ཤེས་རབ་བསྟན་དར།

ཁོང་ནི་སྤྱི་ལོ 1968ལོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མང་རའི་ས་ཆར་སྐྱེས་ཤིང་། པིར་མིང་ལ་རྒྱ་གྲོལ་ཟེར། ལོ་བཅོ་བརྒྱད་སྟེང་མང་རའི་ཀླུ་ཚང་དགོན་དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དང༌། སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས། སྤྱི་ལོ1996ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད། ཁོང་ནི་བོད་ཁམས་སུ་མིང་གྲགས་ཆེ་བའི་སྙན་ངག་པ་དང་བསམ་བློ་བ། གཞུང་ལུགས་སྨྲ་བར་མཁས་པ་ཞིག་ཡིན་ཞིང་། དེའི་ཐད་ཀྱི་བརྩམས་ཆོས་ཀྱང་མང་པོ་ཡོད་པ་ཡིན།

རིགས་དབྱེ།  

ཁྲི་ཆེན་ངག་དབང་མཆོག་ལྡན།

ཁྲི་ཆེན་ངག་དབང་མཆོག་ལྡན་ནི་མདོ་སྨད་ཡུལ་གྱི་ཆ་བཙན་ཚོ་རུ་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་རབ་ཏུ་བྱུང་། དགུང་ལོ་བཅོ་ལྔ་ལ་བབ་པ་ན་དབུས་གཙང་དུ་སློབ་གཉེར་ལ་འབྱོན་པར་བཞེད་ནས་བྱ་ཁྱུང་མཁན་པོ་དང་ཡབ་ཡུམ་གཉིས་ལ་དེ་ལྟར་གསོལ་པ་ན་ཁོང་རྣམས་ཀྱིས་ཀྱང་མཐུན་པའི་གྲོགས་ལེགས་པར་སྦྱར་ཏེ་དབུས་སུ་ཕེབས་ནས་སེ་ར་ཐེག་ཆེན་གླིང་དུ་བྱོན། ལོ་བཅུ་དགུ་ཚུན་ལ་ཕར་ཕྱིན་གྱི་གསན་སྦྱོང་རྫོགས་པར་གྲུབ་པར་མཛད་ནས་ལོ་ཉི་ཤུ་པར་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་ནས་དབུ་མའི་འཛིན་གྲྭར་ཞུགས་ཏེ་སེ་ར་རྗེ་བཙུན་པའི་དབུ་མའི་ཡིག་ཆ་ཡོངས་རྫོགས་ཐུགས་ལ་གཟུང༌། འཕགས་པ་ཡབ་སྲས་ཀྱི་དབུ་མའི་གཞུང་རྣམས་དང༌། རྗེ་ཡབ་སྲས་ཀྱི་དབུ་མའི་བསྟན་བཅོས་རྣམས་ལ་ལེགས་པར་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་དོ། །

རིགས་དབྱེ།  

ཁྲི་ཆེན་རབ་བརྟན་རྒྱ་མཚོ།

ཁྲི་ཆེན་རབ་བརྟན་རྒྱ་མཚོ་མཆོག་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས་ཤིང་། རིམ་གྱིས་ཚོགས་ཆེན་ཁྲི་དང་དུས་འཁོར་རྡོ་རྗེ་སློབ་དཔོན་གྱི་ཁྲི་སོགས་རིམ་པར་ཕེབས་པ་ཡིན། ཁོང་ནི་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་རྩེར་སོན་པའི་གྲས་ཡིན་ནོ། །

