ཡོངས་འཛིན་རིག་མཛོད། >ས་ཁམས། >གཏེར་ཁ། > གཏེར་རྡོ།

རིགས་དབྱེ།  

གཤའ་དཀར།

འདི་ནི་གཤའ་དཀར་གྱི་གཏེར་རྡོ་བཞུས་ནས་བཏོན་པའི་ལྕགས་རིགས་ཏེ། ཁ་དོག་དངུལ་ལྟར་དཀར་ཞིང་ངོ་བོ་མཉེན་ལ་ཞ་ཉེ་ལས་ཅུང་ཟད་སྲ་བ། བཅག་ཁ་རྩུབ་ལ་དངུལ་འོད་འཕྲོ་བ་ཞིག་ཡིན།

རིགས་དབྱེ།  

ཏི་ཚ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཐར་ཐོར་ཐོན་པ་དང་རྒྱ་ནག་ནས་ཚོང་དུ་འོང་བའི་ཏི་ཚའི་གཏེར་རྡོ་གང་རུང་བཞུགས་ནས་བཏོན་པ་སྟེ། ཁ་དོག་སྔོ་དཀར་ལྕི་ལ་ཁྲོབ་པ། བཅག་ཁ་རྩུབ་ལ་དངུལ་འོད་འཕྲོ་བ། སོ་བར་འཆས་པས་ཙིར་སྒྲ་འབྱིན་པ་ཞིག་ཡིན།

རིགས་དབྱེ།  

སྨུག་པོ་སྦལ་རྒྱབ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཀྱང་ཐར་ཐོར་ཐོན་ཅིང་། རྒྱུན་དུ་ལྕགས་གཏེར། ཁབ་ལེན་གྱི་གཏེར་ཁ་སོགས་སུ་མཐོང་བ་མང་དང་། ལྕི་ལ་ཤིན་ཏུ་མཁྲེགས་པ་བཅག་ཁ་སྨུག་ཟིལ་སྣ་སུལ་ཐུང་ལ་ལྕགས་འོད་སིབ་བེ་བ། འགའ་ཞིག་ལ་ཕྱི་ནང་ཆགས་རིམ་ཡོད་པ། རྡོ་ལ་རི་མོ་དམར་སྨུག་གམ་ཁམ་སེར་དོད་པ། མེ་ལ་བསྲེགས་ན་ལྕགས་ཕྱེའམ་རང་གི་ཕྱེ་མ་ལེན་ཐུབ་པའོ།།

རིགས་དབྱེ།  

དཀར་པོ་སྦལ་རྒྱབ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན་ཞིང་། མང་ཆེ་བ་ཅོང་ཞི་ཡོད་པའི་རྫ་དང་བྲག་ལས་འབྱུང་། དབྱིབས་ཕལ་ཆེར་ལེབ་མོ་ཡིན་པ་ལ་རྔམ་མཐུག་པ། ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ། འགའ་ཞིག་ལ་སེར་ཉམས་ཅུང་ཟད་ཡོད་པ། སྟེང་འོག་གམ་མདུན་རྒྱབ་གཉིས་རྡོ་རྒྱུ་དང་མཚན་ཉིད་ཅུང་མི་འདྲ་བ། བཅད་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། ངོ་བོ་ཅོང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ་ཞིག་ཡིན།

རིགས་དབྱེ།  

དཀར་པོ་ཆིག་ཐུབ།

འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁ་ཤས་ནས་ཐོན་ཞིང་མང་ཆེ་བ་ཅོང་ཞི་དང་རྡོ་ཀླད་སོགས་ཚན་ཆེར་ཡོད་པའི་ས་ནས་འབྱུང་། ཁ་དོག་དཀར་པོ་རྡོ་རྒྱུ་མཁྲེགས་ལ་སྣ་རིང་ཤིང་སྣལ་གཤིབ་པ་འདྲ་བ། ཕྱོགས་གཅིག་ཕྲ་ལ་ཕྱོགས་གཅིག་སྦོམ་པས་བཤིག་ན་རྩེ་མོ་རྣོ་བ་རུས་པའི་ཆག་སོའམ་ཁབ་རྩེ་ལྟར་འགྲོ་བ་ཞིག་ཡིན།

