ཡོངས་འཛིན་རིག་མཛོད། >ས་ཁམས།

རིགས་དབྱེ།  

པོ་ལི་ཝེ་ཡ་མཐོ་སྒང་།

པོ་ལི་ཝེ་ཡ་མཐོ་སྒང་ནི་གླིང་ཆེན་མེ་གླིང་ལྷོ་མར་ཡོད། ཆ་སྙོམས་མཐོ་ཚད་སྨི3800དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི35ཡོད། དབུས་རྒྱུད་ནི་ལུང་ཁུག་ཡིན་ལ་དེར་ཞིང་ལས་དར་རྒྱས་ཆེ། གྲོང་ཁྱེར་ཆེ་བ་མང་བོའང་གནས་འདིར་འདུས་ཡོད། མཐོ་སྒང་བྱང་ཕྱོགས་ཀྱི་ས་ཞིང་གཤིན་པོ་ཡིན་པས་མི་འབོར་འདུས་སྡོད་ས་ཁུལ་ཏུ་གྱུར་ཡོད། ལྷོ་ཕྱོགས་ནི་སྐམ་ཤས་ཆེ་བའི་བྱེ་ཐང་ཡིན། ས་རྒྱུད་ཡིན་པའི་རྐྱེན་གྱིས་དུད་ཚང་ཉུང་བ་ཡིན། གཏེར་ཁ་སྔོག་འདོན་ཆེད་དུ་ཡོང་བ་ལས་གྲུབ་པའི་གྲོང་རྡལ་ཆུང་ཆུང་ཐར་ཐོར་དུ་ཁྱབ་པ་ཙམ་ལས་གྲོང་ཁྱེར་ཆེ་བ་མཐོང་རྒྱུ་མི་འདུག མཐོ་སྒང་གི་ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་མེ་གླིང་ལྷོ་མའི་ཆེས་ཆེ་བའི་མཚེའུ་ཡིན།

རིགས་དབྱེ།  

རྨ་ཆུ།

རྨ་ཆུ་ལ་གནའ་བོའི་ཀྲུང་གོའི་གཙང་བོ་ཞེས་འབོད། དེའི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད་ཡིན། མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག་རང་སྐྱོང་ལྗོངས། ཧྲའན་ཞི། ཧྲན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཁེང་ལི་རྫོང་ནས་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་ཀྱིན་ཡོད། སྤྱིའི་རིང་ཚད་ལ་སྟོང་སྨི5464ཡོད། ཀྲུང་གོའི་ཆུ་བོ་ཆེན་པོ་ཨང་གཉིས་པ་དང་འཛམ་གླིང་གི་ཆུ་བོ་རིང་བོ་ཨང་ལྔ་བ་ཡིན།

རིགས་དབྱེ།  

ཡོབ་གླིང་ཤར་མའི་བདེ་ཐང་།

ཡོབ་གླིང་ཤར་མའི་བདེ་ཐང་ནི་ཡོ་རོབ་གླིང་གི་ཤར་ཕྱོགས་སུ་ཡོད་ལ། དེ་ནི་འཛམ་གླིང་གི་བདེ་ཐང་ཆེ་བ་ཨང་གཉིས་པ་ཡིན། དེའི་ཁྱབ་ཁོངས་བྱང་ཕྱོགས་ཀྱི་བྱང་འཁྱགས་རོམ་རྒྱ་མཚོ་ནས་ལྷོའི་མཚོ་ནག་དང་མཚེའུ་ནང་མའི་བར་དུ་ཡོད། ཤར་གྱི་ཝུ་ལར་རི་རྒྱུད་ནས་ནུབ་ཀྱི་པོ་ལུའོ་ཏི་མཚོ་བར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི400ལྷག་ཡོད་པའི་རྒྱ་ཆེ་བའི་ས་ཁོངས་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ཧ་ལམ་སྨི170ཙམ་ཡིན། ཡོབ་གླིང་ཤར་མའི་བདེ་ཐང་གི་ས་ཁོངས་མང་ཆེ་བ་ཨུ་རུ་སུའི་མངའ་ཁོངས་ན་ཡོད། དེའི་རྐྱེན་གྱིས་ཨུ་རུ་སུའི་བདེ་ཐང་ཡང་ཟེར།

