གངས་འཁྱག་ནམ་ཟླ།

གངས་འཁྱག་ནམ་ཟླ་ལ་གཏན་འཁྱག་ནམ་ཟླ་ཡང་ཟེར་ཞིང་། འོག་ངོས་སུ་དུས་ཡུན་རིང་བོར་གངས་འཁྱག་གིས་གཡོགས་པའི་ས་ཁུལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། དེ་ཡི་ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་གོར་ཐིག(0℃)གི་མན་ཡིན། དེ་ནི་གཙོ་བོ་བྱང་སྣེའི་ས་ཁུལ་དང་ཀེ་རུན་ལན་གླིང་ཕྲན། ལྷོ་སྣེའི་སྐམ་ས་ཆེན་པོ་སོགས་ས་ཁུལ་གྱི་ནམ་ཟླ་ཡིན་ལ། དུས་ཡུན་རིང་བོར་གངས་འཁྱག་གིས་བསྡམས་པའི་ས་ཁུལ་དག་ནི་གོ་ལ་ཧྲིལ་བོའི་ནམ་ཟླ་ཡི་འཁྱག་ཁུངས་ཆེས་ཆེ་བ་དེ་ཡིན་པ་དང་། ཉེ་ལོགས་ཀྱི་ནམ་ཟླ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཐིག་དམར་བར་གྱི་ཚ་བའི་ཆེ་ཆུང་དང་ཆུའི་རློན་ཚད་སོགས་ཀྱི་བརྗེ་སྤོར་ལ་འགྱུར་བ་ཆེན་པོ་འབྱུང་བ་ཡིན།

རིགས་དབྱེ།  

དྲོད་མ་གྲང་རྒྱུད་ཀྱི་ལོ་མ་ཕྲ་རིགས་ནགས་ཚལ་གྱི་ནམ་ཟླ།

དྲོད་མ་གྲང་རྒྱུད་ཀྱི་ལོ་མ་ཕྲ་རིགས་ནགས་ཚལ་གྱི་ནམ་ཟླ་ལ་གླིང་སྣེའི་ཕལ་བའི་སྐམ་ས་ཆེན་པོའི་ནམ་ཟླ་ཡང་ཟེར་ཞིང་། དེ་ནི་འཕྲེད་ཐིག་བྱང་མའི་ཏུའུ་ལྔ་བཅུ་ནས་དྲུག་ཅུ་རེ་ལྔའི་བར་གྱི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོར་ཁྱབ་ཡོད་ལ། གླིང་སྣེ་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེ་སྐམ་ས་ཆེན་པོའི་རླུང་ཚོམ་གྱི་ཤུགས་རྐྱེན་འོག དགུན་གྱི་དུས་ཚིགས་ནི་ཧ་ཅང་རིང་ཞིང་གྲང་ངར་ཆེ་བ་དང་དབྱར་གྱི་དུས་ཚིགས་ནི་ཐུང་ལ་ཤིན་ཏུ་དྲོ་བ་ཡིན་པར་མ་ཟད། རློན་ཚད་ཅུང་མཐོ་བ་དང་ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཧ་ཅང་ཆེ་བ་ཡིན

རིགས་དབྱེ།  

གྲོང་ཁྱེར་ནམ་ཟླ།

གྲོང་ཁྱེར་ནམ་ཟླ་ནི་གྲོང་ཁྱེར་ཆེན་པོ་རུ་ཡོད་པར་མ་ཟད། མཐའ་འཁོར་གྱི་གྲོང་ཁུལ་དང་མི་འདྲ་བའི་ནམ་ཟླའི་ཆ་རྐྱེན་ལ་གོ་ཞིང་། ནམ་ཟླ་དེ་ནི་གྲོང་ཁུལ་གྱི་ཞིང་སྡེའི་ནམ་ཟླ་དང་བསྡུར་ན་ནམ་ཟླའི་གླིང་ཕྲན་ཞིག་ཡིན་པ་ནི། དཔེར་ན། གྲོང་ཁྱེར་གྱི་ཚ་བའི་གླིང་ཕྲན་དང་རློན་པའི་གླིང་ཕྲན། ཐན་པའི་གླིང་ཕྲན། ཆར་བའི་གླིང་ཕྲན། དུ་སྨིག་གི་གླིང་ཕྲན། སྨུག་པའི་གླིང་ཕྲན་ལ་སོགས་པ་ལྟ་བུ། དེ་ཡང་གྲོང་ཁྱེར་གྱི་ཁོར་ཡུག་གིས་གྲོང་ཁྱེར་ནམ་ཟླ་ལ་ཐེབས་པའི་ཤུགས་རྐྱེན་ནི་ཅུང་ཆེ་བ་དང་། དེ་ནི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ནམ་ཟླ་ཆུང་ངུའི་རིགས་ལ་ཐེབས་པའི་མངོན་སྟངས་མངོན་གསལ་བ་ཞིག་ཡིན།

རིགས་དབྱེ།  

གླིང་སྣེའི་ནམ་ཟླ།

གླིང་སྣེའི་ནམ་ཟླ་ལ་གྲང་རྒྱུད་གྱི་ནམ་ཟླ་ཡང་ཟེར་ཞིང་། རིགས་ལ་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་དང་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་གཉིས་ཡོད་ལ། འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ལྷོ་སྣེའི་སྐམ་ས་ཆེན་པོ་དང་འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཚོམ་འགའ་རུ་ཁྱབ་ཡོད། དེ་ཡང་ལོ་ཧྲིལ་བོར་གྲང་ངར་ཧ་ཅང་ཆེ་བ་དང་ས་ངོས་སུ་གངས་མཐུག་པོས་གཡོགས་ཡོད། གཞན་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོའི་དུས་ཚིགས་ནི་དགུན་དུས་གཙོ་བོ་ཡིན་ལ་དབྱར་དུས་ནི་མེད་ལ། ས་ངོས་སུ་སྔོ་དྲེག་གི་རིགས་དང་སྤང་རྩི་ལ་སོགས་པའི་སྐྱེ་དངོས་ཀྱི་རིགས་སྐྱེས་ཡོད་པ་ཡིན།

རིགས་དབྱེ།  

གླིང་སྣེའི་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ།

གླིང་སྣེའི་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ནམ་ཟླའི་རིགས་ཤིག་ཡིན་ལ། ནམ་ཟླ་དེའི་ས་ཁུལ་མང་ཆེ་བར་འཁྱག་རོམ་མཐུག་པོའི་གཡོགས་ཡོད་པར་མ་ཟད། གྲང་ངར་ཆེ་བའི་ལྷགས་པ་མང་བས་སྐྱེ་དངོས་ཧ་ཅང་སྐྱེས་དཀའ་བ་ཡིན།