རིགས་དབྱེ།  

གཤེན་རབ་མི་བོ་ཆེ།

གཤེན་རབ་མི་བོ་ཆེ་ནི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པ་པོ་ཡིན་ལ། ཁོང་ནི་ཡབ་རྒྱལ་བོན་ཐོད་དཀར་དང༌ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། སྐྱེ་བ་བཞེས་པའི་མཛད་པ་དང་བསྟན་པ་སྤེལ་བའི་མཛད་པ། འགྲོ་འདུལ་གྱི་མཛད་པ། འགྲོ་བ་འདྲེན་པའི་མཛད་པ། ཁབ་བཞེས་པའི་མཛད་པ། སྲས་སྤྲུལ་པའི་མཛད་པ། བདུད་བཏུལ་བའི་མཛད་པ། བསྟན་པ་རྗེས་བཞག་གི་མཛད་པ། ཁྱིམ་སྤངས་རབ་བྱུང་གི་མཛད་པ། འཁོར་སྤངས་དགོན་པའི་མཛད་པ། མཐར་ཕྱིན་དགེ་ལྡན་གྱི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྣམས་འདུལ་བར་མཛད་དོ། །

རིགས་དབྱེ།  

ཅོ་ནེ་གྲགས་པ་བཤད་སྒྲུབ།

ཅོ་ནེ་གྲགས་པ་བཤད་སྒྲུབ་ནི་དབུས་སུ་ཕེབས་ནས་ཐུགས་གཉེར་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། ཅོ་ནེ་དགོན་ཆེན་གྱི་ཁྲིར་ཐེངས་གཉིས་ཕེབས་ཤིང་། གསུང་རྩོམ་པོད་བཅུ་གཅིག་མཆིས།

རིགས་དབྱེ།  

ཆ་ཧར་བློ་བཟང་ཚུལ་ཁྲིམས།

ཆ་ཧར་དགེ་བཤེས་བླ་བཟང་ཚུལ་ཁྲིམས་མཆོག་ནི་སོག་ཡུལ་དར་ཚོ་ཆེན་མོ་ཆ་གན་ཞེས་པའི་སར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དང་ལྕང་སྐྱ་རོལ་པའི་རྡོ་རྗེ། དགའ་ལྡན་ཁྲི་ཆེན་ངག་དབང་ཚུལ་ཁྲིམས། པག་ཤི་བླ་མ་ངག་དབང་དཔལ་ལྡན། རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་སོགས་བླ་མ་མང་པོར་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། སྤྱོད་པ་བཟང་པོ་ཀུན་གྱིས་བཀུར་བར་འོས་པ་ཞིག་ཡིན་པས། ཚང་མས་དགེ་བཤེས་དགེ་བཤེས་ཞེས་བོས་པས། ཆ་ཧར་དགེ་བཤེས་ཞེས་པའི་མཚན་རྒྱུན་འཇགས་སུ་གྱུར།

རིགས་དབྱེ།  

ཐོགས་མེད།

འཕགས་པ་ཐོགས་མེད་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་དུ་གཏོད་མཁན་གཙོ་བོ་ཡིན་པས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་དུ་བགྲངས་སྲོལ་མཆིས། སློབ་དཔོན་འདིའི་ཡབ་རྒྱལ་རིགས་དང་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ནང་བའི་བསྟན་པ་ལ་ཧ་ཅང་དད་པ་དེའི་སྲས་སུ་འཁྲུངས་པ་ཡིན། སློབ་དཔོན་དབྱིག་གཉེན་དང་ཡབ་མི་གཅིག་པའི་སྐུ་མཆེད་ཡིན། ཆེར་ལོངས་པའི་དུས་སུ་རིག་པའི་གནས་མཐའ་དག་པ་མཁས་པར་བསླབས་པ་དང་། ལོ་རེར་ཚིགས་བཅད་ཁྲི་བཅུ་རེའི་ཚིག་དང་དོན་ཁོང་དུ་ཆུད་པ་གནང་། སྐུ་ཚེ་ཧྲིལ་བོའི་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་སྟོན་པ་ས་སྡེ་ལྔ་སོགས་བསྟན་བཅོས་མང་བོ་བརྩམས། ཐུབ་པའི་བསྟན་པ་ལ་མཛད་འཕྲིན་རྒྱ་ཆེར་སྤེལ། དགུང་གྲངས་བརྒྱ་དང་ལྔ་བཅུར་བཞུགས།