རིགས་དབྱེ།  

ཉི་ལུའོ་གཙང་བོ།

ཉི་ལུའོ་གཙང་བོ་ནི་ཨ་ཧྥེ་རི་ཁ་གླིང་གི་ཤར་རྒྱུད་དང་བྱང་རྒྱུད་དུ་འབབ་པའི་གཙང་བོ་ཞིག་ཡིན་ལ། ལྷོ་ནས་བྱང་ལ་བཞུར་ཏེ་མཐར་ས་དབུས་རྒྱ་མཚོར་འབབ་ཀྱིན་ཡོད། དེ་དང་ཨ་ཧྥེ་རི་ཁ་གླིང་གི་དབུས་ཁུལ་གྱི་ཁོན་ཀོ་གཙང་བོ་དང་ནུབ་ཁུལ་གྱི་ནི་ཀྲེར་གཙང་བོ་བཅས་གསུམ་ནི་ཨ་ཧྥེ་རི་ཁ་གླིང་གི་གཙང་བོའི་མ་ལག་ཆེན་པོ་གསུམ་རེད། ཉི་ལུའོ་གཙང་བོའི་རིང་ཚད་ལ་སྟོང་སྨི6670ཡོད་ལ་འཛམ་གླིང་སྟེང་ཆེས་རིང་བའི་གཙང་བོ་ཡིན། སྤྱི་ལོ2007ལོར། པར་ཙིར་རྒྱལ་ཁབ་ཀྱི་ཆེད་མཁས་པས་ཡ་མ་སུན་གཙང་བོ་ནི་འཛམ་གླིང་གི་གཙང་བོ་ཨང་དང་པོ་ཡིན་པར་བསྒྲགས་ནའང་འཛམ་གླིང་གི་ས་ཁམས་ཆེད་མཁས་ཚོས་ཐུན་མོང་གིས་ཁས་ལེན་བྱེད་མེད། ཉི་ལུའོ་གཙང་བོ་ལ་ཆུ་ལག་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཨེ་ཙེ་ཨོ་ཕི་ཡ་མཐོ་སྒང་གི་ཉི་ལུའོ་གཙང་བོ་སྔོན་པོ་ཡིན་པ་དང་དེ་ཉི་ལུའོ་གཙང་བོའི་སྨད་རྒྱུད་ཀྱི་ཆུ་དང་འཚོ་བཅུད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། གཞན་ཞིག་ནི་ཉི་ལུའོ་གཙང་བོ་དཀར་པོ་ཡིན་ལ། དེ་ནི་ཉི་ལུའོ་གཙང་བོའི་ཆེས་རིང་བའི་ཆུ་ལག་དང་ཉི་ལུའོ་གཙང་བོའི་ཉ་ཆེན་རྨིགས་པ་གནས་སའི་ཡུལ་ཡང་ཡིན།

རིགས་དབྱེ།  

ཡ་མ་སུན་བདེ་ཐང་།

ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། ཡ་མ་སུན་གཙང་བོའི་སྨད་དབུས་རྒྱུད་དུ་ཡོད། ཀུའེ་ཡ་ན་མཐོ་སྒང་དང་པར་ཙིལ་མཐོ་སྒང་གི་བར་ན་ཡོད། ནུབ་ཕྱོགས་ཨན་ཏི་སི་རི་རྒྱུད་དང་ཤར་ཕྱོགས་ནུབ་རྒྱ་མཚོ་ཆེན་མོ། པར་ཙིལ་རྒྱལ་ཁབ། ཕེ་རུ་རྒྱལ་ཁབ། ཁོ་ལོམ་པི་ཡ་རྒྱལ་ཁབ། པོ་ལི་ཝེ་ཡ་བཅས་རྒྱལ་ཁབ་བཞིའི་ས་ཁོངས་བརྒལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ560ཡོད(པར་ཙིལ་ས་ཁོངས་སུ་སྟོང་སྨི་གྲུ་བཞི་མ220ཡོད་པ་དེས་པར་ཙིལ་རྒྱལ་ཁབ་ཀྱི1/3ཟིན་ཡོད)འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་འདེད་གསོག་བདེ་ཐང་ཡིན། ཡ་མ་སུན་བདེ་ཐང་དུ་ཚ་ཁུལ་ཆར་ནགས་སྟུག་པོར་ཁྱབ་ཡོད་ལ། སྐྱེ་དངོས་ཀྱི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་སྲོག་ཆགས་ཀྱི་རིགས་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ལ་མང་ཤོས་སྡོང་བོའི་སྟེང་དུ་འཚོ་གནས་བྱས་པའི་སྲོག་ཆགས་ཡིན། གཏེར་ཁའི་རིགས་ལ་གཙོ་བོ་རྡོ་སྣུམ་ཡོད། མི་སྡེ་ཉུང་ཞིང་། སྤྱིའི་མི་གྲངས་ཁྲི1500ཡོད། དེའི་ནང་ཁྲི10ནགས་ཚལ་ཏུ་འཚོ་བ་རོལ་བའི་འབྱིན་ཏི་ཨན་པའི་མི་ཡིན། དུས་རབས20བའི་ལོ་རབས60ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་མི་གནས་སྤོ་བར་རྩ་འཛུགས་བྱས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ། རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཡ་མ་སུན་བདེ་ཐང་ས་ཁོངས་ཧྲིལ་བོར་བརྒལ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད།