རིགས་དབྱེ།  

ཆར་ཆུ་མང་བའི་ཐིག་དམར་ནགས་ཚལ་གྱི་ནམ་ཟླ།

ཆར་ཆུ་མང་བའི་ཐིག་དམར་ནགས་ཚལ་གྱི་ནམ་ཟླ་ནི་མང་ཆེ་བར་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅུའི་བར་དུ་ཁྱབ་ཡོད་ཅིང་། མེ་གླིང་ལྷོ་མའི་ཡ་མ་ཞུན་རྩྭ་ཐང་དང་ཨ་ཧྥེ་རི་ཁ་གླིང་གི་ཁོང་ཀོ་གཤོང་ས། ཞའོ་ཞུན་ཐ་གླིང་ཚོམ་སོགས་ས་ཁུལ་བཅས་ནི་ཚབ་མཚོན་རང་བཞིན་གྱི་ས་ཁུལ་ཡིན་ལ། ལོ་ཧྲིལ་བོར་ཐིག་དམར་རླུང་ཚོམ་གྱི་ཚོད་འཛིན་འོག དྲོད་ཚད་མཐོ་བ་དང་ཆར་ཆུ་མོད་པ། རློན་ཚད་ཆེ་བ་ཡིན། ཡང་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་དྲུག(26℃)གི་ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཀྱི་བར་ཁྱད་ཅུང་ཆུང་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ཧའོ་སྨི་ཉིས་སྟོང་གི་ཡན་ཡིན་པར་མ་ཟད། དུས་བཞིའི་དབྱེ་མཚམས་ཅུང་སྙོམས་པ་ཡིན་ཞིང་། རང་བྱུང་གི་སྔོ་ཁེབས་ནི་ཆར་ཆུ་མང་བའི་ནགས་ཚལ་ཡིན།

རིགས་དབྱེ།  

ཆར་ཆུ་མང་བའི་ཚ་རྒྱུད་ཀྱི་ནགས་ཚལ་ནམ་ཟླ།

ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་གྱི་ནམ་ཟླ་ལ་ཆར་ཆུ་མང་བའི་ཐིག་དམར་གྱི་ནམ་ཟླ་ཟེར་ཞིང་། གཙོ་བོ་ཐིག་དམར་གཞོགས་གཉིས་ཀྱི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མ་གཉིས་བར་གྱི་ཏུའུ་བཅུའི་བར་དུ་གནས། ལོ་ཧྲིལ་བོའི་ནང་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ་ནས་ཉི་ཤུ་ཉེར་བརྒྱད(25-28℃)བར་ཡིན་ལ། ལོ་རེའི་ཆར་འབབ་ཚད་ཧའོ་སྨི་སྟོང་གཉིས་ཀྱི་ཡན་ཡིན། དུས་བཞིའི་འགྱུར་བ་སྙོམས་ལ་ཐན་པའི་དུས་མེད་པ་ཡིན། འབྱུང་སའི་ས་ཁུལ་གཙོ་བོ་ལ་མེ་གླིང་ལྷོ་མའི་ཡ་མ་ཞུན་བདེ་ཐང་། ཧྥེ་གླིང་གི་ཁོང་ཀོ་གཤོང་ས་དང་ཀུའེ་ནེ་ཡའི་མཚོ་འགྲམ། ཡ་གླིང་གི་མ་ལེ་གླིང་ཚོམ་དང་མ་ལེ་ཕྱེད་གླིང་། ཧྥི་ལི་ཕིན་གླིང་ཚོམ་དང་དབྱི་ལི་ཨན་གླིང་ཕྲན་སོགས་ཡོད།

རིགས་དབྱེ།  

དྲོད་རྒྱུད་དུས་རླུང་གི་ནམ་ཟླ།

དྲོད་རྒྱུད་དུས་རླུང་གི་ནམ་ཟླ་ནི་སྐམ་ས་ཆེས་ཆེན་པོ་སྟེ་ཡ་ཨའོ་སྐམ་ས་ཆེན་པོ་དང་ཆེས་ཆེ་བའི་རྒྱ་མཚོ་སྟེ་ཞི་བདེ་རྒྱ་མཚོ་ཆེན་མོའི་བར་དུ་གནས་ཤིང་། རྒྱ་མཚོ་དང་སྐམ་སའི་ཚ་བའི་ཆེ་ཆུང་གི་ངོ་བོའི་ཁྱད་པར་མངོན་གསལ་ཡིན་ལ། དབྱར་དུས་ཀྱི་ཡ་ཨའོ་སྐམ་ས་ཆེན་པོའི་གནོན་ཤུགས་དམའ་བ་མུ་འབྲེལ་དུ་གནས་པ་དེ་དང་རྒྱ་མཚོ་སྟེང་གི་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོ་ནུབ་དུ་བསྲིངས་ནས་བྱང་ནས་ཞུགས་པ་ན་ལྷོ་ཤར་དུས་རླུང་གིས་ཆར་ཆུ་ཤིན་ཏུ་མང་བར་འགྱུར་བ་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ལྔ་བརྒྱ་ནས་ཆིག་སྟོང་ཡིན་ལ། དབྱར་དུས་ཀྱིས་ཆར་ཆུ་འབབ་ཚད་ཀྱི་སུམ་ཆའི་གཉིས་ཟིན་པ་དང་། ལོ་ཧྲིལ་བོར་དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་ཞིང་། ནམ་ཟླའི་འགྱུར་བག་རྒོད།

