ཡོངས་འཛིན་རིག་མཛོད། >མི་སྣ། >ལོ་རྒྱུས་མི་སྣ། >བཙན་པོ།

ཆིན་ཧྲི་ཧོང་།

ཆིན་ཧྲི་ཧོང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་ཆེས་རླབས་ཆེ་བའི་ཆབ་སྲིད་པ་དང་། འཐབ་ཇུས་པ། དམག་དོན་པ། གསར་བརྗེ་བ་བཅས་ཡིན། ཁོང་གིས་ཐེངས་དང་པོར་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་བྱས་ཤིང་ཆིན་རྒྱལ་རབས་བཙུགས་ནས་རྒྱལ་པོ་ཐོག་མར་བཞུགས།

རིགས་དབྱེ།  

གཉའ་ཁྲི་བཙན་པོ།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི། སྤྱི་ལོའི་གོང་གི་ཆུ་ཁྱི539ལོར་བྱོན་ནས་བོད་ཁ་ཉ་དྲུག་གི་རྗེ་བོ་བྱས། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། སྲས་ཀྱི་ཆིབས་ཁ་ཐུབ་པ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་གྲགས་པས་སྐུ་ཚེ་རིང་པོ་མ་བཞུགས་པར་མངོན།

རིགས་དབྱེ།  

ཁྲི་ལྡེ་སྲོང་བཙན།

བོད་རྒྱལ་བཞི་བཅུ་བ་ཁྲི་ལྡེ་སྲོང་བཙན་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཆུ་གླང་སྤྱི་ལོ773ལ་བལྟམས། ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་འཁྲུངས་པའི་ཐ་ཆུང་ཡིན། ཤིང་སྤྲེལ་སྤྱི་ལོ804ནས་ཆབ་སྲིད་ཀྱི་འགན་བཞེས་ཤིང་ལོ་བཅུ་གཅིག་ལ་སྲིད་བསྐྱངས། འབྲོ་བཟའ་ལྷ་རྒྱལ་མོ་རྗེ་ཁབ་ཏུ་བཞེས་པའི་སྲས་ཁྲི་གཙུག་ལྡེ་བཙན་དང་འུ་ལུ་དུམ་བརྟན་བཙན་འཁྲུངས། ཉང་ཆོས་འབྱུང་ལྟར་ན། མཆིམས་རྒྱལ་བཟའ་ལེགས་མོ་བཙན་དང་། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བསུས་པར་སྲས་དར་མ། ལྷ་སྲས་གཙང་མ། ཁྲི་རལ་བ་ཅན། ལྷ་རྗེ། ལྷུན་གྲུབ་དང་ལྔ་འཁྲུངས་བར་བཤད། བློན་ཆེན་བནྡེ་མྱང་ཏིང་འཛིན་རབ་བྱུང་དང་། བློན་ཆེན་དབའ་མང་རྗེ་ལྷ་ལོད། ཞང་ཁྲི་ཟུར་རམ་ཤག་སོགས་ཀྱིས་བྱས། ཐང་བོད་གཡུལ་མཚམས་བཅད་ཅིང་མཇལ་འདུམ་དབུ་བཙུགས། བཀའ་བསྟན་གྱི་དཀར་ཆག་དང་ལོ་ཙཱའི་གཞུང་ལུགས་གཏན་འབེབས་མཛད། དཀོན་མཆོག་གི་རྟེན་དང་བཀའ་གཙིགས་ཀྱི་རྡོ་རིང་བཞེངས། ཤིང་ལུག་སྤྱི་ལོ815ལོར་སྒྲགས་ཀྱི་ཕུར་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་སྤྱི་མདུན་དུ་བརྩིགས། མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་སུ་གྲགས། བང་སོའི་མདུན་ན་བཙན་པོ་དེ་ཉིད་ཀྱི་མཛད་རྗེས་རྡོ་རིང་ལ་བརྐོས་པ་ད་ལྟའང་མཇལ་དུ་ཡོད།