རིགས་དབྱེ།  

སྨུག་པོ་ཆིག་ཐུབ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཅུང་ཟད་ཐོན་ཞིང་། ལྕགས་གཏེར་ཡོད་པའི་རྒྱུད་སོགས་སུ་གནས་པ་དང་། རྒྱུན་དུ་སྦལ་རྒྱབ་དང་མཉམ་དུ་མཐོང་བ་མང་བའི་ལྕགས་ཀྱི་གཏེར་རྡོ་སྟེ། སྲ་མཁྲེགས་ལྕི་ལ་ཁ་དོག་སྨུག་པོ་རྡོ་སུལ་སྣ་རིང་སྨུག་ཟིལ་ཕྱོགས་གཅིག་ཏུ་གཤིབ་པ་རྭ་སུལ་ལྟར་ཆགས་པ་ཞིག་ཡིན།

རིགས་དབྱེ།  

གངས་ཐིགས།

འདི་མཆོག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་གངས་རི་མང་བའི་ཡུལ་འགའ་ཞིག་གི་ཏི་སེ་དང་འདྲེས་པའི་བྲག་ལས་བྱུང་བའི་གཏེར་རྡོ་སྟེ་དབྱིབས་དང་ཆེ་ཆུང་ངེས་མེད། འགའ་ཞིག་ཕྱི་ལ་བྲག་གི་དྲེག་པ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

བེ་སྣབས།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཀྱང་ཐར་ཐོར་འབྱུང་བ། སྲ་མཁྲེགས་ལྕི་ལ་ཁ་དོག་ལྗང་སེར་ལྗང་ནག སེར་སྐྱ། འགའ་ཞིག་དམར་སྐྱའང་འབྱུང་བ། བཅག་ཁ་མཁྲེགས་ཤིང་འོད་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

མཉྫི་ར།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་འབྱུང་། གདོད་མའི་དུས་སུ་རྒྱ་མཚོར་གནས་པའི་ལྟོ་འགྲོས་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་གཡའ་མ་ནག་པོ་འདྲ་ལ་ཅུང་མཁྲེགས་ཤིང་ལྕི་བ། ཆེ་ཆུང་ངེས་མེད། དབྱིབས་ཕལ་ཆེར་ཟླུམ་ལེབ། དཀྱིལ་མཐུག་ཅིང་མཐའ་སྲབ་པ། ཕྱི་ངོས་འཇམ་རྩུབ་ཅི་རིགས་འབྱུང་ཞིང་། ནང་ངོས་འཇམ་ལ་ཟེར་འཕྲོའི་དབྱིབས་ཀྱི་སུལ་རིས་དུང་འཁྱིལ་གྱི་དབྱིབས་ལྟར་ཕྱི་ནང་རིམ་པར་འཁོར་ནས་གྲུབ་པ། འགའ་ཞིག་ཕན་ཚུན་འབྱར་ནས་ཆགས་པ་དང་། གོག་ཤུལ་ལ་གཅིག་ཤོས་ཀྱི་རྗེས་དོད་པ་ཞིག་ཡིན།

རིགས་དབྱེ།  

ཕག་མགོ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་འབྱུང་། གདོད་མའི་དུས(ཕལ་ཆེར་ལོ་དུང་ཕྱུར་གཉིས་ཙམ་གྱི་སྔོན)ཀྱི་མཚོ་གནས་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་རྡོ་ཐལ་གྱི་བྲག་རྡོ་དང་། འགའ་ཞིག་གཡའ་མ་འདྲ་བ། དབྱིབས་ཟླུམ་རྡོག་རྒྱ་ཕག་གི་མགོ་འདྲ་བའམ། སྤྲེའུའི་གདོང་པ་འདྲ་བ། རྒྱབ་ངོས་གཡས་གཡོན་ནས་རྩིབ་མའི་དབྱིབས་ལྟར་འབུར་ཐོན་གྱི་གཉེར་མའམ་སུལ་རིས་ཡོད་པ། ཁ་དོག་ཕལ་ཆེར་སེར་སྐྱ་ལ་ཕྱི་དྲེག་དམར་སེར་ཆགས་པ། ཆེ་ཆུང་ཕལ་ཆེར་ལུག་ཐོང་ཚེར་གྱི་མཁལ་མ་ཙམ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