རིགས་དབྱེ།  

འབྲི་ཆུ།

འབྲི་ཆུ་ལ་གནའ་མིའི་གཙང་བོ་དང་གཙང་བོ་ཆེན་པོ་ཞེས་འབོད་ལ། ཨེ་ཤ་ཡ་གླིང་གི་ཆུ་བོ་རིང་བོ་ཨང་དང་པོ་དང་འཛམ་གླིང་གི་ཆུ་བོ་ཨང་གསུམ་པ་ཡིན། དེ་ནི་འཛམ་གླིང་སྟེང་རྒྱལ་ཁབ་གཅིག་གི་མངས་ཁོངས་ཁོ་ན་ནས་བཞུར་བའི་གཙང་བོ་ཆེན་པོ་ཞིག་ཡིན་ལ་རིང་ཚད་ལ་སྟོང་སྨི6280ཡོད། འབྲི་ཆུའི་མགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་གདང་ལའི་རི་རྒྱུད་ཡིན་ལ། དེ་ཀྲུང་གོའི་ལྷོ་ནུབ། དབུས་རྒྱུད། ཤར་རྒྱུད་བཅས་བརྒྱུད་ཅིང་ཧྲང་ཧའེ་གྲོང་ཁྱེར་ནས་ཤར་རྒྱ་མཚོར་འབབ་པ་ཡིན། འབྲི་ཆུ་འབབ་རྒྱུད་ཀྱིས་ཀྲུང་གོའི་སྐམ་སའི་ལྔ་ཆའི་གཅིག་ཟིན་ཡོད་པ་དེས་གྲུང་གོའི་མི་གྲངས་ཀྱི་སུམ་ཆའི་གཅིག་གསོ་སྐྱོང་བྱེད་བཞིནཡོད། འབྲི་ཆུའི་དཔལ་ཡོན་དང་རྨ་ཆུའི་དཔལ་ཡོན་གཉིས་ནི་མཉམ་དུ་ཀྲུང་གོའི་ལོ་རྒྱུས། དཔལ་ཡོན། དཔལ་འབྱོར་བཅས་ཀྱི་མགོ་ཁུངས་གཙོ་བོ་གཉིས་ཡིན། དར་རྒྱས་ཆེ་བའི་འབྲི་ཆུའི་ཟུར་གསུམ་གླིང་གི་དཔལ་འབྱོར་གྱིས་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི20%ཟིན་ཡོད། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་སྣ་མང་ཡིན་ཞིང་ཆུ་སྐྱེས་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་ཏེ་ཉེན་ཁར་བཅར་བའི(རྩ་མེད་དུ་འགྲོ་ལ་ཉེ་བ)སྲོག་ཆགས་མང་བོ་ཡོད་དེ། དཔེར་ན། འབྲི་ཆུའི་ཉ་ཆེན་རྨིགས་པ་སོགས་བབ་སྡོད་བྱེད་སའི་གནས་མཆོག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་མི་རྣམས་ཀྱིས་ཆུ་ལེན་པ་དང་ཞིང་ཆུ་འདྲེན་པ། བཙོག་སེལ། འགྲིམ་འགྲུལ། བཟོ་ལས་འཕེལ་རྒྱས། རྒྱལ་མཚམས་དང་དམག་དོན་སོགས་ཀྱི་ཐད་ལ་བཀོལ་སྤྱོད་བྱས། འབྲི་ཆུའི་འགག་གསུམ་བཟོ་སྐྲུན་ནི་འཛམ་གླིང་ལ་མིང་དུ་གྲགས་པའི་ཆུ་བེད་བཟོ་སྐྲུན་ཆེན་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། འབྲི་ཆུ་ལ་བཟོ་ལས་ཀྱིས་བཙོག་སྐྱོན་བཟོས་པ་དང་། ཞིང་ལས་བཞུར་རྒྱུག བྱེ་འདམ་ཆགས་པ། བཞའ་ཚན་ས་ཁུལ་དང་མཚེའུ་ཇེ་ཉུང་དུ་སོང་བ་སོགས་ཀྱིས་དུས་ཚིགས་རང་བཞིན་གྱི་ཆུ་ལོག་གནོད་འཚེའ་ཚབས་ཆེན་འབྱུང་བཞིན་ཡོད།