རིགས་དབྱེ།  

མུ་ནེ་བཙན་པོ།

བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་། ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། བོད་རྒྱལ་གདུང་རབས་སོ་དགུ་པ་ཡིན་ལ། འདིས་ཀྱང་རྒྱལ་པོ་སྔ་མ་བཞིན་དམ་པའི་ཆོས་ལ་བརྩི་བཀུར་ཆེས་ཆེར་བྱས། བསམ་ཡས་དང་། ལྷ་ས། ཁྲ་འབྲུག་ཏུ་སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས། དེབ་ཐེར་དུ་དེས་འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་པར་མཛད་ཅེས་དང༌། ཆབ་སྲིད་མཛད་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡུམ་གྱིས་དུག་བཏང་ནས་གྲོངས་ཞེས་བཤད་པ་འདི་གཉིས་ཕན་ཚུན་འགལ་མི་འགལ་ལ་ལོ་རྒྱུས་སྨྲ་བ་དག་གི་འདོད་ཚུལ་ཐ་དད་ཡོད།

རིགས་དབྱེ།  

པུ་དེ་གུང་རྒྱལ།

བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་ནི(སྤུ་དེ་གུང་རྒྱལ་ཞེས་པའང་སྣང)བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ལ་སྲས་གསུམ་བལྟམས་པ་ལས་འབྲིང་པོ་བྱ་ཁྲི་ཞུ་བ་དེ་ཡིན།བཙན་པོ་འདིའི་སྐུ་རིང་ལ་ཞང་ཞུང་ནས་གཤེན་པོ་དུ་མ་གདན་དྲངས་ཤིང་། བོན་གྱི་དཔེ་ཆ་མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་རྒྱས་པར་མཛད།

རིགས་དབྱེ།  

གྲི་གུམ་བཙན་པོ།

བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ནི(དྲི་གུམ་བཙན་པོ་ཞེས་པའང་སྣང)བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ཡུམ་ལ་བཞེད་ཚུལ་མི་མཐུན་པ་མང་པོ་འདུག་ཀྱང་། རྒྱལ་རབས་ཆོས་འབྱུང་སོགས་གཞུང་མང་ཆེ་བའི་ནང་འདི་ཉིད་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེའི་སྲས་ཡིན་ཞེས་འཁོད་ཡོད།རྒྱལ་པོ་འདིའི་སྐུ་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར་ཞེས་གྲགས། སྐུ་གཤེན་ཅོའུ་ཚེམས་དཀར་གྱིས་མཛད། གསས་མཁར་ས་ལེ་བྱེལ་ཚང་བཞེངས།

རིགས་དབྱེ།  

མུ་ཁྲི་བཙན་པོ།

བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནི(མུག་ཁྲི་བཙན་པོ་ཞེས་པའང་སྣང)གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡིན་ལ། བཙན་པོ་འདིས་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས།

རིགས་དབྱེ།  

སྐྱིད་ལྡེ་ཉི་མ་མགོན།

སྐྱིད་ལྡེ་ཉི་མ་མགོན་ནི་མངའ་བདག་དཔལ་འཁོར་བཙན་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་སྲས་ཡིན་ལ། འབངས་གྱེན་ལོག་བྱུང་དུས་སྟོད་མངའ་རིས་སུ་ཕེབས་སྐབས་དགེ་བཤེས་བཀྲ་ཤིས་བཙན་གྱིས་སྤུ་ཧྲེང་དུ་བཞུགས།

རིགས་དབྱེ།  

གནམ་ལྡེ་འོད་སྲུངས།

གནམ་ལྡེ་འོད་སྲུངས་ནི་ཡབ་ཁྲི་དར་མ་འུ་དུམ་བཙན་དང་ཡུམ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་ཆུ་ཕག(སྤྱི་ལོ903)ལོར་ཡུམ་བུ་བླ་སྒང་དུ་སྐུ་འཁྲུངས་ཞེས་པ་དང་ཆུ་ཁྱི(སྤྱི་ལོ902)ལོར་འཁྲུངས་ཞེས་པ་སོགས་གསུང་ཚུལ་མི་འདྲ་བ་མང་ངོ་།། རྒྱལ་པོ་འདིའི་སྐུ་དུས་སུ་ཡབ་ཀྱིས་བསྟན་པ་བསྣུབས་པའི་བྱ་བ་མཚམས་འཇོག་དང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་ཁས་བླངས་ནས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ།