བྱིའུ་མགོ

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཕལ་མོ་ཆེའི་ཁ་མཐོའི་རྫ་འཇམ་དང་། གྲམ་ཁྲོད། བྲག་དཀར་སོགས་ལ་ཡོད་པའི་གདོད་མའི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། ཆེ་ཆུང་ཕལ་ཆེར་མཛུབ་མགོ་ཙམ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

དུང་འདྲ།

འདི་གདོད་མའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་ཀྱི་མཚོ་གནས་དུང་དཀར་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་བྲག་རྡོ་སྤྱིར་བཏང་པ་དང་འདྲ་བ་ལ། དབྱིབས་དུང་དཀར་འདྲ་བ་འཁྱིལ་རིམ་སོགས་གསལ་པོ་ཡོད་པ། འགའ་ཞིག་བྱེའུ་མགོའི་རྒྱུ་འདྲ་བ། ནང་ཁོག་སྟོང་ཡོད་པའང་འབྱུང་ཞིང་ཁ་དོག་སྔོ་སྐྱ་སྲ་ཞིང་མཁྲེགས་ལ་ལྕི་བ། རྡོ་ལ་རི་མོ་བྲིས་ན་སྐྱ་དཀར་དོད་པ་ཞིག་ཡིན།

རིགས་དབྱེ།  

འབྲུག་རུས།

འདི་ད་ལྟ་འཇིག་རྟེན་ཐོག་རྒྱུན་ཆད་པའི་གདོད་མའི་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་ཡིན་ཞིང་། ཧྲན་ཤིས་དང་། སི་ཁྲོན། ཡུན་ནན་སོགས་རྒྱ་ནག་གི་ཞིང་ཆེན་མང་པོ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགར་ཡང་ཐར་ཐོར་རྙེད་རྒྱུ་ཡོད། དབྱིབས་སྲོག་ཆགས་ཀྱི་རུས་པ་འདྲ་བ། ཕྱི་ཅུང་འཇམ་ཞིང་ཚིགས་དབྱིབས་སོགས་གསལ་པོ་ཡོད་ལ། ནང་ལྷ་སོབ་ཅན་ངོ་བོ་ལྕི་ལ་རྡོ་ཡིན་པ། ཕྱེ་མར་བཏུལ་སླ་བ། ཆེ་ཆུང་མ་ངེས་པ་ཅི་ཡང་འབྱུང་བའོ།།

རིགས་དབྱེ།  

སྟང་ཟིལ།

འདི་རྒྱ་ནག་ནས་ཚོང་དུ་ཐོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་་འགའ་ཞིག་ནས་ཀྱང་ཐོན། ངོ་བོ་མཁྲེགས་ལ་ལྕི་བ། བཅག་ཁ་འོད་དང་ལྡན་པ། དབྱིབས་ཕལ་ཆེར་ནར་ཧྲིང་སྒང་གསུམ་དང་སྒང་དྲུག་ཅན་རྡོ་སུལ་སྣ་རིང་ལ་གཤིབ་པ་ཞིག་ཡིན།

རིགས་དབྱེ།  

གསེར་ཟིལ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཁ་མཐོའི་མེ་རི་འབར་ཤུལ་དང་། ས་འོག་ཚ་ནུས་ཡོད་ས་སོགས་སུ་ཡོད། ངོ་བོ་ལྕི་ལ་མཁྲེགས་པ། ཆེ་བ་ཁུ་ཚུར་ཙམ་དང་། ཆུང་བ་སྲན་མ་ཙམ་གྱི་བར་སྣ་ཚོགས་འོང་བ། དབྱིབས་ལའང་ཅི་རིགས་འབྱུང་ཞིང་ཕལ་ཆེར་རིལ་འཇོང་དང་གཉིས་གསུམ་འབྱར་བ་འབར་འབུར་ཐམ་ཐུམ་ཅན། ཕྱི་ངོས་སྨུག་ལ་བཅག་ཁའི་ནང་ངོས་སེར་པོ་འོད་དང་ལྡན་ཞིང་སུལ་རིས་སྣ་རིང་ལྟེ་བ་ནས་མཐའ་རུ་གཤིབ་ནས་འོད་འཕྲོའི་དབྱིབས་ལྟར་གནས་པ་ཞིག་ཡིན།

