ཡོངས་འཛིན་རིག་མཛོད། >ཚན་རིག >ཉེར་སྤྱོད་ཚན་རིག

ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་རིག་པ་སོགས།

སྤྱི་ཚོགས་རིག་པ་དང་ལོ་རྒྱུས་རིག་པ་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་ཤིང་། དུས་རབས་ཉི་ཤུ་པའི་ཚུན་དང་ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་འགྱུར་ལྡོག་བླ་ན་མེད་པ་བྱུང་། རང་བྱུང་ཚན་རིག་གི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དེས་ངེས་ཤེས་གཏིང་ཟབ་ཏུ་འདྲོངས་པར་གྱུར་ཅིང་། དེ་བཞིན་དུ་སྤྱི་ཚོགས་ཚན་རིག་ལའང་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ། སྤྱི་ཚོགས་ཚན་རིག་ཀྱང་སྔར་བས་ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་སྒོ་ནས་དངོས་ཡོད་ཀྱི་གནད་དོན་དང་དཀའ་ཁག་མང་དུ་སེལ་པའི་བླང་བྱ་ཉིན་རེ་ནས་ཉིན་རེར་ཇེ་མཐོར་གྱུར།

རིགས་དབྱེ།  

སྤྱི་ཚོགས་མ་ལག

མིའི་རིགས་ཀྱི་སྤྱི་ཚོགས་ནི་ཆེས་ཆེ་བའི་སྤྱི་ཚོགས་མ་ལག་ཡིན། སྤྱི་ཚོགས་མ་ལག་ཆེན་པོ་འདིའི་ནང་དུ་རྒྱལ་ཁབ་དང་ས་ཁུལ། གྲོང་ཁྱེར། ལས་ཁུངས། ཁྱིམ་ཚང་སོགས་རིགས་སོ་སོའི་རིམ་གྲས་ཀྱི་ཡན་ལག་མ་ལག་འདུ་ཞིང་། ཡན་ལག་མ་ལག་དེ་ཡང་སྤྱི་ཚོགས་མ་ལག་ཡིན། དེ་ཚོ་རིམ་གྲས་མི་འདྲ་བ་དང་རྣམ་པ་མི་འདྲ་བ། གྲུབ་ཚུལ་མི་འདྲ་བའི་ཁོངས་སུ་གཏོགས་ཀྱང་། དེ་ཚང་མ་ལ་བྱེད་ནུས་འདྲ་མཚུངས་ལྡན་ལ། སྤྱི་ཚོགས་མ་ལག་རེ་རེ་ལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་ཡོད།

རིགས་དབྱེ།  

སྤྱི་ཚོགས་མཉམ་འགུལ།

སྤྱི་ཚོགས་མཉམ་འགུལ་ནི་ཚོགས་སྤྱི་བྱེད་སྒོ་དང་སྤྱི་ཚོགས་བརྒྱུད་རིམ་ཕན་ཚུན་ཆ་རྐྱེན་དང་མཇུག་འབྲས་བྱས་པའི་སྤྱི་ཚོགས་འགུལ་སྐྱོད་རྨང་གཞི་བྱས་པ་ལ་ཟེར། ཕན་ཚུན་བར་སྤྱི་ཚོགས་བྱེད་སྒོ་སྤེལ་པའི་སྐབས་སུ་ནས་སྤྱི་ཚོགས་མཉམ་འགུལ་བྱུང་བ་ཡིན། སྤྱི་ཚོགས་མཉམ་འགུལ་ལ་སྤྱི་ཚོགས་ཀྱི་བྱེད་ནུས་འདོན་རེས་སམ་ཡང་ན་སྤྱི་ཚོགས་འབྲེལ་འདྲིས་ཞེས་ཀྱང་ཟེར། དེ་ནི་མི་སྒེར་གྱིས་གཞན་ལ་སྤྱི་ཚོགས་འགུལ་སྐྱོད་དང་ལེན་བྱས་པ་དང་གཞན་གྱིས་ཕྱིར་ལན་སློག་པའི་རང་བཞིན་གྱི་སྤྱི་ཚོགས་འགུལ་སྐྱོད་ཀྱི་བརྒྱུད་རིམ་ཡིན་ཏེ། ང་ཚོས་ང་ཚོའི་འགུལ་སྐྱོད་ཀྱིས་གཞན་ལ་ཤན་ཤུགས་ཐེབས་པ་རྟོགས་ངེས་ཤིང་། དེ་ལས་ལྡོག་སྟེ་གཞན་གྱི་རེ་བས་ང་ཚོའི་འགུལ་སྐྱོད་མང་པོར་ཤན་ཤུགས་ཐེབས་ངེས། དེ་ནི་མི་སྒེར་བར་དང་། ཚོགས་སྤྱི་བར། མི་སྒེར་དང་ཚོགས་སྤྱི་བར་ཕན་ཚུན་གྱི་སྤྱི་ཚོགས་འགུལ་སྐྱོད་ཀྱི་བརྒྱུད་རིམ་ཡིན། གཞུང་ལུགས་ཀྱི་ཕྱོགས་ནས་མཚོན་རྟགས་མཉམ་འགུལ་སྨྲ་བ་དང་རང་ཡུལ་ཐབས་ལམ་སྨྲ་བ། ཟུར་ལྟའི་ཚོགས་སྤྱི་སྨྲ་བ། སྤྱི་ཚོགས་ཕན་ཚུན་བརྗེ་རེས་སྨྲ་བ་སོགས་ཡོད།