རིགས་དབྱེ།  

ཁྲི་དར་འུ་དུམ་བཙན་པོ།

བོད་རྒྱལ་ཞེ་གཉིས་པ་ཁྲི་དར་མ་འུ་དུམ་བཙན་ནི་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་ཤིང་ལུག་སྤྱི815ལོར་འཁྲུངས། རང་ལོ་ཉེར་བདུན་ལྕགས་བྱ་ནས་ཆུ་ཁྱི་སྤྱི་ལོ842བར་ལོ་གཉིས་ལ་སྲིད་བསྐྱངས། སྦས་རྒྱལ་ཏོ་རེ་དང་སྣ་ནམ་རྒྱལ་ཚ་ཁྲི་འབུམ་གྱིས་བློན་པོ་བྱས། བཙུན་མོ་སྣ་ནམ་བཟའ་དང་། ཚེ་སྤོང་བཟའ་བཙན་མོ་འཕན་གཉིས་ཁབ་ཏུ་བསུས། འབྲི་ལྷ་ཁང་བཞེངས་ཤིང་དཀོན་མཆོག་ལ་སྲི་ཞུ་མཛད། བཙན་པོ་འདི་ཁྲིར་བཞུགས་སྐབས་རི་ཉིལ། ཆུ་ལོག ཞིང་ལ་བཙའ་ཐན་བཅས་རང་བྱུང་གི་གནོད་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་བོད་ལ་མུ་གེ་དང་ནད་ཡམ་མཆེད་པ་སོགས་ཕྱི་ནང་གི་རྐྱེན་དུ་མས་དམ་ཆོས་བསྒྱུར་བའི་འཕྲོ་ཆད། ལོ་པཎ་མང་པོ་ས་མཐར་ཕེབས་དགོས་བྱུང་། དགེ་འདུན་ལ་བླ་ནས་འཚོ་བ་སྦྱོར་བའི་མཚམས་ཆད། གྲྭ་བཙུན་རྣམས་ཀྱིས་ཚུལ་མིན་གྱི་སྤྱོད་པ་མང་དུ་བྱས་པ་དང་བྱེད་དུ་བཅུག ཆོས་བྱེད་རྣམས་རྒྱལ་པོ་ལ་མ་གུས་པ་ཆེན་པོ་བྱུང་། འོན་ཀྱང་རྒྱལ་པོ་འདིའི་རིང་རྒྱལ་མཚམས་དང་ཕྱི་འབྲེལ་དམག་སྟོབས་སོགས་ལ་ཉམས་རྒུད་དང་འཕོ་འགྱུར་གང་ཡང་བྱུང་མེད་པ་འདྲ། རང་ལོ་སོ་དགུ་པ་སྤྱི་ལོ842ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྐོག་མདའ་བརྒྱབ་ནས་བཀྲོངས་ཞེས་གྲགས་ཀྱང་། ཐང་ཡིག་གསར་མ་དང་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ཁག་ན་བློན་ཆེན་ཞང་ཡན་ལི་སྤུན་མཆེད་ཀྱིས་བཀུམ་པར་བཤད་པ་ཡོད་པའི་དཔྱད་འོས་ཤིན་ཏུ་ཆེ། མཚན་གྱི་རྣམ་གྲངས་ལ། ཏུན་ཧོང་ཡིག་རྙིང་ལས། འུ་དུན་བརྟན། ལྡེའུ་ཆོས་འབྱུང་ལས་དར་མ། ཉང་རལ་ཆོས་འབྱུང་ལས། དར་མ་འུ་དུམ་བཙན་པོ། ས་ཆེན་རྒྱལ་རབས་ལས། གླང་དར་མ་སྤྲེལ་མགོ ཡར་ཀླུང་ཆོས་འབྱུང་དང་དེབ་དམར་ལས། གླང་དར་མ། རྒྱལ་རབས་གསལ་མེ་ལས། ཁྲི་གླང་དར་མ་དབུ་དུམ་བཙན། ལྷ་བཙན་པོའི་གདུང་རབས་དང་སྔོན་གཏམ་མེ་ཏོག་ཕྲེང་བ་ལས། གནོད་སྦྱིན་དར་མ་འུ་དུམ་བཙན། ཐང་ཡིག་དང་དེབ་སྔོན་ལས། ཐ་མུ། བཤད་མཛོད་ཆེན་མོ་ལས། དར་མ། མཁས་པའི་དགའ་སྟོན་ལས། ཁྲི་དར་མ་ཨུ་དུམ་བཙན། འཕྲུལ་གྱི་ལྡེ་མིག་ལས། ཁྲི་དར་མ་འུ་དུམ་བཙན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། གླང་དར་མ་འུ་དུམ་བཙན་སོགས་འབྲི་ཚུལ་སྣ་ཚོགས་མཆིས། སྲས་ཡུམ་བརྟན་དང་འོད་སྲུང་གཉིས་འཁྲུངས།