རིགས་དབྱེ།  

དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ།

དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་ནི་དྲོད་རྒྱུད་སྐམ་སའི་དབུས་ཁུལ་གྱི་བྱེ་ཐང་ས་ཁུལ་གྱི་ནམ་ཟླ་ལ་ཟེར་བ་ཡིན་ཞིང་། དེ་རུ་ཐན་པ་ཧ་ཅང་ཆེ་བ་དང་ཆར་ཆུའི་འབབ་ཚད་ཤིན་ཏུ་ཉུང་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཡིན་པ་དང་། ས་ཆར་ལ་ལར་ལོ་མང་བོའི་རིང་ལ་ཆར་ཐིག་གཅིག་ཀྱང་མི་འབབ་པའང་ཡོད། ཡང་དབྱར་དུས་སུ་ཚ་བ་ཧ་ཅང་ཆེ་བར་མ་ཟད། ཉིན་དཀར་གྱི་ཆེས་མཐོ་བའི་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ལྔ་བཅུའམ་ལྔ་བཅུའི(50℃)ཡན་ལ་སོན་པའང་ཡོད། གཞན་དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བར་མ་ཟད། ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན་ལ། ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཅུང་ཆེ་བ་དང་། ཉིན་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཀྱང་ཅུང་ཆེན་པོ་ཡིན་ཞིང་། སྤྲིན་ཉུང་བ་དང་ཉི་མའི་འོད་ཀྱི་འགྱེད་འཕྲོ་ཧ་ཅང་དྲག་པོ་ཡིན། རང་བྱུང་གི་ལྗོངས་རྣམ་མང་ཆེ་བ་ནི་མྱ་ངམ་ཐང་ཡིན་པ་དང་། རང་བྱུང་གི་སྐྱེ་དངོས་ལ་བྱེ་ཐང་དུ་སྐྱེ་བའི་སྐྱེ་དངོས་ཉུང་ཤས་ལས་མེད་ཅིང་། ཡ་གླིང་དབུས་མ་དང་ཀྲུང་གོའི་ཐ་ལི་མུའུ་གཤོང་ས་ནི་ཚབ་མཚོན་ཅན་གྱི་དྲོད་རྒྱུད་བྱེ་ཐང་གི་ནམ་ཟླའི་རིགས་སུ་གཏོགས།

རིགས་དབྱེ།  

དྲོད་རྒྱུད་རྒྱ་མཚོའི་ནམ་ཟླ།

དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་ནི་ལོ་ཧྲིལ་བོར་དྲོད་གྲང་སྙོམས་པ་དང་རླན་གཤེར་ལྡན་པའི་ནམ་ཟླ་ཡིན་ལ། འཕྲེད་ཐིག་གི་ཏུའུ་བཞི་བཅུ་ནས་དྲུག་ཅུ་རེ་ལྔའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དུ་ཁྱབ་ཡོད་ཅིང་། ནམ་ཟླ་འདིའི་རིགས་ལོ་ཧྲིལ་བོའི་ནང་ནུབ་རླུང་གི་ཤུགས་རྐྱེན་འོག ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་ལྔ་བརྒྱ་ནས་བདུན་བརྒྱའི་བར་ཡིན། ཡང་ཧ་ཅང་འཁྱག་པའི་ཟླ་དེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་ལ། ཧ་ཅང་དྲོ་བའི་ཟླ་དེར་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ལས་ཀྱང་དམའ་བ་ཡིན་ཞིང་། ནམ་ཟླ་འདིའི་རིགས་ལ་གཏོགས་པ་ནི་ཡོ་རོབ་གླིང་གི་ནུབ་བྱང་དང་ཁ་ན་ཏ་རྒྱ་མཚོ་ཆེན་པོའི་འགྲམ་ངོགས། ཀྲི་ལིའི་ལྷོ་རྒྱུད། ཨ་ཧྥེ་རི་ཁ་ལྷོ་མ། ཨོ་སི་ཁྲུ་ལི་ཡའི་ལྷོ་ཤར་གྱི་རྒྱུད་བཅས་ཡིན།

རིགས་དབྱེ།  

དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ།

སྒྲ་ཡངས་འཇུག་གི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླ་ནི་དྲོད་རྒྱུད་ཀྱི་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་ཀྱི་སྡོང་བོ་སྐྱེ་བར་འཚམ་པར་མ་ཟད། སྔོ་ཁེབས་ཀྱི་རིགས་ནི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནམ་ཟླའི་རིགས་ཡིན་ལ། དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་དང་དྲོད་རྒྱུད་དུས་རླུང་གི་ནམ་ཟླ། དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླའི་ཁྲོད་ཀྱི་དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་རིགས་སྐྱེ་བའི་ནམ་ཟླ་ཁུལ་ཡོད་ཚད་གོང་གསལ་གྱི་ནམ་ཟླ་དེའི་ནང་དུ་གཏོགས།

རིགས་དབྱེ།  

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ།

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ་ནི་དྲོད་རྒྱུད་ནགས་ཚལ་ནམ་ཟླ་དང་དྲོད་རྒྱུད་བྱེ་ཐང་ནམ་ཟླའི་མཚམས་སུ་ཡོད་པའི་བར་བརྒལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། ནམ་ཟླ་དེའི་རིགས་ལ་མངོན་གསལ་ཅན་གྱི་སྐམ་ས་ཆེན་པོའི་རང་བཞིན་ལྡན་ཞིང་། དགུན་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བར་མ་ཟད། ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཅུང་ཆེན་པོ་ཡིན། ཡང་ཆེས་ཚ་བའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུའི(20℃)ཡན་ལ་སོན་པ་དང་། ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན། གཞན་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་བཞི་བརྒྱ་དང་ལྔ་བཅུའི་བར་ཡིན་ལ། ཆར་འབབ་ཚད་མང་བའི་དུས་ནི་དབྱར་དུས་ཡིན་ཞིང་། བྱེ་ཐང་ནམ་ཟླ་དང་བསྡུར་ན་དེ་འདྲའི་སྐམ་ཤས་ཆེ་བ་ཞིག་མིན།

རིགས་དབྱེ།  

དྲོད་རྒྱུད་སྐམ་ས་ཆེན་པོའི་བཞའ་ཚན་ནམ་ཟླ།

དྲོད་རྒྱུད་སྐམ་ས་ཆེན་པོ་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ལ་བཞའ་ཚན་གྱི་སྐམ་ས་ཆེན་པོའི་ནམ་ཟླའམ་དྲོད་རྒྱུད་ནགས་ཚལ་ནམ་ཟླ་ཡང་ཟེར་ལ། དེ་ནི་དྲོད་རྒྱུད་སྐམ་ས་ཆེན་པོའི་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་པ་དང་། དྲོད་གྲང་གི་འགྱུར་ལྡོག་ཅུང་ཆེན་པོ་ཡོད། ཡང་དབྱར་གྱི་དུས་སུ་ཚ་བ་ཤིན་ཏུ་ཆེ་བ་དང་། དགུན་དུས་སུ་གྲང་ངར་ཧ་ཅང་ཆེ་བ་ཡིན་ཞིང་། ནམ་ཟླ་དེའི་རིགས་ཀྱི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་རྒྱ་ནི་ཅུང་ཆ་སྙོམས་ཡིན།