རིགས་དབྱེ།  

དབྱིག་གཉེན།

སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་ཡིན་ལ། ཡབ་ནི་བྲམ་ཟེའི་རིགས་དང་། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས། ཡུམ་ཀྱིས་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ། ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཁྲི་དྲུག་ཙམ་གདའ། སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་བོའི་ཡུལ་དུ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་དཔགས་མེད་བསྩལ་པ་དང་། མཐར་དགེ་སློང་ཞིག་གིས་རབ་ཏུ་བྱུང་བའི་ཆས་གྱོན་བཞིན་དུ་ཞིང་རྨོ་བ་གཟིགས་པའི་རྐྱེན་བྱས་ཏེ་བལ་ཡུལ་དུ་སྐུ་གཤེགས། དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བཞེངས། དགུང་ལོ་བརྒྱ་ཟིན་པ་ཙམ་བཞུགས།

རིགས་དབྱེ།  

དཀའ་ཆེན་ཡེ་ཤེས་རྒྱལ་མཚན།

ཚེ་མཆོག་གླིང་ཡོངས་འཛིན་སྤྲུལ་སྐུའི་སྐུ་ཕྲེང་དང་བོ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ཡང་ཞུ་ཞིང་། ལོ་རྒྱུས་ཐོག་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་ཕེབས། སྐྱེས་ཆེན་དམ་པ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན། དགེ་ལྡན་ཁྲི་ཆེན་ནམ་མཁའ་བཟང་བོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་སེ་འབྲས་དགེ་གསུམ་སོགས་སུ་ཕེབས་ཏེ་སློབ་མ་སྟོང་ཕྲག་ལྷག་ལ་བཀའ་ཆོས་མང་དུ་བསྩལ། ད་དུང་སོག་ཡུལ་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་རྒྱ་ཆེར་མཛད་དོ།།

རིགས་དབྱེ།  

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།

འདིའི་ནང་དུ་ཁོང་གིས་བཀྲ་ཤིས་ལྷུན་པོར་སློབ་གཉེར་མཛད་ཚུལ་དང་ཁྲི་ཐོག་ཏུ་ཕེབས་ཚུལ་དང་། བུ་སློབ་དག་ལ་ཆོས་ཀྱི་ཆར་བ་ཕབས་ཚུལ། གསུང་རྩོམ་སོགས་གླེང་ཡོད།

རིགས་དབྱེ།  

ཕུར་ལྕོག་ངག་དབང་བྱམས་པ།

འདིའི་ནང་དུ་ཁོང་སྐུ་ན་ཕྲ་དུས་ནས་སློབ་གཉེར་བྱས་བའི་རིམ་པ་དང་།དར་མའི་སྐབས་སུའང་གདན་ས་ཁག་སྐྱོང་ཚུལ་དང་། བླ་གྲྭའི་ཚོགས་ལ་དབང་ལུང་སོགས་གདམས་པ་སོགས་གནང་ཚུལ།ད་དུང་གདན་ས་ཁག་ནས་གྲྭ་སྐོར་མཛད་ཚུལ་སོགས་དང་། གསུམ་རྩོམ་སྐོར་གྱི་རིམ་པ་ཡང་ཆ་ཚང་བར་བསྟན་ཡོད།

རིགས་དབྱེ།  

བཻ་རོ་ཙ་ན།

བཻ་རོ་ཙ་ན་ཞེས་པ། བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་ཀྱི་བཞེད་ཚུལ་མཐུན། ཁོང་ནི་གནའ་རབས་ཀྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་བདུན་གྱི་ནང་ཚན། གནའ་དུས་ཀྱི་སྨན་པ་གྲགས་ཅན་བཅས་ཡིན་པས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་བོ།།