རིགས་དབྱེ།  

སྤྱི་ཚོགས་ཚོགས་སྤྱི།

སྤྱི་ཚོགས་ཚོགས་སྤྱི་ནི་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་སྦྲེལ་ནས་མཉམ་དུ་བྱེད་སྒོ་སྤེལ་བའི་ཐུན་མོང་ལ་ཟེར། དཔེར་ན། ཁྲག་རྒྱུད་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནི་རུས་རྒྱུད་དང་ཁྱིམ་ཚང་རིགས་ཀྱི་ཚོགས་སྤྱི་ཡིན་པ་དང་། ས་ཁོངས་ཀྱི་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནི་ཁྱིམ་མཚེས་རིགས་ཀྱི་ཚོགས་སྤྱི་ཡིན། ལས་ཀའི་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནིལས་རིགས་སྣ་ཚོགས་ཀྱི་ཚོགས་སྤྱི་ཡིན།

རིགས་དབྱེ།  

སྤྱི་ཚོགས་འགན་སྲུང་།

སྤྱི་ཚོགས་འགན་སྲུང་ནི་རྒྱལ་ཁབ་ཀྱིས་ཁྲིམས་བཙུགས་པ་ལ་བརྟེན་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་སྐུལ་སྤེལ་བྱས་ཏེ། ཡོང་འབབ་མེད་པ་དང་ཡོང་འབབ་ཉུང་བ། དེ་མིན་ཐོལ་བྱུང་གི་གནོད་འཚེ་མྱོང་བཞིན་པའི་སྤྱི་དམངས་ཀྱིས་འཚོ་བ་རོལ་ཐུབ་པར་ཁག་ཐེག་བྱེད་ཅིང་། ངལ་རྩོལ་པ་རྒས་པ་དང་། ལས་ཀ་ཤོར་བ། ནད་བྱུང་བ། རྨས་སྐྱོན་བྱུང་བ། བུ་བཙའ་བའི་སྐབས་ཀྱི་རྨང་གཞིའི་འཚོ་བ་ལ་འགན་སྲུང་བྱས་ནས་ཤན་ཤུགས་ཐེབས་སུ་མི་འཇུག་པའི་མཚུངས་སུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚུལ་ལ་གཞིགས་ནས། རིམ་གྱིས་སྤྱི་བའི་ཕན་བདེའི་ཆུ་ཚད་དང་རྒྱལ་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དེ་ཡིན།

རིགས་དབྱེ།  

སྤྱི་ཚོགས་འཕེལ་རྒྱས།

སྤྱི་ཚོགས་འཕེལ་རྒྱས་ནི་སྤྱི་ཚོགས་གྲུབ་བྱེད་ཀྱི་རྒྱུ་སོ་སོ་འཕེལ་རྒྱས་དང་མཐོར་འདེགས་འབྱུང་བའི་འཕོ་འགྱུར་བརྒྱུད་རིམ་ལ་ཟེར་བ་ཡིན། འདི་ནས་གླེང་བའི་སྤྱི་ཚོགས་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གྲུབ་ཆ་ཁ་ཤས་ལས་ཁྱད་པར་ཕྱེས་ནས་བརྗོད་པ་ཡིན།

རིགས་དབྱེ།  

སྤྱི་ཚོགས་འབྲེལ་བ།

སྤྱི་ཚོགས་འབྲེལ་བ་ནི་མི་རྣམས་ཀྱིས་ཐུན་མོང་གི་དངོས་པོ་དང་བསམ་པའི་བྱ་འགུལ་བརྒྱུད་རིམ་ཁྲོད་སྦྲེལ་བའི་ཕན་ཚུན་གྱི་འབྲེལ་བའི་སྤྱི་མིང་ཡིན། མི་དང་མིའི་བར་གྱི་འབྲེལ་བ་ཡོངས་ལ་ཟེར།

རིགས་དབྱེ།  

སྤྱི་ཚོགས་འཚོ་བ།

སྤྱི་ཚོགས་འཚོ་བ་ནི་སྤྱི་ཚོགས་རིག་པས་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན། དེ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་གོ་དོན་ལྟར་ན་སྤྱི་ཚོགས་ཀྱི་དངོས་པོ་དང་བསམ་པའི་བྱ་འགུལ་ཡོངས་སུ་བརྗོད། སྒྲ་དོག་འཇུག་གི་གོ་དོན་ལྟར་ན་སྤྱི་ཚོགས་ཀྱི་དངོས་པོའི་ཐོན་སྐྱེད་བྱ་འགུལ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྤྱི་བའི་བྱ་འགུལ་ལས་འདས་པའི་སྤྱི་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཕྱོགས་ལ་བརྗོད་པ་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིག་པ།

སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་དངོས་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དུས་རབས19བར་དར་བ་རེད། དེ་ནི་སྤྱི་ཚོགས་མཚན་ཉིད་རིག་པ་ལས་བྱུང་བའི་དེང་རབས་ཀྱི་རིག་ཚན་ཞིག་ཡིན་ལ། སྤྱི་ཚོགས་རིག་པ་ལ་ཞིབ་འཇུག་ཐབས་ལམ་ཧ་ཅང་མང་། གཙོ་བོ་སྤྱི་ཚོགས་ཀྱི་བྱ་སྤྱོད་དང་། གནད་དོན། སྒྲིག་གཞི། མི་གཤིས། སྤྱི་ཚོགས་རིག་པའི་སེམས་ཁམས་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

སྤྱི་ཚོགས་ལམ་ལུགས།

སྤྱི་ཚོགས་ལམ་ལུགས་ནི་མིའི་རིགས་ཀྱི་གཞི་རྩའི་སྤྱི་ཚོགས་དགོས་མཁོ་སྐོང་བའི་ཆེད། སྤྱི་ཚོགས་སོ་སོའི་ཁྲོད་ཡོངས་ཁྱབ་རང་བཞིན་ལྡན་པ་དང་། ལོ་རྒྱུས་དུས་སྐབས་ཤིག་གི་ནང་གཏན་འཇགས་རང་བཞིན་ལྡན་པའི་སྤྱི་ཚོགས་ཚད་ལྡན་མ་ལག་ཅིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་བྱེད་སྒོའི་ཚད་ལྡན་མ་ལག་སྟེ། དེ་ནི་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚད་ལྡན་མ་ལག་གིས་གྲུབ་པ་དང་། ལྟོས་བཅས་ཀྱིས་ཡུན་རིང་གནས་པའི་སྤྱི་ཚོགས་འབྲེལ་བའི་རྣམ་པ་གཏན་འཁེལ་ཅན་ཞིག་ཀྱང་ཡིན།

རིགས་དབྱེ།  

སྤྱི་ཚོགས་ལས་དོན།

སྤྱི་ཚོགས་ལས་དོན་ནི་མི་ལ་རོགས་བྱེད་པ་དང་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་ཞིག་ཡིན། དེ་ཡིས་སྤྱི་ཚོགས་སྟེང་གི་དབུལ་བོ་དང་ཉམ་ཆུང་། ལུས་སེམས་སྐྱོན་ཅན་སོགས་ལ་རོགས་རམ་དང་། དཔལ་འབྱོར་ལ་དཀའ་ཁག་ཡོད་པ་དང་འཚོ་བ་རོལ་སྟངས་མ་ལེགས་པ་ལས་བཟོས་པའི་སྤྱི་ཚོགས་གནད་དོན་ལ་སྔོན་འགོག་དང་ཐག་གཅོད་བྱེད་པ་ཡིན། སྡོད་ཁུལ་གྱི་ཞབས་ཞུའི་བྱ་བ་བསྒྲུབ་པ། སྤྱི་ཚོགས་བྱེད་ནུས་ཆ་ཚང་བར་གཏོང་བ། སྤྱི་ཚོགས་ཕན་བདེའི་ཆུ་ཚད་དང་སྤྱི་ཚོགས་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ། མི་སྒེར་དང་སྤྱི་ཚོགས་འཆམ་མཐུན་གཅིག་གྱུར་གྱི་རེ་འདུན་མངོན་འགྱུར་དང་། སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་བྱེད་པ་སོགས་ཡིན།

རིགས་དབྱེ།  

སྤྱི་ཚོགས་ས་ཁམས་རིག་པ།

སྤྱི་ཚོགས་ས་ཁམས་རིག་པ་ནི་རིགས་སོ་སོའི་ཚོགས་ཁག་གི་ས་ཁུལ་ཁྱབ་ཁོངས་དང་། བར་སྟོང་གི་བེད་སྤྱོད་རྣམ་པ། དེའི་ས་ཁུལ་དང་རྣམ་པ་གྲུབ་པའི་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། སྤྱི་ཚོགས་ཚོགས་ཁག་ལ་རིགས་མི་འདྲ་བ་ཡོད་ཅིང་། དམིགས་བསལ་གྱི་དངོས་པོ་དང་རིག་གནས་འཚོ་བའི་རྣམ་པ་ལས་བྱུང་བ་ཡིན། འཚོ་བའི་རྣམ་པ་དེ་དག་གིས་རིགས་མི་གཅིག་པའི་སྤྱི་ཚོགས་ཚོགས་ཁག་གིས་རིགས་མི་གཅིག་པའི་རང་བྱུང་ཁོར་ཡུག་ལ་བཟོས་པའི་འགྱུར་བྱུང་མཚོན་ཞིང་། དེ་ལ་ངེས་གཏན་གྱི་བར་སྟོང་ཁྱབ་ཁོངས་ལྡན། སའི་གོ་ལའི་སྟེང་འཚོ་སྡོད་བྱས་ཡོད་པའི་མི་རྣམས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་འཚོ་བ་རོལ་བཞིན་ཡོད་དེ། ཁོ་ཚོའི་མི་རིགས་ཀྱི་མེས་པོ་དང་། རིག་གནས་གོམས་སྲོལ། ཆོས་ལུགས་དད་མོས། སྐད་ཡིག སྤྱི་ཚོགས་ལམ་ལུགས། དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་སོགས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་བས་རིགས་མི་འདྲ་བའི་སྤྱི་ཚོགས་ཚོགས་ཁག་དགར་བ་རེད། སྤྱི་ཚོགས་ཚོགས་ཁག་དེ་ཆེ་ཆུང་གང་ཡིན་རུང་ཚང་མས་གོ་ལའི་ངོས་ཀྱི་ཆ་ཤས་རེ་བཟུང་ཡོད་ཅིང་། ཚང་མས་ཚད་མི་འདྲ་བའི་ཐད་ནས་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་གསར་སྤེལ་བྱས་ཏེ། རིགས་མི་འདྲ་བའི་བར་སྟོང་འགྲེམ་ཚུལ་ཞིག་གྲུབ་ཡོད་པ་རེད།