རིགས་དབྱེ།  

དྲོད་རྒྱུད་སྐམ་སའི་ནམ་ཟླ།

དྲོད་རྒྱུད་སྐམ་ས་རང་བཞིན་གྱི་ནམ་ཟླ་ནི་གཙོ་བོ་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཞི་བཅུ་ནས་ཏུའུ་དྲུག་ཅུའི་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་ནང་ཁུལ། མེ་གླིང་ལྷོ་མའི་ལྷོ་ཤར་རྒྱུད་བཅས་སུ་ཁྱབ་ཡོད་ཅིང་། རྒྱ་མཚོ་དང་ཐག་རིང་བའམ་ཡང་ན་ས་དབྱིབས་ཀྱི་བཀག་འགོག་གིས་རླན་གཤེར་ལྡན་པའི་རླུང་ཚོམ་ཐོན་མི་ཐུབ་པའི་རྐྱེན་གྱིས་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བ་ཡིན། རྒྱ་མཚོ་ནས་སྐམ་སར་རིམ་བཞིན་དྲོད་རྒྱུད་ནགས་ཚལ་དང་དྲོད་རྒྱུད་ནགས་ཚལ་རྩྭ་ཐང་། དྲོད་རྒྱུད་རྩྭ་ཐང་། དྲོད་རྒྱུད་བྱེ་ཐང་དང་དྲོད་རྒྱུད་བྱེ་ཐང་མ་ཡིན་པ་བཅས་ལ་བརྟེན་ནས་མངོན་ཡོད་ལ། ནམ་ཟླའི་ཁྱད་ཆོས་ནི་དགུན་དུས་ཧ་ཅང་འཁྱག་པ་དང་དབྱར་དུས་ཤིན་ཏུ་དྲོ་བ་ཡིན་པས་ནམ་ཟླའི་འགྱུར་ལྡོག་ཆེ་བ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཉུང་བ་དང་སྐམ་སའི་རང་བཞིན་ཧ་ཅང་དྲག་པ་ཡིན།

རིགས་དབྱེ།  

ནགས་ཚལ་ནམ་ཟླ།

ནགས་ཚལ་ནམ་ཟླ་ནི་རང་བྱུང་སྔོ་ཁེབས་ཏེ་ནགས་ཚལ་ཡིན་པའི་ས་ཁུལ་རང་བཞིན་གྱི་ནམ་ཟླའི་རིགས་ཤིག་ཡིན་ལ། ནམ་ཟླའི་ཁུལ་མི་འདྲ་བའི་ནགས་ཚལ་ནམ་ཟླ་དག་འདུ་བ་ནི། དཔེར་ན། ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་ནམ་ཟླ། དྲོད་རྒྱུད་རྒྱུན་ལྗང་མ་ཡིན་པའི་ལོ་མ་ཆེ་བའི་ནགས་ཚལ་གྱི་ནམ་ཟླ། དྲོད་རྒྱུད་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་ནམ་ཟླ་ལ་སོགས་པ་ལྟ་བུ་ནི་ནམ་ཟླ་ཆེན་པོའི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། ནགས་ཚལ་ནམ་ཟླ་ནི་རྒྱུན་པར་ནགས་ཚལ་ཡོད་པ་ལས་གྲུབ་པའི་ས་ཁུལ་བྱེ་བྲག་པའི་ནམ་ཟླ་ལ་གོ་བ་ཡིན་ལ། དེ་ནི་ནམ་ཟླ་བར་མ་དང་ནམ་ཟླ་ཆུང་ངུའི་རིགས་ཀྱི་ཁོངས་སུ་གཏོགས།

རིགས་དབྱེ།  

བྱང་སྣེའི་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ།

བྱང་སྣེའི་སྔོ་དྲེག་ས་ཁུལ་གྱི་ནམ་ཟླ་ནི་དགུན་གྱི་དུས་ནི་ཤིན་ཏུ་རིང་བ་དང་གྲང་ངར་ཧ་ཅང་ཆེ་བར་མ་ཟད། རྒྱུན་པར་ཁ་བ་བུ་ཡུག་འཚུབ་པ་ཡིན་ལ། དབྱར་གྱི་དུས་ནི་ཐུང་བ་དང་བསིལ་ཞིང་འཇམ་པ་ཡིན། ཡང་ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་བཅུའི(10℃)ཡན་ལ་བརྒལ་མི་སྲིད་པ་དང་། ས་ངོས་དང་ཐག་ཉེ་བའམ་ཧ་ལམ་སྨི་གཅིག་གི་ཟབ་ཚད་ཀྱི་ས་རིམ་ནི་འཁྱག་པས་བསྡམས་མེད་ལ། དེ་ལས་གཏིང་ཟབ་སར་འཁྱག་པས་བསྡམ་པ་ཡིན་པ་མ་གཏོགས། ཚ་བ་དེ་འདྲའི་ཆེན་པོ་མེད། གཞན་ས་ངོས་ཀྱི་ཆུ་ས་འོག་ཏུ་འཐིམས་པར་དཀའ་བ་དང་། རྒྱུན་པར་གཤོང་ས་རུ་མཚེའུ་དང་ན་འདམ་གྲུབ་པ་ཡིན།

རིགས་དབྱེ།  

བྱེ་ཐང་ནམ་ཟླ།

བྱེ་ཐང་ནམ་ཟླ་ལ་ཐན་པའི་ནམ་ཟླའམ་མྱ་ངམ་ཐང་གི་ནམ་ཟླ་ཡང་ཟེར་ཞིང་། དེ་ནི་འཕྲེད་ཐིག་མི་འདྲ་བའི་དབང་གིས་ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་དང་དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ། དྲོད་རྒྱུད་བྱེ་ཐང་གི་ནམ་ཟླ་བཅས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་ལ། བྱེ་ཐང་ནམ་ཟླ་ནི་བྱེ་ཐང་གི་ཁོར་ཡུག་གྲུབ་པའི་ཆེས་གལ་འགངས་ཆེ་བའི་རྒྱུ་རྐྱེན་གྲས་ཀྱི་གཅིག་ཡིན། དེ་ཡང་དེང་སྐབས་ཀྱི་བྱེ་ཐང་ནམ་ཟླ་ནི་ས་གཤིས་དུས་སྐབས་དང་ལོ་རྒྱུས་དུས་སྐབས་ཀྱི་འཕེལ་འགྱུར་བརྒྱུད་ནས་ཐོན་པ་ཡིན་ལ། བྱེ་ཐང་དུ་ཡོད་པའི་ནམ་ཟླ་ནི་མིའི་རིགས་འགུལ་སྐྱོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་མོད། འོན་ཀྱང་དེ་དང་དུས་མཉམ་དུ་རང་བྱུང་གི་གནོད་སྐྱོན་ཡང་དུ་མ་བསྐྱལ་འོང་བ་ནི། དཔེར་ན། བྱེ་རླུང་དང་ཚ་རླབས། ཤ་འོད་བཅས་པ་ལྟ་བུ་ཡིན།