རིགས་དབྱེ།  

ཀྲེ་ཅང་ཞིང་ཆེན།

ཀྲེ་ཅང་ཞིང་ཆེན་ནི་ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་གྱི་འབྲི་ཆུ་སན་ཅོ་ཀྲོའུ་ལྷོ་ཕྱོགས་སུ་ཡོད་པ་དང་། ཤར་ཕྱོགས་ནས་ཏུང་ཧའེ་དང་སྦྲེལ་ཞིང་། ལྷོ་ཕྱོགས་ནས་ཧྥུ་ཅན་དང་སྦྲེལ་ཡོད་ལ། ནུབ་ཕྱོགས་ནས་ཅང་ཞི་དང་ཨན་ཧུའེ་དང་སྦྲེལ་ཡོད། ཡང་བྱང་ནས་ཧྲང་ཧའེ་དང་ཅང་སུའུ་གཉིས་ལ་སྦྲེལ་ཡོད། དེ་ཡང་ཀྲེ་ཅང་ཞིང་ཆེན་གྱི་གཙང་བོ་ཆེས་ཆེན་པོ་ནི་ཆན་ཐང་ཅང་གཙང་བོ་ཡིན་ལ། གཙང་བོ་དེ་ཧ་ཅང་ཀྱག་ཀྱོག་ཡིན་པའི་རྐྱེན་གྱིས་ཅང་ཟེར་བ་ཡིན་ཞིང་། ཀྲེ་ཅང་ཡང་ཟེར། དེའི་ཞིང་ཆེན་གྱི་མིང་ནི་གཙང་བོ་ལས་ཐོགས་པ་དང་། མིང་བསྡུས་ན་ཀྲེ་ཞེས་འབོད་པ་ཡིན། གཞན་ཀྲེ་ཅང་ཞིང་ཆེན་གྱི་ཤར་ནུབ་དང་ལྷོ་བྱང་གི་དྲང་ཐིག་གི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་དང་ལྔ་བཅུའི་ཡས་མས་ཡིན་ལ། རྒྱལ་ཡོངས་ཀྱི་ས་ཞིང་བརྟག་དཔྱད་ཀྱི་འབྲས་བུ་ལྟར་ན། ཀྲེ་ཅང་ཞིང་ཆེན་གྱི་སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ155000 ཡིན་ཞིང་། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི1.1%ཟིན་པ་དང་། ཀྲུང་གོའི་གཞི་ཁྱོན་ཆེས་ཆུང་བའི་ཞིང་ཆེན་གྲས་ཀྱི་གཅིག་ཡིན། ཀྲེ་ཅང་ཞིང་ཆེན་དུ་ཧང་ཀྲོའུ་དང་ཉིང་པོ། ཝུན་ཀྲོའུ། ཧྲའོ་ཞིན། ཧུའུ་ཀྲོའུ། ཅིན་ཧྭ། ཆུས་ཀྲོའུ། ཀྲོའུ་ཧྲན། ཐའེ་ཀྲོའུ། ལི་ཧྲུའེ་སོགས་ཐད་གཏོགས་གྲོང་ཁྱེར་བཅུ་གཅིག་ཡོད་པ་དང་། དེའི་ཁྲོད་ཀྱི་ཧང་ཀྲོའུ་དང་ཉིང་པོ་གཉིས་ནི་ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ་ཡིན་ལ། དེའི་མངའ་འོག་ཏུ་རྫོང་རིམ་པའི་སྲིད་འཛིན་ས་ཁུལ90 ཡོད་ཅིང་། དེའི་ནང་དུ་ཐད་གཏོགས་གྲོང་ཁྱེར34 དང་རྫོང་རིམ་པའི་གྲོང21 རྫོང34 རང་སྐྱོང་རྫོང1 བཅས་འདུ་བ་ཡིན།