རིགས་དབྱེ།  

སྤྱི་ཚོགས་རིག་པའི་ཐབས་ལམ།

སྤྱི་ཚོགས་རིག་པའི་ཐབས་ལམ་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་བརྟག་ཐབས་སྨྲ་བ་དང་ཞིབ་འཇུག་རྣམ་པ། བྱེ་བྲག་གི་ཐབས་ལམ་དང་ལག་རྩལ་གྱི་སྤྱི་མིང་ལ་གོ །

རིགས་དབྱེ།  

སྤྱི་ཚོགས་རིག་པའི་ལོ་རྒྱུས།

ཚན་རིག་གི་སྤྱི་ཚོགས་རིག་པའི་བྱུང་བ་དང་འཕེལ་རྒྱས། དེ་མ་ཟད་དེའི་ཆོས་ཉིད་རང་བཞིན་གྱི་ཤེས་རྟོགས་ལོ་རྒྱུས་ཤིག་ཡིན་པའི་ཆ་ནས། སྤྱི་ཚོགས་རིག་པའི་ལོ་རྒྱུས་ནི་ཚན་རིག་འདིའི་གྲུབ་ཆ་གཙོ་བོ་ཡིན་ཞིང་། དེ་དང་སྤྱི་ཚོགས་རིག་པའི་གཞུང་ལུགས། སྤྱི་ཚོགས་རིག་པའི་ཐབས་ལམ་བཅས་ཀྱིས་མཉམ་དུ་ཁ་ཚང་བའི་སྤྱི་ཚོགས་རིག་པའི་ཤེས་བྱའི་མ་ལག་གྲུབ་པ་ཡིན།

རིགས་དབྱེ།  

སྤྱི་ཚོགས་སེམས་ཁམས་རིག་པ།

སྤྱི་ཚོགས་སེམས་ཁམས་རིག་པ་ནི་མི་སྒེར་དང་ཚོགས་སྤྱིའི་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་སེམས་ཁམས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། མི་སྒེར་གྱི་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ནི་མི་གཞན་དང་ཚོགས་སྤྱི་ཡིས་ཚོད་འཛིན་བྱེད་པའི་མི་སྒེར་གྱི་བསམ་བློ་དང་། བརྩེ་དུང་། བྱ་སྤྱོད་དེ། དཔེར་ན། མིའི་བར་གྱི་ཚོར་སྣང་དང་། མིའི་བར་གྱི་རྟེན་འབྲེལ། སྤྱི་ཚོགས་སྐུལ་འདེད། སྤྱི་ཚོགས་ཚོད་འཛིན། རྗེས་འབྲངས་སོགས་ཡིན།

རིགས་དབྱེ།  

སྤྱི་ཚོགས་ཧྲིལ་འདྲེས།

སྤྱི་ཚོགས་ཧྲིལ་འདྲེས་ནི་སྤྱི་ཚོགས་ཀྱི་རིགས་མི་འདྲ་བའི་རྒྱུ་རྐྱེན་དང་ཆ་ཤས་དག་གཅིག་གྱུར་དང་དོ་མཉམ་པའི་རིལ་པོ་གཅིག་ཏུ་འདྲེས་པའི་བརྒྱུད་རིམ་དང་མཇུག་འབྲས་དེ་ཡིན། དེར་སྤྱི་ཚོགས་ཕུང་གཅིག་ཅན་ཡང་ཟེར།

རིགས་དབྱེ།  

སློབ་གསོ་སྤྱི་ཚོགས་རིག་པ།

སློབ་གསོ་སྤྱི་ཚོགས་རིག་པ་ནི་སློབ་གསོའི་སྤྱི་ཚོགས་ངོ་བོ་དང་སྤྱི་ཚོགས་ནུས་པ། སློབ་གསོའི་ལམ་ལུགས། སློབ་གསོའི་རྩ་འཛུགས། སློབ་གསོའི་འཕེལ་རྒྱས་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ཧྥ་ལན་ཁོ་ཧྥུ་གྲུབ་མཐའ།