རིགས་དབྱེ།  

མཐོ་སྒང་གི་ནམ་ཟླ།

མཐོ་སྒང་གི་ནམ་ཟླ་ནི་མཐོ་སྒང་གི་ཆ་རྐྱེན་འོག་གྲུབ་པའི་ནམ་ཟླ་རིགས་ཤིག་ཡིན་ལ། གོ་ལ་ཧྲིལ་བོའི་འཕྲེད་ཐིག་བར་མ་དང་འཕྲེད་ཐིག་དམའ་མོའི་ས་ཁུལ་གྱི་མིང་དུ་གྲགས་པའི་མཐོ་སྒང་ལ་མདོ་དབུས་མཐོ་སྒང་དང་། ཡུན་ཀུའེ་མཐོ་སྒང་། ནང་སོག་མཐོ་སྒང་། ས་སེར་མཐོ་སྒང་། ཨ་མེ་རི་ཁའི་ནུབ་རྒྱུད་ཀྱི་མཐོ་སྒང་། མེ་གླིང་ལྷོ་མའི་པོ་ལི་ཝེ་ཡ་མཐོ་སྒང་། ཨ་ཧྥེ་རི་ཁ་ལྷོ་མའི་མཐོ་སྒང་སོགས་ཡོད་ཅིང་། དེ་དག་གི་ས་བབ་གནས་སྟངས་དང་རྒྱ་མཚོ་དང་སྐམ་སའི་ཁོར་ཡུག མཚོ་འཕགས་ཀྱི་མཐོ་ཚད། མཐོ་སྒང་གི་རྣམ་པའི་སྟེང་གི་ཁྱད་པར་གྱིས་ནམ་ཟླ་ལ་ཡང་ཁྱད་པར་ཆེན་པོ་ཡོད།

རིགས་དབྱེ།  

ཚ་རྒྱུད་ཐན་པ་དང་ཐན་པ་ཕྱེད་ཀྱི་ནམ་ཟླ།

ཚ་རྒྱུད་ཐན་པ་དང་ཐན་པ་ཕྱེད་ཀྱི་ནམ་ཟླ་ལ་ཚ་རྒྱུད་མྱ་ངམ་ཐང་གི་ནམ་ཟླ་ཡང་ཟེར་ལ། དེའི་ཁྱད་ཆོས་ནི་ལོ་ཧྲིལ་བོར་དྲོད་ཚད་ཤིན་ཏུ་མཐོ་བ་དང་ཆར་ཆུ་ཧ་ཅང་ཉུང་བ་ཡིན་ཞིང་། དེ་ནི་ཚ་རྒྱུད་ཐན་ཆར་དུས་ཀྱི་ནམ་ཟླ་ཁུལ་ལས་གཞན་པའི་ས་ཁུལ་དུ་ཁྱབ་ཡོད། ཡང་ནམ་ཟླ་དེ་མང་ཆེ་བ་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅོ་ལྔ་ནས་སུམ་བཅུའི་བར་དུ་ཁྱབ་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་གི་བྱང་རྒྱུད་དང་ཨེ་ཤ་ཡའི་ལྷོ་ནུབ། ཨོ་སི་ཁྲུ་ལི་ཡའི་དབུས་ནུབ་ཀྱི་ས་ཁུལ་མང་ཆེ་བར་ཁྱབ་པ་ནི་ཆེས་མང་བ་ཡིན།

རིགས་དབྱེ།  

ཚ་རྒྱུད་དུས་རླུང་གི་ནམ་ཟླ།

ཚ་རྒྱུད་དུས་རླུང་གི་ནམ་ཟླ་ནི་ནམ་ཟླའི་རིགས་ཀྱི་གཅིག་ཡིན་པ་དང་། གཙོ་བོ་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ཏུའུ་ཉི་ཤུ་ཉེར་གསུམ་སྐར་མ་ཉི་ཤུ་ཉེར་དྲུག་གི་ཡ་གླིང་སྐམ་ས་ཆེན་པོའི་ལྷོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད་ལ། ཡ་གླིང་ན་མ་གཏོགས་མེད་པའི་ནམ་ཟླ་ཅིག་ཡིན། བྱེ་བྲག་ཏུ་ཀྲུང་གོའི་ཀོང་ཏུང་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན། ཧྥི་ལི་ཕིན་གླིང་ཚོམ་གྱི་བྱང་རྒྱུད་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་སོགས་སྟེ། ཨེ་ཤ་ཡ་ལྷོ་མའི་དུས་རླུང་ཁུལ་དུ་ཁྱབ་ཡོད།

རིགས་དབྱེ།  

དྲོད་མ་ཚ་རྒྱུད་ཀྱི་ཐན་ཕྱེད་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་ཐན་ཕྱེད་ནམ་ཟླ་ནི་དྲོད་མ་ཚ་རྒྱུད་ཀྱི་ཐན་པའི་ནམ་ཟླའི་ཁུལ་གྱི་ཕྱིའི་མཐའ་མཚམས་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོར་ཐན་པ་ཧ་ཅང་ཆེ་བ་དང་ཆར་ཆུ་ཤིན་ཏུ་ཉུང་ལ། དྲོད་མ་ཚ་རྒྱུད་ཀྱི་ཐན་པའི་ནམ་ཟླའི་བར་གྱི་ཁྱད་པར་གཙོ་བོ་ནི། དབྱར་གྱི་དུས་སུ་དྲོད་ཚད་ཅུང་དམའ་བ་དེ་ཡིན་པ་དང་། ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་སུམ་བཅུའི(30℃)མན་ཡིན། ཡང་ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ཅུང་མང་བ་ཡིན་ལ། ཆར་ཆུ་འབབ་ཚད་ཧའོ་སྨི་ཉིས་བརྒྱ་ལྔ་བཅུ་ལས་མཐོ་བས། ས་གཤིན་གྱི་ཆུའི་མང་ཉུང་གི་ཚད་མཐོ་རུ་སོང་ནས་རྩྭའི་རིགས་སྐྱེ་བར་ཤིན་ཏུ་ཕན།