རིགས་དབྱེ།  

ཁྲི་གཙུག་ལྡེ་བཙན།

བོད་རྒྱལ་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་ནི་མེ་ཁྱི་སྤྱི་ལོ806ལོར་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། སྐྱིད་རྟགས་ལོ་དང་པོ་ཤིང་ལུག་སྤྱི་ལོ815ནས་སྲིད་དབང་བཟུང་ཞིང་། ལྕགས་བྱ་སྤྱི་ལོ841བར་སྲིད་བསྐྱངས། བཙུན་མོ་ཅོག་རོ་དཔལ་གྱི་ངང་ཚུལ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་སྲས་མ་འཁྲུངས་པར་གྲགས་ལ། འགའ་རེས་འོད་སྲུངས་ཁོང་གི་སྲས་སུ་བཤད་པ་ཡོད། འབྲོ་སུམ་རྗེ་སྟག་སྣང་དང་། སྦས་མང་རྗེ་ལྷ་ལོད། བན་ཆེན་པོ་དཔལ་གྱི་ཡོན་ཏན། ཞང་ཁྲི་གཞུང་རམ་ཤགས་བཅས་ཀྱིས་བློན་པོ་བྱས། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་ལྷ་ཁང་བཞེངས།

རིགས་དབྱེ།  

དིང་ཁྲི་བཙན་པོ།

བོད་རྒྱལ་གསུམ་པ་དིང་ཁྲི་བཙན་པོ་ནི་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡིན་ལ། ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་འཁྲུངས།

རིགས་དབྱེ།  

སོ་ཁྲི་བཙན་པོ།

བོད་རྒྱལ་བཞི་པ་སོ་ཁྲི་བཙན་པོ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་གནམ་ཀྱི་ཁྲི་བདུན་གྱི་ཡ་གྱལ་ཞིག་སྟེ། དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས།

རིགས་དབྱེ།  

མེར་ཁྲི་བཙན་པོ།

བོད་རྒྱལ་ལྔ་པ་མེར་ཁྲི་བཙན་པོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་པོ་སྲོ་ཁྲི་བཙན་པོ་དང་། ཡུམ་སེ་བཟའ་སྨན་མོའམ་དོག་མེར་མེར་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ནི་ཅོའུ་ཤངས་དཀར་ཡིན། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། བཙུན་མོ་གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས། རིགས་སྲས་གདགས་ཁྲི་བཙན་པོའམ་ཁྲི་སྤེ་བཙན་པོ་འཁྲུངས། བང་སོ་གནམ་ལ་བཏབ།