རིགས་དབྱེ།  

རྒྱལ་བ་དགེ་འདུན་གྲུབ་པ།

རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི་གཙང་ཤབ་སྟོད་གུར་མོ་རུ་བ་ཞེས་པར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྟེང་རབ་ཏུ་བྱུང་ཞིང་། རྗེ་ཙོང་ཁ་བ་སོགས་བཤེས་གཉེན་དུ་མར་བསྟེན་ཐོག དམ་པའི་ཆོས་ཀྱི་འཆད་ཉན་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང༌། བཙུན་པ་དང༌། བཟང་པོ་དང༌། རྣལ་འབྱོར་ལ་བརྩོན་པའི་སློབ་མ་མང་དུ་བྱུང་། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས(1447)ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། བཀའ་རྩོམ་ལ《ཤར་གངས་རི་མ》དང་། 《དབུ་མའི་ལྟ་ཁྲིད》། 《མདོ་ཊཱིཀྐ》སོགས་མཛད།

རིགས་དབྱེ།  

རྒྱལ་བ་དགེ་འདུན་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ནི་གཙང་རྟ་ནག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་སྟེང་དགེ་འདུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། དགེ་ལུགས་པའི་སྤྲུལ་སྐུའི་ཐོག་མ་ཡིན། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་འབྲས་སྤུངས་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་མ་ཟད། ཁོང་གིས《མཚན་བརྗོད་དྲང་ངེས་རྣམ་དབྱེ》དང༌། 《སྟོང་ཉིད་བདུན་ཅུ་པ》སོགས་གསུང་རྩོམ་མང་དུ་མཛད་ཅིང༌། རྒྱ་གར་གྱི་ཆུ་བོ་གདྒའི་ཚུན་ཆད་སྙན་ངག་ལ་མཁས་པར་གྲགས།

རིགས་དབྱེ།  

རྒྱལ་བ་བསོད་ནམས་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནི་རབ་བྱུང་དགུ་པའི་ཆུ་ཡོས་ལོར་དབུས་སྟོད་ལུང་ཁང་གསར་གོང་དུ་འཁྲུངས། ལོ་བཞི་པར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང༌། རབ་བྱུང་དགུ་པའི་ཆུ་བྱི་ལོར་འབྲས་སྤུངས་ཀྱི་མཁན་པོ་མཛད། རབ་བྱུང་དགུ་པའི་ས་རྟ་ལོར་སེ་རའི་མཁན་པོ་མཛད། རབ་བྱུང་བཅུ་པའི་མེ་གླང་ལོར་མཚོ་སྔོན་དང་མདོ་ཁམས་ཕྱོགས་ལ་ཕེབས། ཕེབས་ལམ་ཞོར་དུ་སྐུ་འབུམ་བྱམས་པ་གླིང་ཕྱག་བཏབ། རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་མདོ་ཁམས་སུ་བསྐྱོད་ནས་ལི་ཐང་དགོན་པ་བཏབ། སོག་པོ་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས། ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཟེར་བའི་གོ་གནས་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་པར་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་ཐོགས།

རིགས་དབྱེ།  

རྒྱལ་བ་ཚངས་དབྱངས་རྒྱ་མཚོ།

རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(1683)ལོར་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང(1697)ལོར་རྒྱལ་བའི་གསེར་ཁྲིར་མངའ་གསོལ་མཛད། རྒྱལ་དབང་འདི་ཉིད་སྐུ་གཤེགས་པའི་དུས་ལ་བཞེད་པ་མི་མཐུན་པ་གཉིས་སུ་མཆིས་པ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་ཁྱི(1706)ལོར་རྒྱལ་དབང་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྙུན་གཞི་བཞེས་ཏེ་མདོ་སྨད་མཚོ་སྔོན་པོའི་འགྲམ་གྱི་ཀུན་དགའ་ནོར་དུ་སྐུ་གཤེགས་སྐད། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག(1746)ལོར་མདོ་སྨད་དུ་སྐུ་མྱ་ངན་ལས་འདས་པ་ནི་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བཞེད་པ་ཡིན།