རིགས་དབྱེ།  

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་བཞའ་ཚན་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ནི་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེའི་ས་ཁུལ་གྱི་སྐམ་ས་ཆེན་པོའི་རླུང་ཚོམ་གཉིས་རེས་མོས་སུ་ཚོད་འཛིན་དང་ཕན་ཚུན་རེས་མོས་འགྲན་རྩོད་བྱེད་པའི་ས་རྒྱུད་ལ་གོ །དེའི་ཟླ་དང་པོའི་ཆ་སྙོམས་ཀྱི་དྲོད་གྲང་ཡོངས་ཁྱབ་ཏུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཆད་དང་། ཟླ་བདུན་པའི་ཆ་སྙོམས་ཀྱི་དྲོད་གྲང་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔའི(25℃)གཡས་གཡོན་ཡིན། ས་ཁུལ་གཞན་པའི་ཆར་ཆུ་འབབ་ཚད་དང་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་ཅན་གྱི་ཆར་ཆུ་འབབ་ཚད་གཉིས་བསྡུར་ན་ཅུང་སྙོམས་པ་ཡིན་ལ། དེར་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ཟེར།

རིགས་དབྱེ།  

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་གི་ནམ་ཟླ་ནི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་བཅུ་སོ་ལྔའི་དྲོད་མ་ཚ་རྒྱུད་ཀྱི་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཁྱབ་ཡོད་ཅིང་། དེ་ནི་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་དང་གླིང་སྣེའི་སྐམ་ས་ཆེན་པོའི་རླུང་ཚོམ་རེས་མོས་སུ་ཚོད་འཛིན་དང་ཕན་ཚུན་རྐྱ་འཐབ་པའི་ས་ཁུལ་ཡིན་ལ། གཙོ་བོ་ཀྲུང་གོའི་ཤར་རྒྱུད་ཆིན་ལིང་ཧོའེ་ཧོ་ཡི་ལྷོ་ཕྱོགས་དང་ཚ་རྒྱུད་དུས་རླུང་ནམ་ཟླའི་རིགས་ཀྱི་བྱང་ཕྱོགས་ས་ཁུལ། འཇར་པན་གྱི་ལྷོ་རྒྱུད་དང་ལྷོ་ཁོ་རེ་ཡའི་ཕྱེད་གླིང་ལྷོ་རྒྱུད་ཀྱི་ས་ཆ་སོགས་སུ་ཁྱབ་ཡོད། དགུན་གྱི་དུས་སུ་ནམ་ཟླ་དེ་འདྲའི་འཁྱག་པ་མིན་ལ། ཟླ་དང་པོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་པ་དང་། དབྱར་གྱི་དུས་སུ་ཅུང་དྲོ་ཞིང་། ཟླ་བདུན་པའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ཡས་མས་ཡིན། ཡང་དབྱར་དགུན་གཉིས་ཀྱི་རླུང་གི་ཁ་ཕྱོགས་ཀྱི་འགྱུར་བ་མངོན་གསལ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུའི་འབབ་ཚད་ནི་སྤྱིར་བཏང་དུ་ཧའོ་སྨི་ཆིག་སྟོང་ཡན་ལ་བརྒལ་ཡོད་ཅིང་། དབྱར་གྱི་དུས་སུ་ཆར་ཆུ་འབབ་པ་མང་བ་དང་། དགུན་དུས་ནི་དེ་ལས་ལྡོག གཞན་ནམ་ཟླ་འདིའི་རིགས་ཀྱི་ཚབ་མཚོན་ས་ཁུལ་ནི་ཀྲུང་གོའི་ལྷོ་ཤར་རྒྱུད་ཀྱི་ས་ཆ་ཁག་ཡིན་ལ། དེ་ལས་གཞན་པའི་ས་ཆ་དག་ཏུ་དགུན་གྱི་དུས་སུའང་ཆར་ཆུ་འབབ་ཚད་ཅུང་མང་བའི་རྐྱེན་གྱིས། དབྱར་དགུན་གཉིས་ཀྱི་ཐན་ཆར་གྱི་བར་ཁྱད་དེ་འདྲའི་ཆེན་པོ་མིན། དེ་བས་དྲོད་མ་ཚ་རྒྱུད་ཀྱི་དུས་རླུང་རང་བཞིན་གྱི་བཞའ་ཚན་ནམ་ཟླ་ཟེར།

རིགས་དབྱེ།  

དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ།

དྲོད་མ་ཚ་རྒྱུད་ཀྱི་བྱེ་ཐང་གི་ནམ་ཟླ་ནི་ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་ཡི་འཕྲེད་ཐིག་གཅིག་གིས་མཐོ་བའི་གཞོགས་སུ་ཡོད་ལ། ཧ་ལམ་འཕྲེད་ཐིག་གི་ཏུའུ་ཉི་ཤུ་ཉེར་ལྔ་ནས་སུམ་ཅུ་སོ་ལྔའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དང་ནང་ལོགས་ས་ཁུལ་དུ་ཁྱབ་ཡོད།

རིགས་དབྱེ།  

ཚ་རྒྱུད་བྱེ་ཐང་གི་ནམ་ཟླ།

ཚ་རྒྱུད་བྱེ་ཐང་གི་ནམ་ཟླ་གཙོ་བོ་ཉི་མའི་ལྡོག་ཐིག་ནས་འཕྲེད་ཐིག་གི་ཏུའུ་སུམ་བཅུའི་བར་དུ་གནས་པ་དང་། ཚ་རྒྱུད་རྩྭ་ཐང་གི་ལྷོ་བྱང་གཞོགས་གཉིས་སུ་ཁྱབ་ཡོད་ལ། གཙོ་བོ་ལ་ཧྥེ་གླིང་གི་ས་ཧ་ར་བྱེ་ཐང་དང་ཁ་ལ་ཧ་ལི་བྱེ་ཐང་། ཡ་གླིང་ནུབ་མའི་ཨ་རབ་བྱེ་ཐང་དང་རྒྱ་མཚོ་ཆེན་པོའི་གླིང་གི་ཨོ་སི་ཁྲུ་ལི་ཡ་ནུབ་མའི་བྱེ་ཐང་། མེ་གླིང་བྱང་མའི་ཅ་ལི་ཧྥུ་ཉི་ཡ་བྱེ་ཐང་དང་མེ་གླིང་ལྷོ་མའི་ཨ་ཐ་ཁ་མ་བྱེ་ཐང་བཅས་སུ་ཁྱབ་ཡོད། ནམ་ཟླ་འདི་གནས་པའི་ས་ཁུལ་ལ་ལོ་ཧྲིལ་བོའི་ནང་དྲོད་ཚད་ཤིན་ཏུ་མཐོ་བ་དང་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་བ་ཡིན།

