་གར་ལྷོ་ཕྱོགས་སུ་གདོལ་བ་ཨ་ར་ནག་པོར་སྐྱེས་པ་དང་བླ་མའི་བཀའ་དང་འགལ་དམ་ཚིག་ཉམས་པས། ཚེ་འཕོས་ནས་དམྱལ་ཁམས་བཅོ་བརྒྱད་འགྲིམས་པར་བཤད་དོ།།

རིགས་དབྱེ།  

ཨ་ནུ་ཕྱིང་སྔོན།

ཨ་ནུ་སེང་ཕྲན་གྱི་བུ་ཡིན་ཞིང་། ཆུང་དུས་སུ་རོང་བཙན་ཁ་བ་དཀར་པོའི་ཡུལ་དུ་ནར་སོན། བདུད་ཀླུ་བཙན་རྒྱལ་པོས་བཙན་གྱིས་འཕྲོག་ནས་བདུད་ཡུལ་གྱི་ར་རྫིར་བཞག

རིགས་དབྱེ།  

ཐོག་རུ་རྒྱལ་པོ།

ཐོག་རུ་རྒྱལ་པོ་ནི་ཐོག་རུ་ཡུལ་གྱི་རྒྱལ་པོ་ཡིན་ཞིང་མིང་གཞན་ལ་ནམ་མཁའ་རྒྱལ་མཚན་ཟེར། ཁོ་ནི་ཐོག་རུ་འབུམ་ཐུབ་ཀྱི་བུ་ཡིན་ཏེ་ཐོག་ཞེས་པ་ས་མིང་མི་ལ་འབྱོར་བ་ཡིན། ཁོ་རང་ཨ་ཆེན་ཧོར་གྱི་རྒྱལ་པོ་གུར་ནག་གི་སྐྱེ་བ་ཡིན་ཟེར་ཞིང་། འཆི་ཁར་ལྟ་བ་ལོག་པས་ཐོག་རུའི་ཡུལ་དུ་བདུད་ཀྱི་རྒྱལ་པོ་ནམ་མཁའ་རྒྱལ་ཞེས་པའི་ལུས་བླངས།

རིགས་དབྱེ།  

འོམ་བུའི་སྤྱང་ཁྲི་རྔམ་ཆེན།

གླིང་གི་དཔའ་བརྟུལ་སུམ་ཅུའི་ཡ་གྱལ་ཏེ། འོམ་བུའི་སྤྱང་ཁྲི་རྔམ་ཆེན་ནི་ཤིང་སྦྲུལ་ལོར་འོམ་བུ་ཛམ་དང་བྱང་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། གླིང་གི་དཔའ་བརྟུལ་ཁྲོད་སྤྱང་ཁྲི་རྔམ་ཆེན་ཞེས་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན་ནོ།།

རིགས་དབྱེ།  

རྨུ་སྤྱང་རིན་ཆེན་དར་ལུ།

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་གི་དཔོན་རྒྱུད་གསུམ་གྱི་ཡ་གྱལ་ཏེ། རྨུ་སྤྱང་རིན་ཆེན་དར་ལུ་ནི་ཡབ་དར་རྒྱས་དང་ཡུམ་མཚོ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་དཔའ་ངར་རྟུལ་ཕོད་ཆེ་བས་ཁྲ་མོ་གླང་གི་རྨུ་སྤྱང་སྡེ་བཞིའི་མགོ་དཔོན་དུ་བསྐོས་ཤིང་། གླིང་སེང་ཆེན་རྒྱལ་པོའི་དགྲ་འདུལ་གཉེན་སྐྱོང་གི་དམག་འཐབ་མང་པོར་ཞུགས་ནས་རྟིང་མ་ས་སྟེང་དུ་ཤོང་དཀའ་བ་བླངས།

རིགས་དབྱེ།  

འོམ་བུའི་ཨ་ནུ་དཔའ་སེང་།

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་གི་དཔོན་རྒྱུད་གསུམ་གྱི་ཡ་གྱལ་ཏེ། འོམ་བུའི་ཨ་ནུ་དཔའ་སེང་ནི་ལྕགས་ཁྱི་ལོར་ཡབ་འོམ་བུ་རྡོ་རྗེ་དང་ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་དང་ཉི་འབུམ་དར་ཡག རྨུ་སྤྱང་རིན་ཆེན་དར་ལུ་གསུམ་ནི་ཕྱི་དགྲ་བོར་འཐབ་ན་དཔའ་སྙིང་སྤྱང་གྲུང་འཛོམས་པས་གླིང་དཀར་པོའི་སྙིང་མིག་སྲོག་གསུམ་དུ་འབོད་དོ།།