རིགས་དབྱེ།  

ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན།

རྗེ་འདི་ཉིད་མདོ་སྨད་ཙོང་ཁའི་ཉེ་འདབས་སུ་སྐུ་འཁྲུངས། དགུང་ལོ་གསུམ་བཞིའི་སྐབས་སྨྲ་མི་ཤེས་པའི་ཚུལ་བཞེས། ཕྱིས་སུ་དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་གསུམ་བགྲོས་བསྩལ། ཡི་གེ་འབྲི་ཀློག་དང་བློར་འཛིན་སོགས་ལ་བྱང་ཆ་ཐོབ། དགུང་ལོ་ཉི་ཤུ་བར་ལྡན་ཞིང་དུ་ཕེབས་ཏེ་ཀུན་གཟིགས་ལྔ་བ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གསོལ། དེ་ནས་འབྲས་སྤུངས་དང་སྒོ་མང་སོགས་སུ་སློབ་གཉེར་རྒྱ་ཆེར་མཛད་མཐར་མཁས་པའི་གྲགས་པ་འབར། དགོན་ལུང་སོགས་ཀྱིས་མཚོན་པའི་ཆོས་ཁག་མང་བོའི་བླ་མ་དང་དབང་ལུང་རྗེ་གསུམ་གྱི་བདག་པོར་གྱུར་ཏོ།།

རིགས་དབྱེ།  

ལྕང་སྐྱ་རོལ་བའི་རྡོ་རྗེ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ནང་མདོ་སྨད་དུ་སྐུ་འཁྲུངས།ཀུན་མཁྱེན་འཇིགས་མེད་དབང་བོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ཡང་སྲིད་དུ་ཐུགས་ཐག་བཅད།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་དགེ་ཚུལ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུང་ལོ་ཉེར་ལྔ་བར་གོང་མ་ཆན་ལུང་གི་བཀའ་ལྟར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར། བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་པེ་ཅིན་སོགས་སུ་བོད་ལུགས་དགོན་པ་མང་བོ་གསར་བཞེངས་གནང་། དགུང་ལོ་ཞེ་གཅིག་པར་གོང་མའི་བཀའ་བཞིན་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་བཙལ་བར་དབུས་སུ་ཕེབས། དགུང་ལོ་ང་ལྔ་བར་ཡང་གོང་མའི་བཀའ་བཞིན་བཀའ་འགྱུར་མན་ཇུའི་སྐད་དུ་བསྒྱུར་བས་གོང་མ་ཐུགས་ཤིན་ཏུ་རྒྱས་ནས་ཁོང་ལ་བརྩི་བཀུར་ཆེན་པོ་མཛད། རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་སྟེ་སྤྱི་ལོ(1786)ལོར་རི་བོ་རྩེ་ལྔར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།

རིགས་དབྱེ།  

རྗེ་བཙུན་ཁྲོ་ཚང་འབྲུག་ལྷ།

རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ནི་ཡབ་ནམ་པ་ལྡོང་གི་རིགས་ལས་མཆེད་པའི་ཁྲོ་ཚང་གསས་མཁར་གཉན་དང་། ཡུམ་དར་བཟའ་སྒྲོལ་ལྡན་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་པའི་སྤྱི་ལོ956མེ་འབྲུག་ལོར་སྐུ་འཁྲུངས།

རིགས་དབྱེ།  

ཚལ་བ་ཀུན་དགའ་རྡོ་རྗེ།

ཚལ་བ་ཀུནདགའ་རྡོ་རྗེ་ནི་རབ་བྱུང་ལྔ་བའི་ས་བྱ(1309)ལོར་འཁྲུངས།རབ་བྱུང་དྲུག་པའི་ཤིང་སྦྲུལ(1364)ལོར་སྐུ་གཤེགས།འདིའི་ཡབ་དགུང་ལོ་ཉི་ཤུ་བ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་བར་ཁྲི་དཔོན་བྱས།དགུང་ལོ་ཞེ་ལྔ་བ་ནས་བསྙེན་རྫོགས་མཛད་ཅིང་རྩོམ་ཡིག་ཀྱང་མང་བོ་ཡོད།ལྷ་ས་གཙུག་ལག་ཁང་བདག་གཉེར་ཧ་ཅང་ལེགས་པོ་གནང་ཡོད་པའོ།།