རིགས་དབྱེ།  

ཚ་རྒྱུད་རྒྱ་མཚོའི་ནམ་ཟླ།

ཚ་རྒྱུད་རྒྱ་མཚོའི་ནམ་ཟླ་ནི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ཉི་ཤུ་ཉེར་ལྔའི་བར་གྱི་གཏན་རླུང་ཁུལ་གྱི་སྐམ་ས་ཆེན་པོའི་ཤར་ངོགས་སམ་ཚ་རྒྱུད་རྒྱ་མཚོའི་ཁྲོད་ཀྱི་གླིང་ཕྲན་འགའ་ཤས་སུ་གནས་པ་ནི། དཔེར་ན། མེ་གླིང་གི་ཅ་ལེ་པི་རྒྱ་མཚོའི་འགྲམ་ངོགས་དང་ཧིན་རྡུ་ནུབ་མའི་གླིང་ཚོམ། མེ་གླིང་ལྷོ་མའི་པ་ཞི་མཐོ་སྒང་ཤར་ཕྱོགས་རྒྱ་མཚོའི་འགག་དོག་པའི་ས་ཁུལ། ཨ་ཧྥེ་རི་ཁ་གླིང་གི་མ་ཏ་ཅ་སི་ཅ་གླིང་ཕྲན་གྱི་ཤར་ངོགས། ཞི་བདེ་རྒྱ་མཚོ་ཆེན་མོའི་ཞ་ཝེ་དབྱི་གླིང་ཚོམ། ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་རྒྱ་མཚོའི་འགྲམ་ངོགས་ཀྱི་ས་ཁུལ་བཅས་པ་ལྟ་བུ། ཡང་ས་ཁུལ་དེ་དག་ནི་དུས་ཡུན་རིང་བོར་ཚ་རྒྱུད་རྒྱ་མཚོ་ནས་ཐོན་པའི་གཏན་རླུང་གིས་ཤུགས་རྐྱེན་ཐེབས་པ་ཡིས། ལོ་ཧྲིལ་བོར་ཚ་རྒྱུད་རྒྱ་མཚོའི་རླུང་ཚོམ་རྒྱས་པ་དང་། དེ་ལ་རྒྱ་མཚོའི་རང་བཞིན་ལྡན། གཞན་ལོ་ཧྲིལ་བོའི་ནང་གི་དྲོད་ཚད་དང་ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ཆུང་མོད། འོན་ཀྱང་ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཐིག་དམར་དང་བསྡུར་ན་ཅུང་དམའ་བ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་དྲོད་ཚད་ནི་ཐིག་དམར་གྱི་ཆར་ཆུ་འབབ་ཚད་མང་བའི་ནམ་ཟླ་དང་བསྡུར་ན་མཐོ་བ་ཡིན་ཞིང་། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་སྤྱིར་བཏང་དུ་ཧའོ་སྨི་ཉིས་སྟོང་ཡན་ལ་བརྒལ་བ་དང་། དུས་བཞིའི་དབྱེ་མཚམས་ཅུང་ཆ་སྙོམས་ཡིན།

རིགས་དབྱེ།  

ཚ་རྒྱུད་རྩྭ་ཐང་གི་ནམ་ཟླ།

ཚ་རྒྱུད་རྩྭ་ཐང་གི་ནམ་ཟླ་ལ་ཚ་རྒྱུད་ཐན་ཆར་དུས་ཀྱི་ནམ་ཟླ་དང་ས་ཝ་ན་ནམ་ཟླ། ཚ་རྒྱུད་སྡོང་བོ་ཉུང་སའི་རྩྭ་ཐང་གི་ནམ་ཟླ། ཚ་རྒྱུད་ནགས་ཚལ་རྩྭ་ཐང་གི་ནམ་ཟླ་བཅས་ཟེར་ཞིང་། མང་ཆེ་བ་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅུ་ནས་ལྷོ་བྱང་ཉི་མའི་ལྡོག་ཐིག་གི་བར་དུ་གནས་པ་དང་། ཧྥེ་གླིང་གི་དབུས་ཁུལ་དང་མེ་གླིང་ལྷོ་མའི་པ་ཞི། ཨོ་སི་ཁྲུ་ལི་ཡ་སྐམ་ས་ཆེན་པོའི་བྱང་རྒྱུད་དང་ཤར་རྒྱུད་དུ་ཁྱབ་ཡོད། རིགས་འདི་ནི་ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་དང་གཏན་རླུང་ཁུལ་གཉིས་ཀྱིས་རེས་མོས་ངང་ཚོད་འཛིན་ཐེབས་པའི་ཁུལ་དུ་ཁྱབ་ཡོད་ཅིང་། ལོ་ཧྲིལ་བོའི་དྲོད་ཚད་མཐོ་བ་དང་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧ་ལམ་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ(25°C)ཡིན། ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་གྱི་ཚོད་འཛིན་དུས་སྐབས་སུ། ཐིག་དམར་རླུང་ཚོམ་རྒྱས་པ་དང་ཆར་ཆུ་མོད་པ། ཡང་གཏན་རླུང་ཁུལ་་གྱི་ཚོད་འཛིན་དུས་སྐབས་སུ། ཚ་རྒྱུད་སྐམ་ས་ཆེན་པོས་ཚོད་འཛིན་ཐེབས་པས་ཐན་པ་འབྱུང་བ་དང་ཆར་ཆུ་ཧ་ཅང་ཉུང་ལ། ལོ་རེའི་ཆར་ཆུ་འབབ་ཚད་ནི་སྤྱིར་བཏང་དུ་ཧའོ་སྨི་བདུན་བརྒྱ་ནས་སྟོང་བར་ཡིན་ཞིང་། དུས་ཡུན་རིང་བོའི་སྐམ་ཤས་ཆེ་བའི་དུས་ཚིགས་ཧ་ཅང་མངོན་གསལ་ཡིན། གཞན་རང་བྱུང་གི་སྔོ་ཁེབས་ནི་ཚ་རྒྱུད་སྡོང་བོ་ཉུང་སའི་རྩྭ་ཐང་ཡིན།