རིགས་དབྱེ།  

ཡ་མ་སུན་གཙང་བོ།

ཡ་མ་སུན་གཙང་བོ་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། དེ་འཛམ་གླིང་སྟེང་བཞུར་ཚད་དང་འབབ་རྒྱུད་ཆེས་ཆེ་བ་དང་། ཆུ་ལག་ཆེས་མང་བའི་གཙང་བོ་ཞིག་ཡིན། གཙང་བོའི་རིང་ཚད་ཚད་འཇལ་ཐད་ལ་གཏན་ཁེལ་བའི་བཤད་ཚུལ་བྱུང་མེད་ལ་དེ་ལས་རྒྱུན་མཐོང་གི་བཤད་ཚུལ་གཅིག་ལ་རིང་ཚད་སྟོང་སྨི6400ཡིན་པར་འདོད། འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས། ཡ་མ་སུན་གཙང་བོའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི21.9ཡིན་ལ། དེ་འཛམ་གླིང་གི་ཆུ་བོ་ཆེན་པོ་གསུམ་སྟེ། ཉི་ལུའོ་གཙང་བོ། (ཨ་ཧྥེ་རི་ཁ་གླིང) འབྲི་ཆུ (ཀྲུང་གོ)སྨི་ཞི་ཞི་པི་གཙང་བོ (ཨ་མེ་རི་ཁ)གསུམ་གྱི་སྤྱིའི་བཞུར་ཚད་ལས་ད་དུང་ལྡབ་འགའི་ཆེ་བ་ཡོད། ཕལ་ཆེར་འབྲི་ཆུ་བདུན་གྱི་བཞུར་ཚད་དང་འདྲ་ཞིང་འཛམ་གླིང་ཆུ་བོའི་སྤྱིའི་བཞུར་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་པ། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི691.5ཡོད་པ་དེས་མེ་གླིང་ལྷོ་མའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། ཆུ་ལག་ཁྲི1.5ཡན་ཡོད་པ་དེ་མེ་གླིང་ལྷོ་མའི་ས་གཞི་ཀུན་ཏུ་ཁྱབ་ཅིང་འབབ་རྒྱུད་གྱི་རྒྱ་ཁྱོན་ཨོ་སི་ཁྲི་ལི་ཡ་ཧྲིལ་བོ་དང་མཚུངས། ཆུ་ལག་ཁྲོད་རིང་ཚད་སྟོང་སྨི1600ཡན་གྱི་ཆུ་བོ་བདུན་ཙམ་ཡོད་ལ་དེ་ལས་ཆེས་རིང་བ་མ་ཏའེ་ལ་གཙང་བོ་ཡིན་ལ་དེའི་རིང་ཚད་ལ་སྟོང་སྨི3200ཡོད། ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ཚ་ཁུལ་ཆར་ནགས་མང་ཆེ་བ་པར་ཙིལ་མངའ་ཁོངས་སུ་ཡོད། རྒྱ་ཁྱོན་ཕལ་ཆེར་ཧིན་རྡུའི་ལྡབ་གཉིས་ཡིན་ལ་མཚོ་འཕགས་སྨི200ཡན་བརྒལ་མེད། ཡ་མ་སུན་གཙང་བོའི་ས་དབྱིབས་བདེ་ཞིང་ནུབ་རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་འཕེལ་འགྲིབ་ཀྱིས་ཤུགས་རྐྱེན་ཐེབས་པའི་ཆུ་མཚམས་སྟོང་སྨི966ཡོད།

རིགས་དབྱེ།  

ཅང་ཞི་ཞིང་ཆེན།

ཅང་ཞི་ཞིང་ཆེན་ནི་ཀྲོང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་ཡིན་པ་དང་། མིང་བསྡུས་ན་ཀན་ཞེས་འབོད་པ་ཡིན་ལ། མིང་གཞན་ལ་ཀན་ཕོ་ས་གཞི་ཟེར་ཞིང་། དེ་ནི་ཅང་ནན་གྱི་ཉ་འབྲས་ཀྱི་ཕ་སའང་ཡིན། ཅང་ཞི་ཞིང་ཆེན་ནི་བྱང་གི་འཕྲེད་ཐིག24°29′14″—30°04′41″དང་ཤར་གྱི་གཞུང་ཐིག113°34′36″—118°28′58″ཀྱི་བར་དུ་གནས་པ་ཡིན་ཞིང་། ཤར་ཕྱོགས་སུ་ཀྲེ་ཅང་དང་ཧྥུ་ཅན་ཞིང་ཆེན་གཉིས་དང་སྦྲེལ་ཡོད་ལ། ལྷོ་ཕྱོགས་སུ་ཧུའུ་ནན་ཞིང་ཆེན་དང་སྦྲེལ་ཡོད། ཡང་བྱང་ཕྱོགས་སུ་ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་དང་སྦྲེལ་ཡོད། གཞན་ཅང་ཞི་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ166900 ཡོད་ཅིང་། ས་ཁུལ་རིམ་པའི་གྲོང་ཁྱེར11དང་རྫོང100ཡོད་ལ། ཞིང་ཆེན་གྱི་ལྟེ་གནས་ནི་ནན་ཁྲང་གྲོང་ཁྱེར་ཡིན་པ་དང་ཧྭ་ཤར་ས་ཁུལ་གྱི་ཁོངས་སུ་གཏོགས།