རིགས་དབྱེ།  

འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།

འགྲོ་མགོན་འཕགས་པ་ནི་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་བོད་འབངས་སྡུག་ལས་གྲོལ་བར་མཛད་པའི་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་འཁྱོག་མཚམས་ལས་འབུར་དུ་ཐོན་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན།ཁོང་གིས་སེ་ཆེན་འཁོར་དང་བཅས་ལ་མི་ཕྱེད་པའི་དམ་པ་བརྟན་པོར་ཐོབ་ཏུ་བཅུག་ནས།མི་ཤི་རྟ་འགྱེལ་གྱི་འཁྲུག་པ་སོགས་ཞི་བར་དང་ནས་བོད་ཁམས་བདེ་ལ་བཀོད།

རིགས་དབྱེ།  

ཤར་ངག་དབང་འཕྲིན་ལས་རྒྱ་མཚོ།

ཤར་སྐུ་ཕྲེང་གཉིས་བ་ངག་དབང་འཕྲིན་ལས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ་སྤྱི་ལོ1678ལོར་ལྷ་རྗེ་བྲག་སྣ་བའི་གདུང་རྒྱུད་མ་ཉམས་པ་རོང་བོ་དགོན་ནེ་བྱ་བའི་སྲས་སུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་ཞིང་། དགུང་ལོ་བཅུ་དགུ་བར་དབུས་སུ་ཕེབས་ནས་སློབ་གཉེར་མཛད། དགུང་གྲངས་རེ་གཉིས་པ་རབ་བྱུང་བཅུ་གཉིས་བའི་ས་ལུག་སྟེ་སྤྱི་ལོ1739ལོར་དགོངས་པ་རྫོགས།

རིགས་དབྱེ།  

འཕགས་པ་ཀླུ་སྒྲུབ།

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ཡིན་ལ། སྟོན་པས་ལུང་དུ་བསྟན་ཞིང་རྒྱ་གར་ཡུལ་དུ་སྐུ་འཁྲུངས་པའི་བསྟན་འཛིན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན། བསྟན་བཅོས་མང་དུ་མཛད་ཅིང་དབུ་མ་པའི་གྲུབ་མཐའ་སྲོལ་བཏོད།

རིགས་དབྱེ།  

སྐྱང་རྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ།

སྐྱང་རྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་མཆོག་ནི་མདོ་སྨད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་མང་འབའ་བྱ་གསུམ་དུ་གྲགས་པའི་ནང་ཚན་བྱ་གཞུང་ཕྱུག་མོ་གཞུང་དུ་སྐུ་འཁྲུངས་ཤིང་། 1994ལོའི་ཟླ6པའི་ཚེས17ཉིན་རྗེ་འདི་ཉིད་སྐྱང་རྩེ་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། རྗེ་འདི་ཉིད་ཀྱིས་གསོ་དཔྱད་སྨན་གྱི་གཞུང་ལུགས་དང་དེའི་ལག་ལེན་ཆ་ཚང་བ་སྦྱངས་ནས། གཞན་ཕན་གྱི་སྙིང་རྗེ་ཆེན་པོས་ལུས་ཅན་སྐྱེ་བོ་མཐའ་དག་མི་འདོད་པའི་ནད་བརྒྱའི་སྡུག་བསྔལ་ལས་དབུགས་དབྱུང་བར་མཛད་པར་མ་ཟད། རྣམ་ཀུན་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། 1999ལོར་ཁོང་ཉིད“ཨ་རིའི་འཛམ་གླིང་སྲོལ་རྒྱུན་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོར”བསྐོ་བཞག་གནང་བ་དང་། ལོ་དེའི་ཟླ་དགུ་པར“ཀྲུང་གོའི་འཐབ་ཕྱོགས་དོ་དམ་ཞིབ་འཇུག་ཚོགས་པའི་ཀྲུང་ཧྭ་གསོ་རིག་ཁང་གི་བློ་འདྲི་སར”བསྐོ་བཞག་གནང་།