རིགས་དབྱེ།  

གདགས་ཁྲི་བཙན་པོ།

བོད་རྒྱལ་དྲུག་པ་གདགས་ཁྲི་བཙན་པོ་ནི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་པོ་མེར་ཁྲི་བཙན་པོ་དང་། ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ནི་ཅོ་ན་མི་ཆེན་གྱིས་མཛད། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། སྲིབ་ལྷ་སྔོན་མོ་ཁབ་ཏུ་བཞེས། རིགས་སྲས་སྲིབ་ཁྲི་བཙན་པོ་འཁྲུངས། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་བོད་ཀྱི་ཡི་གེ་ཡང་ཁྲི་པེ་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད། བང་སོ་གནམ་ལ་བཏབ། གནམ་གྱི་ཁྲི་བདུན་ལས་ཁྲི་དྲུག་པ་ཡིན།

རིགས་དབྱེ།  

སྲིབས་ཁྲི་བཙན་པོ།

བོད་རྒྱལ་བདུན་པ་སྲིབས་ཁྲི་བཙན་པོ་ནི་གདགས་ཁྲི་བཙན་པོ་དང་སྲིབ་ལྷ་སྔོན་མོ་གཉིས་ཀྱི་སྲས་སུ་འཁྲུངས་ལ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡིན།

རིགས་དབྱེ།  

ཨེ་ཤོ་ལེགས།

བོད་རྒྱལ་བཅུ་པ་ཨེ་ཤོ་ལེགས་ནི་སའི་ལེགས་དྲུག་གམ་བར་གྱི་ལེགས་དྲུག་གི་ཡ་གྱལ། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་ཡབ་རྒྱལ་པོ་སྤུ་དེ་གུང་རྒྱལ་དང་། བཙུན་མོ་འོམ་ཐང་སྨན་མཚོའམ་བོམ་ཐང་རྨང་གཉའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་ལེགས་བཤད་རིན་པོ་ཆེའི་མཛོད་ལས་སྐུ་གཤེན་སྟོབས་ར་ཤིབ་ཤང་གིས་མཛད་ཅིང་གསས་ཁང་ས་ལེ་ལྗོན་བྱུག་བཞེངས་ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། ཞེས་གསུངས་སོ། ། བཙུན་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བཞེས་ནས་རིགས་སྲས་དེ་ཤོ་ལེགས་སྐུ་འཁྲུངས། སྐུ་མཁར་སྟག་རྩེ་བཞེངས། ཁོང་གི་བང་སོ་གཡའ་སྤང་མཚམས་སུ་བཏབ།

རིགས་དབྱེ།  

དེ་ཤོ་ལེགས།

བོད་རྒྱལ་བཅུ་གཅིག་པ་དེ་ཤོ་ལེགས་ནི་དུས་རབས་གཉིས་པར་ཡབ་ཨེ་ཤོ་ལེགས་དང་། ཡུམ་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས་སུ་འཁྲུངས། བཙུན་མོ་ཀླུ་སྨན་མར་མོ་ཁབ་ཏུ་བཞེས། སྲས་ཐི་ཤོ་ལེགས་འཁྲུངས། སའི་ལེགས་དྲུག་གི་གཉིས་པ་དང་། བཙན་པོ་བཅུ་གཅིག་པ་ཡིན།

རིགས་དབྱེ།  

ཐི་ཤོ་ལེགས།

བོད་རྒྱལ་བཅུ་གཉིས་པ་ཐི་ཤོ་ལེགས་ནི་ཡབ་དེ་ཤོ་ལེགས་དང་ཡུམ་ཀླུ་སྨན་མེར་མོ་གཉིས་ཀྱི་སྲས་སུ་འཁྲུངས།

རིགས་དབྱེ།  

གུ་རུ་ལེགས།

བོད་རྒྱལ་བཅུ་གསུམ་པ་གུ་རུ་ལེགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་དུ་ཡབ་ཐི་ཤོ་ལེགས་དང་ཡུམ་གུར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསལ་འབེ་ཤོ་ཀྲམ་བསྟེན། ལྷ་བོན་བཅོ་ཕན་གྲགས་ཀྱིས་མཛད། གསས་ཁང་ས་ལེ་བང་བང་དང་། སྐུ་མཁར་ཡང་རྩེ་བཞེངས། བཙུན་མོ་གུར་སྨན་ཁབ་ཏུ་བཞེས། རིགས་སྲས་འབྲོང་ཞི་ལེགས་སྐུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་བཞི་བ་ཡིན།