རིགས་དབྱེ།  

ཉི་འབུམ་དར་ཡག

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་དཔོན་རྒྱུད་གསུམ་གྱི་ཡ་གྱལ་ཏེ། ས་ཕག་ལོར་ཡབ་སྟོབས་རྒྱལ་ལྷུན་གྲུབ་དང་ཡུམ་ལྡོང་བཟའ་ཤེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། སྟོད་གླིང་གསེར་བའི་ཁྲི་དཔོན་མཛད་པ་དང་། གླིང་གི་དོན་ཆེན་དག་ལ་བྱས་རྗེས་མང་པོ་བཞག་མྱོང་ངོ་།།

རིགས་དབྱེ།  

མི་ཆུང་།

མི་ཆུང་ནི་སྔར་ཨ་ཆེན་ཧོར་གྱི་བློན་པོ་ཡིན། ཕ་ཡུལ་གླིང་ཡིན། གླིང་རྗེ་གེ་སར་རྒྱལ་པོས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་པ་དང་ཧོར་དམག་ཆམ་ལ་ཕབ་རྗེས་ཁོ་རང་སེང་ཆེན་རྒྱལ་པོའི་གསོལ་དཔོན་དུ་བསྐོས།

རིགས་དབྱེ།  

གླིང་རྗེ་གེ་སར་རྒྱལ་པོ།

གླིང་རྗེ་གེ་སར་རྒྱལ་པོའམ་ཇོ་རུ་ནི་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ལས་ཆུང་རྒྱུད་ཚང་གི་གདུང་རྒྱུད་དུ་ཡབ་སེང་བློན་དང་ཡུམ་འགོག་བཟའི་སྲས་སུ་སྤྱི་ལོ1038ལོར་ཁམས་སྡེ་དགེ་ཨ་ཕྱུགས་རྩྭ་ཐང་ནས་འཁྲུངས་ཤིང་བྱམས་དང་སྙིང་རྗེ་ཆེ་བ། མཐུ་དང་རྫུ་འཕྲུལ་ལྡན་པ་ཞིག་ཡིན། ཁོང་གིས་ལོ་བཅུ་གཉིས་སྟེང་གླིང་གི་རྟ་རྒྱུགས་རྒྱལ་འཇོག་སྟེང་ལྷ་རྟ་རྐྱང་རྒོད་འཕེར་བ་བཅིབས་ནས་འགྲན་སྡུར་ལ་ཞུགས་ཤིང་མཐར་ཀུན་ལས་རྣམ་པར་རྒྱལ་ཏེ་སྐྱ་ལོའི་རྒྱུ་བདག་དང་། གླིང་གི་མགོ་བདག འབྲུག་མོའི་སྐྲ་བདག་བཅས་བྱས་ནས་མཐའ་བཞིའི་རྒྱལ་ཕྲན་དང་ཚོ་བ་བརྒྱ་དང་ལྔ་བཅུར་ལོན་པ་ཞིག་ཆབ་འབངས་སུ་བསྒྱུར་ཅིང་། སྤྱི་ལོ1119ལོར་དགོངས་པ་རྫོགས།