རིགས་དབྱེ།  

ཅང་སུའུ་ཞིང་ཆེན།

ཅང་སུའུ་ཡི་མིང་བསྡུས་ན་སུའུ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ནན་ཅིང་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་རྒྱུད་མཚོ་འགྲམ་གྱི་ལྟེ་བར་ཡོད་ཅིང་། ཤར་གྱི་གཞུང་ཐིག116°18′—121°57′དང་བྱང་གི་འཕྲེད་ཐིག30°45′—35°20′བར་དུ་ཡོད། ཅང་སུའུ་ཞིང་ཆེན་གྱི་སྐམ་སའི་མཐའ་མཚམས་ལ་སྤྱི་ལེ3300 ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ126000 ཡོད་ལ། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི1.06%ཟིན་ཞིང་། མི་གྲངས་ཆ་སྙོམས་ཀྱི་རྒྱལ་ཁོངས་གཞི་ཁྱོན་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་ཆེས་ཉུང་བ་དེ་ཡིན། ཡང་ཅང་སུའུ་ཞིང་ཆེན་གྱི་ས་བབ་ནི་གཙོ་བོ་བདེ་ཐང་ཡིན་པ་དང་། བདེ་ཐང་གི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ70000 ཡོད་ཅིང་། ཅང་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི70% ཡན་ལ་སོན་ཡོད་ལ། སྡུར་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན། གཞན་སྤྱི་ལོ2014ལོར་བསྡོམས་རྩིས་བྱས་པ་ལྟར་ན། ཅང་སུའུ་ཞིང་ཆེན་གྱི་རྒྱུན་སྡོད་མི་གྲངས་ནི79606000 ཡིན་ལ། རྒྱལ་ཡོངས་ཀྱི་ཨང་ལྔ་བ་ཡིན།

རིགས་དབྱེ།  

སི་ཁྲོན་ཞིང་ཆེན།

སི་ཁྲོན་ཞིང་ཆེན་གྱི་མིང་བསྡུས་ན་ཁྲོན་དང་ཧྲུའུ་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཁྲེང་ཏུའུ་ཡིན་ལ། ཀྲུང་གོའི་སྐམ་ས་ཆེན་པོའི་ལྷོ་ནུབ་ཏུ་ཡོད་ཅིང་། ས་གཤིན་ཐོན་ལེགས་ཀྱི་ཞིང་ཁམས་ཞེས་པའི་གྲགས་པ་རྒྱས་ཡོད་པ་ནི། ཀྲུང་གོའི་ནུབ་རྒྱུད་ཀྱི་སྒོ་མོ་ལྟ་བུ་ཡིན་པ་དང་དོམ་གྱི་ཕ་ས་ཡིན་པའི་རྐྱེན་གྱིས་ཡིན། དེ་ཡང་སི་ཁྲོན་ཞིང་ཆེན་ནི་དེང་གི་ཁྲུང་ཆིང་དང་ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཧྲའན་ཞི(陕西)བཅས་ལ་འབྲེལ་ཡོད། ཡང་ཤར་རྒྱུད་ནི་ཁྲོན་ཏུང་ཞེང་ལིང་གྲོག་རོང་དང་ཁྲོན་ཀྲུང་དེའུ་འབུར་གཉིས་ཡིན་པ་དང་། དབུས་རྒྱུད་ནི་ཁྲེང་ཏུའུ་བདེ་ཐང་ཡིན་ལ། ནུབ་རྒྱུད་ནི་ཁྲོན་ཞི་མཐོ་སྒང་ཡིན། གཞན་སི་ཁྲོན་ཞིང་ཆེན་ལ་ས་ཁུལ་རིམ་པའི་གྲོང་ཁྱེར17དང་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ3ཡོད། སི་ཁྲོན་ཞིང་ཆེན་ནི་ཀྲུང་གོའི་དཔལ་འབྱོར་དང་བཟོ་ལས། ཞིང་ལས། དམག་དོན། ཡུལ་སྐོར་ལྗོངས་རྒྱུ། རིག་གནས་བཅས་གཙོ་བོར་བྱས་པའི་ཞིང་ཆེན་ཞིག་ཡིན་ལ། ཞིང་ཆེན་གྱི་ལྟེ་གནས་ཁྲེང་ཏུའུ་ནི་དམག་ཁུལ7གྱི་ཡ་གྱལ་ལམ་ཁྲེང་ཏུའུ་དམག་ཁུལ་ཡོད་ས་ཡིན།