ཧྥ་ལན་ཁོ་ཧྥུ་གྲུབ་མཐའ་ནི་དེང་རབས་ནུབ་ཕྱོགས་སྤྱི་ཚོགས་གཏན་ཚིགས་རིག་པའི་གྲུབ་མཐའ་ཞིག་ཡིན། དེ་ནི་སྤྱི་ལོ1923ལོར་སྲོལ་བཏོད་ཅིང་། ཧྥ་ལན་ཁོ་ཧྥུ་སྤྱི་ཚོགས་ཞིབ་འཇུག་ཁང་གི་མགོ་ཁྲིད་ཚོགས་མི་ཡིས་དུས་རབས20བའི་ལོ་རབས30-40བར་འཕེལ་རྒྱས་བཏང་བ་ཞིག་རེད། མཐའ་དཔྱོད་རང་བཞིན་གྱི་སྤྱི་ཚོགས་གཞུང་ལུགས་ལས་མིང་དུ་གྲགས་པ་རེད།

རིགས་དབྱེ།  

མི་གྲངས་སྔོན་དཔག་རིག་པ།

མི་གྲངས་སྔོན་དཔག་རིག་པ་ནི་ད་ཡོད་མི་གྲངས་གནས་ཚུལ་དང་མི་གྲངས་འཕེལ་རྒྱས་ཀྱི་རིགས་སོ་སོའི་རྒྱུ་རྐྱེན་གྱི་ཤན་ཤུགས་ལ་བསམ་བློ་བཏང་སྟེ། ཚན་རིག་གི་ཐབས་ལམ་ལ་བསྟེན་ནས་མ་འོངས་པའི་དུས་སྐབས་ཞིག་གི་མི་གྲངས་ཀྱི་གཞི་རྒྱ་དང་ཆུ་ཚད། འཕེལ་ཕྱོགས་ལ་ཚོད་རྩིས་བྱེད་པ་ཞིག་ཡིན། མི་གྲངས་སྔོན་དཔག་གིས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད་ལ་ཆ་འཕྲིན་གཙོ་བོ་མཁོ་སྤྲོད་བྱེད་བཞིན་ཡོད། སྔོན་དཔག་གི་མཇུག་འབྲས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་བྱུང་སྲིད་པའི་གནད་དོན་གསལ་སྟོན་བྱས་ཆོག དེ་ལ་བརྟེན་ནས་ཡང་དག་པའི་སྲིད་ཇུས་སྒྲིག་བཟོ་ལ་ཕན་པ་བསྐྲུན་པ་རེད། མི་གྲངས་སྔོན་དཔག་ནི1696ལོར་བྱུང་བ་དང་། སྐབས་དེར་དབྱིན་ཇིའི་སྤྱི་ཚོགས་རིག་པ་བGཁེན་གྱིས་སྤྱིར་བཏང་གི་གྲངས་རིག་ཐབས་ལམ་སྤྱད་དེ། དབྱིན་ཇིའི་མ་འོངས་པའི་ལོ600ནང་གི་མི་གྲངས་འཕེལ་རྒྱས་ལ་རགས་རྩིས་ཞིག་བྱས་པ་རེད། དེའི་མཇུག་འབྲས་དང་རྗེས་ཀྱི་དངོས་ཡོད་གནས་ཚུལ་བར་གནམ་སའི་ཁྱད་པར་ཡོད་ཀྱང་། ཁོའི་བསམ་བློ་དེ་རྗེས་ཀྱི་བྱ་བ་ལ་བློ་འབྱེད་ཀྱི་ནུས་པ་ཐོན་པ་རེད།

རིགས་དབྱེ།  

མི་གྲངས་སྤྱི་ཚོགས་རིག་པ།

མི་གྲངས་སྤྱི་ཚོགས་རིག་པ population sociology ནི་མི་གྲངས་འཕེལ་རྒྱས་དང་སྤྱི་ཚོགས་འགྱུར་ལྡོག་གི་འབྲེལ་བ་དང་དེའི་ཕན་ཚུན་གྱི་བྱེད་ལས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། མི་གྲངས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པ་དང་མི་གྲངས་རིག་པ་གཉིས་བསྣོལ་བའི་རིག་ཚན་ཞིག་ཡིན། སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཡིན་ལ། མི་གྲངས་རིག་པའི་ཡན་ལག་རིག་ཚན་ཡང་ཡིན།

རིགས་དབྱེ།  

མི་གྲངས་སྲིད་ཇུས།

མི་གྲངས་སྲིད་ཇུས་ནི་རྒྱལ་ཁབ་ཅིག་གི་རང་རྒྱལ་གྱི་མི་གྲངས་འཕར་བའམ་མི་གྲངས་འཕར་བའི་མཚམས་ཆད་པའམ་ལོག་འཕར་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པའི་དོན། རྒྱལ་ཁབ་མི་འདྲ་བས་རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་གནས་ཚུལ་ཡང་མི་འདྲ། དེ་བས་རིགས་མི་འདྲ་བའི་མི་གྲངས་སྲིད་ཇུས་ལག་བསྟར་བྱེད་པ་རེད། དེར་མ་ཟད། རྒྱལ་ཁབ་ཅིག་གི་མི་གྲངས་སྲིད་ཇུས་ཀྱང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་ཚུལ་དང་བསྟུན་ནས་འོས་འཚམ་གྱི་སྙོམས་སྒྲིག་བྱེད་པ་རེད།