རིགས་དབྱེ།  

རྒྱལ་བ་ཡོན་ཏན་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་ས་མོ་གླང(1589)ལོར་སོག་པོའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་གྱིས་སོག་པོའི་ཡུལ་དུ་སྐུ་ཚབ་ཚོགས་པ་ཆེད་མངགས་མཛད་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། དེ་རྗེས་འབྲས་སྤུངས་དགོན་པའི་དགེ་འདུན་མང་ཚོགས་ཀྱི་རེ་མདུན་ལྟར་འབྲས་སྤུངས་དགོན་པའི་གདན་རབས་བཅུ་གསུམ་པའི་ཁྲི་པ་དང་། དུས་མཚུངས་སུ་སེ་ར་དགོན་པའི་མང་ཚོགས་ཀྱི་རེ་འདུན་ལྟར་སེ་ར་དགོན་པའི་གདན་རབས་བཅོ་ལྔ་པའི་ཁྲི་པ་མཛད་དོ། །

རིགས་དབྱེ།  

རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི་རབ་བྱུང་བཅུ་པའི་མེ་སྦྲུལ(1617)ལོ་ལ་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཁྱི(1622)ལོ་ལ་གདན་དྲངས་པ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་པའི་ཤིང་གླང(1625)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་གླང(1637)ལོ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚང་དང་འབྲེལ་ལམ་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(1642)ལོ་ལ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་གནས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས། ཆུ་འབྲུག(1652)ལོ་ལ་པེ་ཅིང་དུ་ཕེབས། དེའི་ཕྱི་ལོར་རྒྱ་ནག་གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་གཟེངས་བསྟོད་གནང༌། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(1682)ལོ་ལ་འདས།

རིགས་དབྱེ།  

ལ་མོ་ཞབས་དྲུང་དཀར་པོ།

ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་ཚབ་ཏུ་མདོ་སྨད་དམ་མཚོ་སྔོན་བོད་སོག་སྤྱིའི་དབུ་བླར་ཕེབས་པ་ལ་མོ་བ་ཚོགས་གཉིས་རྒྱ་མཚོ་ཞེས་པའི་སྐུ་ཕྲེང་དགུ་བ་ཡིན། ཁོང་གིས་དང་བོ་མཚན་ལྡན་བཤེས་གཉེན་མང་བོ་བསྟེན་ནས་ཐོས་སོགས་དང་དབང་ལུང་མང་བོ་རྒྱ་ཆེར་གསན་བཞེས་མཛད། ཞོར་དུ་རིག་གསར་སྐབས་རྩ་གཏོར་བཏང་བའི་ཁོང་གི་དགོན་སྡེ་ཁག་དང་སྒར་གཞུང་ལྷག་ལུས་རྣམས་བསྒྲེས་སྐྱོན་ཆེ་བ་དག་ཞིག་གསོ་བགྱིས་པ་དང་དགོན་པ་སོ་སོར་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་གྱི་ཐབས་ལ་འབད་བཞིན་བཞུགས་ཡོད།

རིགས་དབྱེ།  

ཞོན་ཙང་།

ཁོང་ནི་ཧྭན་གྱི་བློན་ཆེན་ཊུང་ཀུང་གི་གདུང་བརྒྱུད་ཡིན་ལ།ཆུང་ངུ་ནས་རབ་ཏུ་བྱུང༌། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྤོབས་པ་ཟླ་དང་བྲལ་བ་ཞིག་ཡིན་ཞིང་། དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པར་བསྟན་པའི་མདོ་དང༌། དམ་ཆོས་པད་དཀར་རྒྱུན་གྱི་ཞལ་འདོན་གནང༌། ཐོག་མར་མངོན་པའི་སྐོར་མཁས་པར་བསླབས། དེ་ནས་འགྱུར་རོ་ཅོག་གི་བཀའ་བསྟན་ལ་འདི་མ་གཟིགས་བྱ་བ་མེད་པར་གྱུར། དགུང་ལོ་ཉེར་དགུའི་དུས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སློབ་གཉེར་མཛད་དེ་དཔལ་ནཱ་ལེནྡྲའི་མཁས་པའི་གྲས་སུ་གྲགས་པ་ཤིན་ཏུ་རྒྱས། ཕྱིར་ཕེབས་ཏེ་བསྟན་པའི་གཞི་མ་རབ་བྱུང་གི་སྡེ་མང་དུ་འཛུགས་པ་དང་སྔ་འགྱུར་རྣམས་ལ་ཞུ་དག་མཛད་པ་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པས། རྒྱ་བརྒྱུད་ནང་བསྟན་ལ་བྱས་རྗེས་བླ་མེད་འཇོག་མཁན་གྱི་སྐྱེས་བུ་དམ་ཞིག་ཡིན་ནོ། །