རིགས་དབྱེ།  

དངུལ་ཟིལ།

འདི་རྒྱ་ནག་གི་ཧུའུ་པེ་དང་ཧོ་ནན་སོགས་ནས་ཐོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྫ་ཆུའི་སྟོད་རྒྱུད་སོགས་ནས་ཀྱང་ཐར་ཐོར་ཐོན་གྱི་ཡོད། ངོ་བོ་ཅུང་ཟད་ལྕི་ལ་མཁྲེགས་པ། དབྱིབས་དང་ཆེ་ཆུང་ངེས་མེད་ཅི་རིགས་འབྱུང་བ། ཁ་དོག་དཀར་སྔོ། འགའ་ཞིག་ལྗང་ཞད་ཡོད་པ་སོགས་ལ་རྡོ་སུལ་གཞུང་དུ་གཤིབ་པ། འགའ་ཞིག་འོད་འཕྲོའི་དབྱིབས་ལྟར་གནས་པ། དངུལ་འོད་སིབ་སིབ་ཅན་ཞིག་ཡིན།

རིགས་དབྱེ།  

གྲུ་བཞི།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁ་ཤས་ཀྱི་ལྕགས་གཏེར་དང་ཕ་བོང་ལོང་བུ་ཡོད་པའི་ས་ཆ་ནས་ཐོན་པ་མང་། འདི་ལྕགས་རྡོ་སེར་པོའམ་ཕ་བང་ལོང་བུ་མཁའ་རླུང་དང་བརླན་གཤེར་ཡུན་རིང་འཕྲད་པས་དབྱང་འགྱུར་གྱི་དངོས་པོར་གྱུར་པ་སྟེ། ངོ་བོ་ལྕགས་བཙའ་རུ་གྱུར་པ་ཡིན་པས་བརྡུང་ན་ཕྱི་ནང་གཉིས་ཀྱི་ཁ་དོག་གཅིག་པ་ཡིན་ཞིང་འགའ་ཞིག་ལ་གཏིང་དུ་སེར་པོ་ར་གན་འདྲ་བའི་དུམ་བུ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

རྡོ་ཀླད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ཞིག་ནས་ཐར་ཐོར་ཐོན། དབྱིབས་དང་། ཁ་དོག་ལ་གཞིགས་ཏེ་མིང་དུ་རྡོ་ཀླད་ཅེས་བཏགས་པ་སྟེ། རྡོ་དཀར་པོ་ཕྱི་དབྱིབས་ཀླད་པ་འདྲ་བ་ཀླད་འབྲུམ་ཐམ་ཐུམ་ཡོད་པ། ཕྱིའི་ཁ་དོག་ཡུལ་སའི་ཁ་དོག་གིས་བསྒྱུར་བ། ཆེ་ཆུང་ངེས་མེད་མཁྲེགས་ལ་ཅུང་ཟད་ལྕི་བ། བཅག་ཁ་དཀར་མཁྲེགས་དཀར་ཡོལ་བཅག་ཁ་འདྲ་བ་ཞིག་ཡིན།

རིགས་དབྱེ།  

རྡོ་བ་འབྲུག་ཀླད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་ཆེ་བ་ནས་ཐར་ཐོར་འབྱུང་བ་དང་། ས་དམར་དང་། གད་ཁྲེབ་ཀྱི་ས་རིམ། རྡོ་ཀླད་ཡོད་པའི་ས་ཆ་བཅས་ནས་ཐོན་པ་མང་ཞིང་། འདི་ཡང་སྲ་སྙིའི་ཁྱད་པར་མ་གཏོགས་རྡོ་ཀླད་ཀྱི་རྒྱུ་དང་གཅིག་པ་ཡིན།

རིགས་དབྱེ།  

དཀར་གོང་།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཕལ་མོ་ཆེའི་ཆུ་རྒྱུད་གྲམ་ཐང་སོགས་སུ་ཡོད། གྲུབ་ཆ་འདྲེས་ཚད་ཀྱི་དབང་གིས་དྭངས་འཐིབ་ཀྱི་ཁྱད་པར་དང་ཁ་དོག་ཅི་རིགས་ཡོད་ཀྱང་། སྐབས་འདིར་འཐིབ་ལ་ཁ་དོག་དཀར་པོ་སྟེ་དབྱིབས་དང་ཆེ་ཆུང་ངེས་མེད་ངོ་བོ་ལྕི་ལ་ཤིན་ཏུ་མཁྲེགས་ཤིང་། བཅག་ཁ་མི་སྙོམས་པ་འོད་ཁྲོབ་བེ་བ། བཅག་པའི་དུམ་བུ་སྲབ་པ་རྣམས་དྭངས་གསལ་དང་ཕྱེད་ཙམ་དྭངས་གསལ་ཡིན་པའོ།།