རིགས་དབྱེ།  

ཚན་རིག་སྤྱི་ཚོགས་རིག་པ།

ཚན་རིག་སྤྱི་ཚོགས་རིག་པ (the sociology of science)ཚན་རིག་དང་འབྲེལ་བའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཅིག་ཡིན།

རིགས་དབྱེ།  

ཚོད་ལྟའི་སྤྱི་ཚོགས་སེམས་ཁམས་རིག་པ།

ཚོད་ལྟའི་ཐབས་ལམ་སྤྱད་དེ་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་སེམས་ཁམས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན། 1879ལོ W ཧྥིན་ཐི་ཡིས་ལི་པེ་ཐེ་སློབ་ཆེན་ནས་སེམས་ཁམས་ཚོད་ལྟ་ཁང་གསར་འཛུགས་བྱས་པ་ནས་བཟུང་། སེམས་ཁམས་རིག་པ་བ་མང་པོ་ཞིག་གིས་སྤྱི་ཚོགས་སེམས་ཁམས་དང་འབྲེལ་བའི་གནད་དོན་ཚོད་ལྟ་ཁང་ནས་ཚོད་ལྟ་བྱས་པ་རེད། རིམ་གྱིས་ཚོད་ལྟ་སྤྱི་ཚོགས་སེམས་ཁམས་རིག་པ་འཕེལ་རྒྱས་སུ་སོང་བ་རེད། ཚོད་ལྟ་སྤྱི་ཚོགས་སེམས་ཁམས་རིག་པས་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ལ་ཁུངས་མེད་ཁོག་སྟོང་གི་དཔྱད་བསྡུར་མི་བྱེད་པར། ཚོད་ལྟ་བྱས་པ་བརྒྱུད་ཚོད་ལྟའི་གཞི་གྲངས་དང་མཐུན་པའི་བསྡོམས་ཚིག་བཀོད་པ་རེད། ཚོད་ལྟ་སྤྱི་ཚོགས་རིག་པའི་ཁྱད་ཆོས་ནི་མི་རྣམས་ཀྱི་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་དེ་དངོས་ཡོད་དུ་བཞག་ནས་རང་བྱུང་སྣང་ཚུལ་བཞིན་དཔྱད་ཞིབ་བྱེད་པ་རེད། ཚད་གྲངས་གཙོ་བྱས་ནས་དབྱེ་ཞིབ་བྱེད་པ། དེ་མ་ཟད་ཞིབ་འཇུག་ལས་ཐོབ་པའི་རྒྱུ་ཆས་མི་རྣམས་ཀྱི་སྤྱི་ཚོགས་བྱ་སྤྱོད་ལ་འགྲེལ་བཤད་དང་ཚོད་འཛིན། སྙོམས་སྒྲིག་བྱེད་པ་ཡིན།

རིགས་དབྱེ།  

ཞིང་སྡེ་སྤྱི་ཚོགས་རིག་པ།

ཞིང་སྡེ་སྤྱི་ཚོགས་རིག་པ་ནི་ཞིང་ལས་ཀྱི་འབྲེལ་ཡོད་ཐོན་ལས་གཙོ་བྱས་ཏེ། དཔལ་འབྱོར་བྱེད་སྒོ་དང་ཞིང་སྡེ་ས་ཁུལ་ན་གནས་སྡོད་བྱེད་བཞིན་པའི་མི་རྣམས་ཀྱི་གྲུབ་ཚུལ་དང། ཞིང་སྡེ་གནས་ཁུལ་ཞིབ་འཇུག་དམིགས་ཡུལ་ཡིན་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། ཞིང་སྡེ་སྤྱི་ཚོགས་རིག་པ་ལ་གྲོང་སྡེ་སྤྱི་ཚོགས་རིག་པ་ཡང་ཟེར།