རིགས་དབྱེ།  

འབྲོང་ཞི་ལེགས།

བོད་རྒྱལ་བཅུ་བཞི་པ་འབྲོང་ཞི་ལེགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་ཡབ་རྒྱལ་པོ་གུ་རུ་ལེགས་དང་། ཡུམ་གུར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསས་གུ་རུབ་བཙན་དོ་མི་སེར་བསྟེན། ལྷ་བོན་ཅོ་སྙན་རིང་གིས་མཛད། གསས་ཁང་རིན་ཆེན་ཟུར་མང་དང་། སྐུ་མཁར་ཁྲི་རྩེ་བཞེངས། བཙུན་མོ་མཚོ་སྨན་འབྲོང་མོ་ཁབ་ཏུ་བཞེས། ཐི་ཤོ་ལེགས་སྲས་སུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། བར་གྱི་ལེགས་དྲུག་གི་བཞི་པ་ཡིན།

རིགས་དབྱེ།  

ཨི་ཤོ་ལེགས།

བོད་རྒྱལ་བཅོ་ལྔ་པ་ཨི་ཤོ་ལེགས་ནི་སའི་ལེགས་དྲུག་གི་ཡ་གྱལ་ཡིན། ཡབ་འབྲོང་ཞི་ལེགས་དང་ཡུམ་ས་སྨན་བུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་འདིའི་དུས་བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་མང་ན་འགྲན་ཟླར་གྱུར་པས་གཅིག་རྒྱལ་སར་བཞག་ནས་གཞན་ཐང་མཚམས་སུ་འབེབས་པའི་སྲོལ་གཏོད་ཅིང་། དེའི་གཅེན་པོ་ཐང་མཚམས་སུ་ཕབ་པ་རིགས་ནི་ཡར་གར་གནང་ཞེས་བྱ་སྟེ་ཞང་ལྔ་གཅེན་པར་གྲགས། དེ་ནས་བཟུང་སྤུར་རྒྱལ་བཙན་པོའི་གདུང་རབས་ལ་སྲས་འགའ་བྱུང་ན་འོས་པ་ཞིག་རྒྱལ་སར་བསྐོས་ཏེ་གཞན་རྣམས་ཐང་མཚམས་སུ་ཕབ་པ་ཞེས་ཟུར་དུ་འཇོག རྒྱལ་པོ་འདིའི་སྐུ་བོན་ཨ་ལ་དུན་ཅུག་གིས་བྱས། རྨུ་ལྕམ་རྨང་ལེགས་སམ་རྨུ་ལྕམ་སྨད་ལེགས་ཁབ་ཏུ་བཞེས་པར་སྲས་ཟ་ནམ་ཟིན་ལྡེ་འཁྲུངས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་ལེགས་དྲུག་གི་རིང་ལ་འཆིང་བ་རྩེ་དྲུག་སྟེ། སྟག་རྩེ། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩིགས་འབུམ་གདུགས་བཅས་བརྩིགས་ཞེས་འཁོད། གཞན་ཡང་བོན་གྱི་ལོ་རྒྱུས་ནང་ས་ལ་ལེགས་དྲུག་གི་རིང་ལ་བོན་གྱི་གཞུང་དུ་མ་དང་རིག་པའི་གནས་ལྔ་དར་ཞིང་། རིག་པའི་གནས་ལྔ་ནི། ནད་ཀྱིས་གདུང་བ་སྨན་གྱིས་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། ཕས་ཀྱིས་རྒོལ་བ་སྒྲས་ཚར་གཅོད། ཅེས་འཁོད་དོ། ། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་སྐད། འདིའི་མཚན་ལ་ཤོ་ལེགས་ཞེས་པའང་སྣང་།

རིགས་དབྱེ།  

ཟ་ནམ་ཟིན་ལྡེ།

བོད་རྒྱལ་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་ནི་ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་གཉིས་ཀྱི་སྲས་ཏེ། བོད་རྒྱལ་བཅུ་དྲུག་པ་སྟེ་རྒྱལ་པོ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན།