རིགས་དབྱེ།  

ཐའེ་ཝན་ཞིང་ཆེན།

ཐའེ་ཝན་ཞིང་ཆེན་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་ལྷོའི་མཚོ་འགྲམ་དུ་ཡོད་ཅིང་། ཤར་ཕྱོགས་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐག་ཉེ་བ་དང་། བྱང་ཤར་ཀྱི་ཕྱོགས་ནས་ལིའུ་ཆིའུ་གླིང་ཚོམ་དང་ཐག་ཉེ་བ་ཡིན། ཡང་ལྷོ་ཕྱོགས་སུ་པ་ཧྲི་མཚོ་འགག་དང་ཧྥི་ལི་ཕིན་གླིང་ཚོམ་གཉིས་དང་ཁ་གཏད་དུ་ཡོད་ལ། ནུབ་ཕྱོགས་སུ་ཐའེ་ཝན་མཚོ་འགག་དང་ཧྥུ་ཅན་ཞིང་ཆེན་གཉིས་ལ་འབྲེལ་ནས་ཡོད། དེ་ཡང་ཐའེ་ཝན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་36000 ཡོད་དེ། ཐའེ་ཝན་གླིང་ཕྲན་དང་ལན་ཡུས། ལིའུ་ཏའོ། ཏིའོ་ཡུས་ཏའོ་སོགས་གླིང་ཕྲན་མང་བོ་འདུ་བ་ཡིན་ཞིང་། ཐའེ་ཝན་ཞིང་ཆེན་གྱི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་35798 ཡོད་པ་དང་། རྒྱལ་ཡོངས་ཀྱི་གླིང་ཕྲན་ཆེས་ཆེ་བ་དེ་ཡིན། ཐའེ་ཝན་ཞིང་ཆེན་ནི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ནམ་ཟླའི་བར་མཚམས་ཀྱི་སར་གནས་པས། རང་བྱུང་གི་ལྗོངས་རྣམ་དང་སྐྱེ་ཁམས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ལ། མི་གྲངས23000000 ཡིན། ཡང་ས་དེའི་གཞིས་ཆགས་མི་རིགས་གམ་ཀའོ་ཧྲན་མི་རིགས་ནི་དུས་རབས17 པར་རྒྱ་རིགས་ས་དེར་གནས་མ་སྤར་བའི་ཡར་སྔོན་ནས་གནས་དེར་འཚོ་སྡོད་བྱས་པ་ཡིན་མོད། མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱ་རབས་ཀྱི་དུས་འགོར། ཧྥུ་ཅན་ལྷོ་ཕྱོགས་དང་ཀོང་ཏུང་ཤར་ཕྱོགས་ཀྱི་མི་རྣམས་དེར་གནས་སྤར་རྗེས། རྒྱ་རིགས་གཙོ་བོར་བྱས་པའི་སྤྱི་ཚོགས་ཤིག་གྲུབ་པ་རེད།