རིགས་དབྱེ།  

བསྡུར་ཐབས་སྤྱི་ཚོགས་རིག་པ།

བསྡུར་ཐབས་སྤྱི་ཚོགས་རིག་པ log comparative sociology (བྱེད་ལས་སྤྱི་ཚོགས་རིག་པ་ཡང་ཟེར། གསར་འཛུགས་གནང་མཁན་ནི་ཧྥ་རིན་སིའི་སྔ་རབས་སྤྱི་ཚོགས་རིག་པ་བ་ཏོར་ཁི་མུ Emile Durkheimཡིན )ནི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་གཉིས་ཡན་གྱི་སྤྱི་ཚོགས་རིག་པའི་དུས་ཚོད་ཀྱི་རྒྱུ་ཆ་ལ་བསྡུར་ནས་ཞིབ་འཇུག་བྱེད་པ། དེ་གཉིས་ཀྱི་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་ལ་དཔྱད་བསྡུར་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གི་ཆ་རྐྱེན་དང་ཆོས་ཉིད་ལ་འགྲེལ་བཤད་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་མིའི་རིགས་རིག་པ་དང་བྱེད་ལས་མིའི་རིགས་རིག་པ་ལས་དེ་ལའང་བསྡུར་ཐབས་སྤྱི་ཚོགས་རིག་པ་ཟེར། ཐོག་མར་བསྡུར་ཐབས་སྤྱི་ཚོགས་རིག་པའི་གོ་དོན་འདི་སྤེལ་བ་དང་ལག་བསྟར་བྱེད་མཁན་ནི་ཧྥ་རིན་སིའི་སྤྱི་ཚོགས་རིག་པ་ཁེར་ཏེ་མུ་ཡིན། འཇར་མན་སྤྱི་ཚོགས་རིག་པ་བ་ཝེ་པོ་ཡིས་ཞིབ་བསྡུར་ཐབས་ལམ་སྤྱད་དེ་སྤྱི་ཚོགས་རིག་པ་ཞིབ་འཇུག་བྱས་པ་རེད། ཁོའི་ཀྲུང་གོའི་ཆོས་ལུགས་དང་རྒྱ་གར་ཆོས་ལུགས། ཆོས་ལུགས་གསར་བ་རང་རང་གི་སྤྱི་ཚོགས་བྱེད་ལས་ལ་བསྡུར་བ་བྱས་ཏེ། ཆོས་ལུགས་གསར་བར་བརྟེན་ནས་མ་རྩ་རིང་ལུགས་བྱུང་བའི་བསྡོམས་ཚིག་བཀོད་པ་རེད། ཁོས་བསྡུར་བའི་ཞིབ་མཇུག་གྲུབ་འབྲས་ལས་གསལ་བོར་མངོན་པ་ནི། ཞིབ་བསྡུར་གྱི་བྱེད་ལས་དེ་ལས་མི་རྣམས་ཀྱིས་དམིགས་བསལ་སྤྱི་ཚོགས་ཀྱི་དབྱེ་ཞིབ་ལ་ཕན་པ་ཆེན་པོར་ལྡན་པ་རེད། ལྷག་པར་ཏུ་རྒྱུ་འབྲས་ཀྱི་འབྲེལ་བ་ཤེས་པར་ཕན་པ་ལྡན། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། བསྡུར་ཐབས་སྤྱི་ཚོགས་རིག་པ་ལ་ཡང་བསྐྱར་མཐོང་ཆེན་བྱས་པ་རེད། ཞིབ་འཇུག་གི་ཁྱབ་ཁོངས་ཆེ་ས་ནས་རིག་གནས་དང་ཆུང་ས་ན་ས་གཉེན་ཉེ་འབྲེལ་བ་དང་། ཞིབ་འཇུག་ནང་དོན་ཧ་ཅང་རྒྱ་ཆེ།

རིགས་དབྱེ།  

རྩ་འཛུགས་སྤྱི་ཚོགས་རིག་པ།

རྩ་འཛུགས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རྩ་འཛུགས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། སྤྱི་ཚོགས་རྩ་འཛུགས་ནི་ཕན་ཚུན་ལ་ཤན་ཤུགས་ཐེབས་པའི་མི་སྒེར་རམ་ཚོགས་སྤྱི་ཆུང་ངུས་གྲུབ་པ་ཞིག་སྟེ། དེ་ལ་དམིགས་བསལ་གྱི་དམིགས་ཚད་ཡོད་པའི་མཉམ་ལས་མ་ལག་ཞིག་ལ་ཟེར། སྤྱི་ཚོགས་རྩ་འཛུགས་ཀྱི་རགས་དབྱིབས་གནའ་རབས་སྤྱི་ཚོགས་སུ་བྱུང་བ་ཡིན། དེ་ཡོངས་སུ་མངོན་པའི་བཟོ་ལས་ཅན་དང་སྤྱི་ཚོགས་དེང་རབས་ཅན་ཏུ་བསྟུན་པ་རེད། དུས་རབས་བཅོ་བརྒྱད་ལ་དབྱིན་ཇི་ནས་བཟོ་ལས་གསར་བརྗེ་བྱུང་བ་ནས་བཟུང་། དེ་ལ་དམིགས་བསལ་གྱི་དམིགས་ཡུལ་དང་ནུས་པའི་སྤྱི་ཚོགས་རྩ་འཛུགས་ཡུན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཟུར་སོ་སོ་དང་སྦྲེལ་བ་རེད། སྤྱི་ཚོགས་འཚོ་བའི་རྩ་བའི་སྡེ་ཚན་ཏུ་གྱུར།

རིགས་དབྱེ།  

རྩིས་ཁུངས་སྤྱི་ཚོགས་རིག་པ།

རྩིས་ཁུངས་སྤྱི་ཚོགས་རིག་པ་ནི་རྩིས་རིག་གི་དོན་སྤྱི་དང་གཞུང་ལུགས། ཐབས་ལམ་དང་སྤྱི་འགྲོས་སོགས་བེད་སྤྱད་དེ་སྤྱི་ཚོགས་སྣང་ཚུལ་ལ་ཞིབ་བརྗོད་དང་དབྱེ་ཞིབ་བྱེད་པའི་རིག་ཚན་ཞིག་ཡིན། དེ་ལ་རྩིས་རིག་གི་སྤྱི་ཚོགས་རིག་པ་ཡང་ཟེར།