རིགས་དབྱེ།  

གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན།

ལོ་སྟོང་དཔོན་ཨ་མྱེས་ཁྲ་རྒན་ནི་གླིང་རྒན་གྲས་རྣམས་ཀྱི་ཆེ་མགོ། ས་ཡོས་ལོའི་ཟླ་བརྒྱད་པའི་རི་ལུང་རྩྭ་ལྗང་གཡུ་འོད་ཀྱིས་ཁྱབ་པའི་དུས་སུ་ཡབ་ཆོས་འཕེན་ནག་པོ་དང་ཡུམ་རོང་བཟའ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་རོང་ཚ་ཁྲ་རྒན་གསོལ། གཞན་ཟླ་སྐྱེ་ལས་རོང་ཚ་ཞག་སྐྱེ་ཆེ་བས། དགུང་ལོ་བཅུ་གཉིས་ས་འབྲུག་ལ་ཆོས་བཟང་མ་ཞེས་ཆོས་རྗེ་ནོར་བུ་ཀ་བཟང་གི་སྲས་མོ་སྟེ། མཛེས་སྡུག་ལང་ཚོ་རབ་ཏུ་རྫོགས་པ། ཆུ་ཤེལ་ཟླ་བའི་རང་མདངས་ཅན། མཛེས་མའི་ཡོན་ཏན་ཐམས་ཅད་འཛོམས་པ་དེ་ཁབ་ཏུ་བཞེས་ནས་སྟོན་མོ་རྒྱ་ཆེན་མཛད་དེ། གླིང་ཆེ་ཁག་གསུམ་གྲོས་མཐུན་བྱུང་ནས་ཆུང་རྒྱུད་གླིང་གི་སྤྱི་དཔོན་ལ་བསྐོས། ཁོང་ལ་བུ་གསུམ་དང་བུ་མོ་གཅིག་ཡོད། ས་སྦྲུལ་ལོར་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་རྨ་རྫ་གཉིས་ཀྱི་མཚམས་སུ། གྱང་མཁན་དགུ་བརྒྱ་བོས་ཏེ། རྒྱུ་རིན་ཆེན་སྣ་ལྔ་བྱས་ནས་ཕོ་བྲང་གནམ་རྫོང་ཕྱུག་མོ་མཐོ་ཚད་ལ་ཚངས་པའི་འདོམ། རིང་ཚད་ལ་དཔག་དཀའ་བ་ངོ་མཚར་གྱིས་བརྟས་པའི་ཕོ་བྲང་ཞིག་བཞེངས། གླིང་གི་གཡུལ་འཐབ་གང་གི་ནང་དུའང་སྤྱི་དཔོན་མ་འདུས་ས་གཅིག་ཀྱང་མེད། དགུང་ལོ་བརྒྱ་ལྷག་གམ་སྟོང་ལ་བསྡད་པས་ལོ་སྟོང་དཔོན་ཨ་མྱེས་ཁྲ་རྒན་དུ་འབོད།

རིགས་དབྱེ།  

ཡབ་ཆེན་སེང་བློན་རི་སྐྱེས།

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་དམ་པ་རྣམ་གསུམ་གྱི་ཡ་གྱལ་ཏེ། ཡབ་ཆེན་སེང་བློན་རི་སྐྱེས་ནི་ལྡོང་ཆོས་འཕན་ནག་པོའི་སྲས་ཆུང་བ་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོའི་ཡབ་ཡིན་ལ། ཆུང་དུས་ནས་ཡིད་གཞུང་ལ་རྒྱུད་བཟང་བའི་སྐྱེ་བོ་ཡ་རབས་ཤིག་ཡིན་པ་དང་། གླིང་དཀར་སྟོད་ཀྱི་བདག་དབང་བཟུང་མྱོང་།

རིགས་དབྱེ།  

སྣང་ངུ་གཡུ་སྟག

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་གི་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ་ཏེ། སྤྱི་དཔོན་སྣང་ངུ་གཡུ་སྟག་ནི་རོང་ཚ་ཁྲ་རྒན་གྱི་བུ་གསུམ་ལས་ཆུང་བ་ཡིན་པ་དང་། སྙན་གྲགས་ཀུན་ལ་ཁྱབ་པའི་གླིང་གི་དཔའ་བརྟུལ་ཞིག་ཡིན།

རིགས་དབྱེ།  

སྐྱ་ལོའི་སྟོན་པ་རྒྱལ་མཚན།

གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་གི་ཕ་ཁུ་རྒན་རབས་མི་བཅུའི་ཡ་གྱལ་ཏེ། སྐྱ་ལོའི་སྟོན་པ་རྒྱལ་མཚན་ནི་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དང་སྐྱ་ལོའི་བུ་ཡག་འབྲུག་རྒྱལ་གཉིས་ཀྱི་ཡབ་ཡིན་པ་དང་། ཁོང་ཚང་ནི་ཁྲ་མོ་གླིང་ནས་ཆེས་ཕྱུག་པོའི་ཁྱིམ་ཚང་ཞིག་ཡིན།

རིགས་དབྱེ།  

གདོང་བཙན་སྣང་ངུ་ཨ་དཔལ།

གླིང་གི་དཔའ་བརྟུལ་སུམ་ཅུའི་ཡ་གྱལ་ཏེ། གདོང་བཙན་སྣང་ངུ་ཨ་དཔལ་ནི་ཆུ་སྦྲུལ་ལོའི་སྟག་ཟླ་ལ་སྟག་རོང་དཔོན་པོ་ཁྲོ་རྒྱལ་དང་ཡུམ་འདན་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

རིགས་དབྱེ།