རིགས་དབྱེ།  

ཡོངས་འཛིན་རྣམ་དག་འོད་ཟེར།

འདི་ཉིད་ནི་གཡུང་དྲུང་བོན་གྱི་སློབ་དཔོན་ཆེན་པོ་ཞིག་ཡིན་ཞིང་། ན་ཚོད་ཅུང་སྨིན་སྐབས་སྔོན་སྦྱང་གི་ལས་བཟང་བསགས་པའི་བག་ཆགས་སད་ནས་དཔལ་གཤེན་བསྟན་གཡུང་དྲུང་དར་རྒྱས་གླིང་གི་ཚོགས་སྒྲིགས་སུ་བཞུགས་ཏེ་ཡི་གེ་ཀློག་ཡ་དང་བརྡ་དག་སྙན་ངག་སོགས་ལ་སྦྱང་བརྩོན་གྱིས་མཁྱེན་རྒྱ་མ་ཆུང་བར་གནང་། ཕྱིས་སུ་དཔལ་ལྡན་གཡུང་དྲུང་གླིང་གི་ཡོངས་འཛིན་ཀྱི་ཐུགས་འགན་བཞེས་ཏེ་སློབ་མ་རྣམས་ལ་གང་འདོད་གང་འཚམས་ཀྱི་གདམས་ངག་འཕངས་མེད་སྩལ་བ་དང་། སྐབས་གཉིས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་མཐོང་ལམ་ནས་སྐབས་བརྒྱད་པའི་མན་ཆད་ཀྱི་ཚིག་དོན་མ་ལུས་པར་གཏན་ལ་ཕབ་ཅིང་དགོངས་འགྲེལ་འདི་ཉིད་མཐོ་སློབ་ཝཱ་ར་ཎ་སཱ་སོགས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྲོལ་ཡོད་སར་ཕལ་ཆེར་གཞུང་འདི་ཉིད་འཆད་ཁྲིད་མི་དམན་པར་གནང་དང་གནང་བཞིན་ཡོད་དོ། །

རིགས་དབྱེ།  

རོང་སྟོན་ཤཱཀྱ་རྒྱལ་མཚན།

འདི་ཉིད་ནི་རབ་བྱུང་དྲུག་པའི་ནང་བྱོན་ཞིང་། ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་ནས་བོན་ཆོས་ལ་སྦྱངས། དབུས་གཙང་དུ་ཕེབས་ནས་རབ་ཏུ་བྱུང་སྟེ་གསང་ཕུ་ནེའུ་ཐོགས་ཀྱི་ཆོས་གྲྭར་ཞུགས། སྐྱེས་ཆེན་དམ་པ་མང་པོ་བསྟེན་ནས་ས་ལུགས་ཀྱི་མདོ་དང་རྔོག་ལུགས་ཀྱི་གསང་སྔགས་ཀྱི་ཟབ་དོན་བཞེས་ནས་ས་ལུག་དང་རྔོག་ལུགས་རྣམ་གཉིས་ཀྱི་བཤད་སྲོལ་སོགས་ཐུགས་སུ་ཆུད། འཕན་པོ་ནཱ་ལེནྡྲའི་ཆོས་གྲྭ་ཕྱག་འདེབས་མཛད་དེ་སྐྱེས་འགྲོ་ཀུན་ལ་མདོ་སྔགས་གཉིས་ཀྱི་ཆོས་ཆར་རྒྱ་ཆེར་ཕབ།

རིགས་དབྱེ།