རིགས་དབྱེ།  

ལས་རིགས་སྤྱི་ཚོགས་རིག་པ།

ལས་རིགས་དང་སྤྱི་ཚོགས་ཀྱི་འབྲེལ་བ་དང་ལས་རིགས་འབྲེལ་ཡོད་ཀྱི་སྤྱི་ཚོགས་གནད་དོན་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག གཙོ་བོ་ལས་རིགས་སྒྲིག་གཞི། ལས་རིགས་དང་ཁྱིམ་ཚང་། དཔལ་འབྱོར། སློབ་གསོ་ལམ་ལུགས་ཀྱི་འབྲེལ་བ། ལས་རིགས་དང་གྲས་རིམ། སྤྱི་ཚོགས་གྲས་རིམ་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ལུས་རྩལ་སྤྱི་ཚོགས་རིག་པ།

ལུས་རྩལ་སྤྱི་ཚོགས་རིག་པ་ནི་ལུས་རྩལ་ལྟ་བུའི་རིག་གནས་སྣང་ཚུལ་དེ་འགྱུར་ལྡོག་བྱུང་མུས་སུ་ཡོད་པ་ཞིག་ཡིན་པ་དང་། སྤྱི་ཚོགས་རིག་པའི་ཟུར་ནས་ཞིབ་འཇུག་བྱེད་པ་དང་། ལུས་རྩལ་དང་སྤྱི་ཚོགས་སྣང་ཚུལ་གཞན་བར་གྱི་ཕན་ཚན་འབྲེལ་བ་ལ་ཞིབ་འཇུག་བྱེད་པ་སྟེ། ལུས་རྩལ་དང་མིའི་སྤྱི་ཚོགས་ཀྱི་བྱ་སྤྱོད་དང་། སྤྱི་ཚོགས་འདུ་ཤེས་ཀྱི་འབྲེལ་བ། ལུས་རྩལ་འགུལ་སྐྱོད་ཀྱི་སྒྲིག་གཞི། བྱེད་ནུས་དང་འཕེལ་རྒྱས་སྒུལ་ཤུགས་དང་ཚོད་འཛིན་རྒྱུ་རྐྱེན། ལུས་རྩལ་དང་སྤྱི་ཚོགས་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན།

རིགས་དབྱེ།  

ལྡོག་ཕྱོགས་དངོས་དཔང་རིང་ལུགས།

ལྡོག་ཕྱོགས་ཀྱི་དངོས་དཔང་རིང་ལུགས་ནི་དུས་རབས19མཇུག་དང་དུས་རབས20མགོར་ཡོ་རབ་ནས་དར་བའི་དངོས་དཔང་རིང་ལུགས་ཀྱི་ལྡོག་ཕྱོགས་ཀྱི་རང་སྣང་རིང་ལུགས་སྤྱི་ཚོགས་རིག་པ་ཡི་བསམ་པའི་རླབས་རྒྱུན་ཞིག་ཡིན། རང་བྱུང་ཚན་རིག་གི་འཕེལ་རྒྱས་མགྱོགས་པའི་སྐུལ་འདེད་དང་བསྟུན་ནས། མིའི་རིགས་ཀྱི་ལུས་ཁམས་དང་སེམས་ཁམས་ཞིབ་འཇུག་ལ་ཡུན་རིང་གི་འཕེལ་རྒྱས་བྱུང་བ་རེད། ཚན་རིག་ཁྲོད་ཀྱི་འགྱུར་མེད་སྨྲ་བའི་དཔེ་དབྱིབས་ལ་རྟོགས་པ་གསར་བས་རྟོལ་བ་རེད། ཚད་དེ་ལས་རང་བྱུང་ཚན་རིག་ཁྲོད་ཀྱི་སེམས་གཙོ་རིང་ལུགས་ཀྱི་འཕེལ་ཁ་ལ་སྐུལ་འདེད་བྱས་པ་དང་། སྤྱི་ཚོགས་རིག་པ་སྐོར་ཞིག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འཕེལ་འགྱུར་འདུ་ཤེས་ཀྱི་དངོས་དཔང་རིང་ལུགས་ཀྱི་དཔེ་དབྱིབས་དེ་དོར་བ་དང་། མི་སྒེར་འགུལ་སྤྱོད་ཀྱི་རང་སྣང་འབྱུང་རྩ་ལས་མིའི་འགུལ་སྤྱོད་དང་སྤྱི་ཚོགས་འབྲེལ་བ། སྤྱི་ཚོགས་གྲུབ་ཚུལ་དང་སྤྱི་ཚོགས་འཕེལ་རྒྱས་གསལ་བཤད་བྱེད་འདོད་པ་རེད།

རིགས་དབྱེ།