རིགས་དབྱེ།  

ད་ཚུར།

མཚུར་དཀར་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན། རྒྱུན་དུ་མེ་རིའི་བྲག་དང་། ཚུར་རིགས་གཞན་ཡོད་པའི་ས་ཆ་བཅས་སུ་གནས་པའི་ལུའུ་སོན་ཡན་ཞེས་པའི་རིགས་ཀྱི་གཏེར་དངོས་སམ་ཚུར་རིགས་ཏེ། བཅག་ཁ་ཤེལ་འོད་དང་ལྡན་ཞིང་མི་སྙོམས་པ་སོགས་འབྱུང་བ་ཞིག་ཡིན།

རིགས་དབྱེ།  

ནག་ཚུར།

བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་། ལིའུ་སོན་ཡན་དང་། ལིའུ་སོན་ཐེ་ཞེས་པའི་གཏེར་དངོས་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། ལྦུ་སོབ་དང་ཁུང་བུས་ཁེངས་ཤིང་། འགའ་ཞིག་ལ་ལྗང་ཞད་འདྲེས་པ། ཡན་སོན་དང་འཕྲད་པས་ཁ་དོག་ཤིན་ཏུ་སེར་པོར་འགྱུར་བ་དང་། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་དང་མཉམ་དུ་བཏུལ་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་གམ་ནག་པོར་འགྱུར་བ། རོ་སྐྱུར་ལ་བསྐ་བ། ཆུར་སྦྱངས་པས་འཇུ་སླ་བ་དང་། ཐལ་མདོག་མུ་ཟིའི་དྲི་མནམ་པ་ལ་ནག་ཚུར་ཟེར།

རིགས་དབྱེ།  

སེར་ཚུར།

བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་། ལིའུ་སོན་ཡན་དང་། ལིའུ་སོན་ཐེ་ཞེས་པའི་གཏེར་དངོས་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། ལྦུ་སོབ་དང་ཁུང་བུས་ཁེངས་ཤིང་། འགའ་ཞིག་ལ་ལྗང་ཞད་འདྲེས་པ། ཡན་སོན་དང་འཕྲད་པས་ཁ་དོག་ཤིན་ཏུ་སེར་པོར་འགྱུར་བ་དང་། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་དང་མཉམ་དུ་བཏུལ་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་གམ་ནག་པོར་འགྱུར་བ། རོ་སྐྱུར་ལ་བསྐ་བ། ཆུར་སྦྱངས་པས་འཇུ་སླ་བ་དང་། ཐལ་མདོག་མུ་ཟིའི་དྲི་མནམ་པ་ལ་ནག་ཚུར་དང་། སེར་སྐྱ་ལ་སེར་ཚུར་དུ་མཛད་ཀྱང་དོན་དུ་ལྷད་གཞན་འདྲེས་ཚད་ཙམ་མ་གཏོགས་ངོ་བོ་གཅིག་པ་ཡིན།

རིགས་དབྱེ།  

བིག་པན།

རྒྱ་དཀར་ནག་ནས་ཚོང་དུ་ཐོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཀྱང་ཐོན་པའི་ཟངས་ཀྱི་དབྱང་འགྱུར་དངོས་པོ་ཡིན་པས། ཟངས་གཏེར་གྱི་ཉེ་འཁོར་ནས་རང་བྱུང་དུ་ཐོན་པ་དང་། རྫས་འགྱུར་འདྲེས་སྦྱོར་གྱི་བཟོས་མའང་བཟོ་ཆོག་པ་དང་ངོ་བོ་གཅིག་པ་ཡིན།