རིགས་དབྱེ།  

རི་རྒྱུད་ཀྱི་ནམ་ཟླ།

རི་རྒྱུད་གྱི་ནམ་ཟླ་ནི་འཕྲེད་ཐིག་དབུས་མ་ས་ཁུལ་གྱི་མཐོ་སྒང་ས་ཁུལ་དུ་ཡོད་པ་ནི། དཔེར་ན། མདོ་དབུས་མཐོ་སྒང་དང་ཨན་ཏི་སི་རི་རྒྱུད་སོགས་ཀྱི་ས་ཁུལ་ལྟ་བུ་ཡིན་ལ། དེ་རུ་མཚོ་འཕགས་ཅུང་མཐོ་བ་དང་ལོ་ཧྲིལ་བོར་དྲོད་ཚད་ཅུང་དམའ་བ་དེ་ཡིས། མཐོ་སྒང་རི་རྒྱུད་གྱི་ནམ་ཟླ་གྲུབ་པ་ཡིན་ཞིང་། ས་ངོས་ཀྱི་འབུར་གཤོང་ཤིན་ཏུ་ཆེ་བ་དང་རི་རྩེ་དང་གྲོག་རོང་ཕན་ཚུན་འབྲེལ་བའི་རི་རྒྱུད་དུ་བྱེ་བྲག་ས་ཁུལ་གྱི་ནམ་ཟླ་བྱུང་བ་ཡིན། ཡང་རི་རྒྱུད་གྱི་ནམ་ཟླའི་དྲོད་གྲང་ནི་མཚོ་འཕགས་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་ནི། དཔེར་ན་ཚ་རྒྱུད་མཐོ་སྒང་ལྟ་བུ་ཡིན་ལ། རི་འདབས་ནས་རི་རྩེར་ཚ་རྒྱུད་ནས་དྲོད་རྒྱུད་དང་། དྲོད་རྒྱུད་ནས་གྲང་རྒྱུད་གྱི་ནམ་ཟླ་དང་སྔོ་ཁེབས་ཀྱི་འགྱུར་ལྡོག་འབྱུང་བ་ཡིན། གཞན་དགུན་དུས་ལུང་གཞུང་དང་གཤོང་ས་རུ་མཁའ་དབུགས་གྲང་མོ་མར་འབབ་པ་ཡིན་ལ། དྲོད་ཚད་ལྡོག་མའི་སྣང་ཚུལ་འབྱུང་བ་ཡིན་ཞིང་། རི་རྒྱུད་ནམ་ཟླ་ས་ཁུལ་གྱི་རླངས་རྒྱུན་རི་བོ་དང་འཕྲད་པ་ན་མཐོ་རུ་སོང་སྟེ་སྤྲིན་ཏུ་གྲུབ་ནས་ཆར་དུ་འགྱུར་བ་ཡིན་པས། ཆར་ཆུ་འབབ་ཚད་རླངས་རྒྱུན་མཐོ་རུ་སོང་བ་དང་བསྟུན་ནས་ཇེ་མང་དུ་འགྲོ་བ་ཡིན་མོད། འོན་ཀྱང་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་པ་ན་སླར་ཡང་ཇེ་ཉུང་དུ་འགྲོ་བ་ཡིན་ལ། མཐོ་ཚད་དེ་ནི་ཆར་ཆུ་འབབ་ཚད་ཀྱི་མཐོ་ཚད་ཆེས་མཐོན་པོ་དེ་ཡིན།

རིགས་དབྱེ།  

རྒྱ་མཚོའི་ནམ་ཟླ།

རྒྱ་མཚོ་རང་བཞིན་གྱི་ནམ་ཟླ་ནི་རྒྱ་མཚོ་དང་ཐག་ཉེ་བའི་ས་ཁོངས་ཀྱི་ནམ་ཟླ་ལ་གོ་བ་ནི། དཔེར་ན། མཚོ་གླིང་ངམ་དེ་རུ་རྒྱུག་ཆེ་བའི་རླུང་དེ་རྒྱ་མཚོ་ཡི་སྐམ་ས་ཆེན་པོའི་ས་ཁུལ་ཁ་ཤས་ཀྱི་ནམ་ཟླ་ལས་ཐོན་པ་ཡིན་ཞིང་། དེ་ནི་རྒྱ་མཚོའི་ཆུའི་གཞི་ཁྱོན་ཆེན་པོའི་ཤུགས་རྐྱེན་འོག་གྲུབ་པའི་ནམ་ཟླ་ཡིན།

རིགས་དབྱེ།  

ས་དབུས་རྒྱ་མཚོའི་ནམ་ཟླ།

ས་དབུས་རྒྱ་མཚོའི་ནམ་ཟླ་ལ་དྲོད་མ་ཚ་རྒྱུད་ཀྱི་དབྱར་དུས་ཀྱི་ཐན་པའི་ནམ་ཟླ་ཡང་ཟེར་ཞིང་། ནུབ་རླུང་ཁུལ་དང་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གཉིས་ཕན་ཚུན་བརྗེ་སྤོར་དང་ཚོད་འཛིན་གྱིས་གྲུབ་པ་ཡིན་ལ། དེ་ནི་དྲོད་མ་ཚ་རྒྱུད་དང་དྲོད་རྒྱུད་གྱི་ནམ་ཟླའི་རིགས་ཤིག་ཡིན། དེ་ཡང་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་སུམ་བཅུ་ནས་བཞི་བཅུའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དུ་ཁྱབ་ཅིང་། ས་དབུས་རྒྱ་མཚོའི་ས་ཁུལ་དུ་དབྱར་དུས་སུ་དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཚོད་འཛིན་གྱིས། ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་དམའ་བས་གནོན་ཤུགས་མཐོན་པོ་གྲུབ་པ་དང་། དྲོད་མ་ཚ་རྒྱུད་ཀྱི་གནོན་ཤུགས་མཐོན་པོའི་ཁུལ་གྱི་ཤུགས་རྐྱེན་མཐོ་རུ་ཕྱིན་པ་ཡིན་ལ། དགུན་གྱི་དུས་སུ་ས་དབུས་རྒྱ་མཚོའི་ཆུའི་དྲོད་ཚད་ནི་སྐམ་ས་དང་བསྡུར་ན་ཅུང་མཐོན་པོ་ཡིན་པས། གནོན་ཤུགས་དམའ་མོ་གྲུབ་པ་དང་། ནུབ་རླུང་གཞིབ་པར་མ་ཟད། ནུབ་རླུང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པར་འགྱུར་བ་ཡིན།

རིགས་དབྱེ།