རིགས་དབྱེ།  

ལྡེ་འཕྲུལ་ནམ་གཞུང་བཙན།

བོད་རྒྱལ་བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་ནི་དུས་རབས་དང་པོའི་ནང་ཡབ་རྒྱལ་པོ་ཟ་ནམ་ཟིན་ལྡེ་དང་། ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བོན་མཛད། གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་བསེ་གཉན་མེར་མོ་ཁབ་ཏུ་བཞེས། སེ་སྣོལ་ནམ་ལྡེ་སྲས་སུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། ཆུ་ཡི་ལྡེ་བརྒྱད་ལས་ལྡེ་གཉིས་པ་ཡིན། མཚན་གཞན། འཕྲུལ་ནམ་གཞུང་བཙན་ལྡེ།

རིགས་དབྱེ།  

སེ་སྣོལ་ནམ་ལྡེ།

བོད་རྒྱལ་བཅོ་བརྒྱད་པ་སེ་སྣོལ་ནམ་ལྡེ་ནི་ཡབ་ལྡེ་འཕྲུལ་ནམ་གཞུང་བཙན་དང་ཡུམ་སེ་གཉན་མེར་མོའི་སྲས་སུ་འཁྲུངས། རྒྱལ་པོ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན།

རིགས་དབྱེ།  

སེ་སྣོལ་པོ་ལྡེ།

བོད་རྒྱལ་བཅུ་དགུ་པ་སེ་སྣོལ་པོ་ལྡེ་ནི་ཡབ་སེ་སྣོལ་གནམ་ལྡེ་དང་ཡུམ་ཀླུ་མོ་མེར་མོའི་སྲས་སུ་འཁྲུངས། རྒྱལ་པོ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན།

རིགས་དབྱེ།  

ལྡེ་སྣོལ་ནམ།

བོད་རྒྱལ་ཉི་ཤུ་པ་ལྡེ་སྣོལ་ནམ་ནི་བོད་རྒྱལ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་སྣོལ་པོ་ལྡེ་དང་། ཡུམ་འོ་བཟའ་རི་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ཨ་ལ་ནན་ཅིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྡེ་སྣོལ་པོ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

རིགས་དབྱེ།  

ལྡེ་སྣོལ་པོ།

བོད་རྒྱལ་ཉེར་གཅིག་པ་ལྡེ་སྣོལ་ནམ་ནི་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ལྡེ་སྣོལ་ནམ་དང་ཡུམ་ཁྲི་སྨན་རྗེ་མའི་སྲས། ཞང་ཞུང་དར་མ་ཧ་རིས་སྐུ་བོན་བྱས། ས་བཙུན་སྙན་རྗེའམ་ཁྲི་སེ་བཙུན་གཉན་མོ་ཁབ་ཏུ་བཞེས།

རིགས་དབྱེ།  

ལྡེ་རྒྱལ་པོ།

བོད་རྒྱལ་ཉེར་གཉིས་པ་ལྡེ་རྒྱལ་པོ་ནི་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་ཡབ་ལྡེ་སྣོལ་པོ་དང་། ཡུམ་ས་བཙུན་སྙན་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ད་ས་ཧ་རིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་སྨན་བཙུན་ལུང་གོང་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྡེ་སྤྲིན་བཙན་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

རིགས་དབྱེ།  

ལྡེ་སྲིན་བཙན།

བོད་རྒྱལ་ཉེར་གསུམ་པ་ལྡེ་སྲིན་བཙན་ནི་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་གཉིས་པའི་དུས་མགོ་ཙམ་དུ་ཡབ་རྒྱལ་པོ་ལྡེ་རྒྱལ་པོ་དང་། ཡུམ་སྨན་བཙུན་ལུང་གོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་མུ་ལ་མ་ཧོས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས་ཏེ་རིགས་སྲས་རྒྱལ་ཏོ་རི་ལོང་བཙན་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

རིགས་དབྱེ།