རིགས་དབྱེ།  

ཟེ་ཚྭ།

བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེ་ནས་ཐོན་པའི་དབྱང་ཧྭ་ཏན་ཅཱ་ཞེས་པའི་རང་བྱུང་ཚྭ་རིགས་ཟེ་ཚྭ་གྲུངས་པའི་ཞུན་ཆགས་དངོས་པོ་སྟེ་ཤེལ་ལྟར་དྭངས་ཤིང་ཁ་དོག་མེད་པའམ་གྲུབ་ཆ་གཞན་འདྲེས་ཚད་ཀྱི་དབང་གིས་དཀར་སེར་ཉམས་ཅན་སོགས་འབྱུང་ཞིང་དབྱིབས་ཕྲ་རིང་ཤེལ་ཁབ་འདྲ་བ་ཞིག་ཡིན།

རིགས་དབྱེ།  

ཙབས་རུ་ཚྭ།

ཟླ་ཟེར་ལས་རང་གྲུབ་ཡོད་པར་གསུངས་པ་ཙམ་ལས་དེ་མིན་མཁས་པ་ཕལ་ཆེར་གྱིས་གཏན་ལ་མ་ཕབ་པས། ཙབས་རུ་ཚྭ་ནི་ཚད་ལྡན་གྱི་ཚྭ་བཟོ་རང་བྱས་ན་ལེགས་པ་སྟེ། འདི་དེའུ་དམར་བའི་ལག་ལེན་གཅེས་བཏུས་ཀྱི་ཙབས་རུ་ཚྭ་བཟོ་ཐབས་ཀྱི་ལག་ལེན་ལ་བརྟེན་ནས་བཟོས་པས་འགྲུབ་བོ།།

རིགས་དབྱེ།  

རྭ་ཚྭ།

དེའུ་དམར་བའི་ལག་ལེན་གཅེས་བཏུས་ཀྱི་ཚྭ་བཟོའི་དགོངས་པ་ཇི་བཞིན་ཚད་ལྡན་དུ་སྦྱར་བའི་བཟོས་ཚྭ་སྟེ། ཕྱི་དབྱིབས་རྭ་སྙིང་འདྲ་ལ་ཞུན་ཐེབས་ནས་ངོ་བོ་ལྕི་ལ་མཁྲེགས་པོར་གྱུར་པ། འགའ་ཞིག་ནག་པོ་འོད་དང་ལྡན་ལ་འཇའ་རིས་ཅན། རོ་ལན་ཚ་ལ་རྭ་གཞོབ་བྲོ་བ་ཞིག་གོ།།

རིགས་དབྱེ།  

ཧ་ཤིག

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་འགའ་ཞིག་ནས་ཀྱང་ཐོན། རྡོ་ཐལ་གྱི་བྲག་རྡོ་དང་། དེ་མིན་གཏེར་རྡོ་གཞན་དང་མཉམ་དུ་གནས་ཤིང་། སྤྱིར་བཏང་ལེབ་ཞད་ཡོད་པ། ཁ་དོག་དཀར་པོ་དང་། སྔོ་སྐྱ། སེར་སྐྱ། ལྗང་སྐྱ། དམར་སྐྱ། ཁམ་ནག་སོགས་ཅི་རིགས་འབྱུང་ཞིང་། སྙི་ལ་འཇམ་པ་སེན་མོས་ཐུབ་པ། ལག་པས་འཕུར་ན་འཇམ་རྩི་སྐྱ་དཀར་དངུལ་འོད་ཅན་འགོ་ཞིང་འཇམ་འདྲེད་ཀྱི་ཚོར་བ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

མུ་མེན།

འགའ་ཞིག་ལ་ལྕགས་རྡོ་སེར་པོའི་ཕྱེ་མ་འདྲེས་པ་གསེར་མུ་མེན་ཞེས་དང་། འགའ་ཞིག་མཐིང་ནག་ལྷད་གཞན་མ་འདྲེས་པ། བཅག་ཁ་མཐིང་འོད་ཁྲོབ་བེ་བ་ཞིག་དང་། སྔོ་ནག་སྔོ་དཀར་སྤེལ་མར་འདྲེས་པ། བཅག་ཁ་སྔོ་ཁྲ་ཁྲོབ་བེ་བ་ཞིག་ལ་མཐིང་མུ་མེན། སྔོ་སྐྱ་རྡོ་དཀར་འདྲེས་པ་འགའ་ཞིག་ལྗང་ཞད་ཡོད་པ་ལ་གཡུ་མུ་མེན་ཞེས་གསུངས། སྨན་དུ་མཐིང་ནག་ལྷད་གཞན་མ་འདྲེས་པ་བཟང་ངོ་།།

རིགས་དབྱེ།