རིགས་དབྱེ།  

ཧའེ་ནན་ཞིང་ཆེན།

ཧའེ་ནན་ཞིང་ཆེན་གྱི་མིང་བསྡུས་ན་ཆུང་ཞེས་འབོད་པ་དང་། མིང་གཞན་ལ་ཆུང་ཀྲོའུ་ཟེར་བ་ཡིན་ལ། ཀྲུང་གོའི་ལྷོ་ཕྱོགས་སུ་ཡོད་པ་ཡིན། དེ་ཧའེ་ནན་ཞིང་ཆེན་ནི་ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཡིན་ཞིང་། ཧའེ་ནན་གྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཆེས་ཆེན་པོའམ་གཅིག་པུ་དེ་ཡིན།ཡང་ཧའེ་ནན་གླིང་ཕྲན་ནི་ཀྲུང་གོའི་གླིང་ཕྲན་གཉིས་པར་བགྲངས་པ་ཡིན། ཧའེ་ནན་ཞིང་ཆེན་གྱི་བྱང་ཕྱོགས་ནི་ཆུང་ཀྲོའུ་མཚོ་འགག་དང་ཀོང་ཏུང་ཞིང་ཆེན་གཉིས་ལ་ཐུག་ཡོད་ཅིང་། ནུབ་ཕྱོགས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཡུའེ་ནན་གཉིས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་ནན་ཧའེ་དང་ཐའེ་ཝན་གཉིས་དང་ཁ་གཏད་དུ་ཡོད་ལ། ཤར་ལྷོའམ་ལྷོ་ཕྱོགས་སུ་ནན་ཧའེ་ཀྲུང་དང་ཧྥི་ལེ་ཕིན། ཝུན་ལའེ། མ་ལའེ་ཞི་ཡ་བཅས་དང་ཐག་ཉེ་བ་ཡིན། སྤྱི་ལོ1988ལོའི་ཟླ4བར།ཧའེ་ནན་ཞིང་ཆེན་དུ་ཧའེ་ནན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་པ་ཡིན་ལ།ཧའེ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་ནི་ཧའེ་ནན་གླིང་ཕྲན་དང་ཞི་ཧྲ་གླིང་ཚོམ། ནན་ཧྲ་གླིང་ཚོམ། ཀྲུང་ཧྲ་གླིང་ཚོམ་བཅས་ཀྱི་གླིང་ཕྲན་གྱི་ཆུ་འོག་བྲག་རྡོ་དང་རྒྱ་མཚོ་སོགས་ཡིན།

རིགས་དབྱེ།  

ནང་སོག་རང་སྐྱོང་ལྗོངས།

ནང་སོག་རང་སྐྱོང་ལྗོངས་ཀྱི་བསྡུས་མིང་ལ“ནང་སོག”ཟེར་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན། སྲིད་གཞུང་གནས་ཡུལ་ནི་ཧུའུ་ཧོ་ཧའོ་ཐུ་ཡིན། དེ་ནི་ཀྲུང་གོའི་བྱང་རྒྱུད་དུ་གནས་ཡོད་པ་དང་། ས་ཁམས་གནས་ཚད་ནི་བྱང་གི་འཕྲད་ཐིག37°24′-53°23′དང་། ཤར་གྱི་གཞུང་ཐིག97°12′-126°04′བར་དུ་གནས་ཡོད་པ་ཡིན། བྱང་ཤར་ས་ཁུལ་ནི་ཧེ་ལུང་ཅང་དང་། ཅི་ལིན། ལིའོ་ཉིན། ཧོ་པེ་བཅས་དང་འབྲེལ་ཡོད་པ་དང་། ལྷོ་རྒྱུད་ནི་ཧྲན་ཞི་དང་། ཧྲའན་ཞི། ཉིང་ཞ་བཅས་དང་འབྲེལ་ཡོད། ནུབ་ལྷོ་ནི་ཀན་སུའུ་དང་འབྲེལ་ཡོད་པ་དང་། བྱང་ཕྱོགས་ནི་ཨུ་རུ་སུ་དང་ཕྱི་སོག་ལ་འབྲེལ་ཡོད་པ་རེད། ནང་སོག་རང་སྐྱོང་ལྗོངས་ནི་ས་ཁམས་ས་ཁོངས་ཆེན་པོ་བཞི་རུ་བགོས་པའི་ནུབ་བྱང་ས་ཁུལ་དུ་གཏོགས་པ་ཡིན། སྤྱི་ལོ2019ལོའི་ལོ་མཇུག་བར་ནང་སོག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི118.3ཡོད་པ་དང་། དེའི་ཁོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར9དང་མེང3 གྲོང་ཁྱེར་ཁོངས་གཏོགས་ཆུས23 རྫོང་རིམ་པའི་གྲོང་ཁྱེར11 རྫོང17 ཆི49 རང་སྐྱོང་ཆི3བཅས་ཡོད། རྒྱུན་སྡོད་མི་གྲངས་ཁྲི2539.6ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར17212.5ཡོད།

རིགས་དབྱེ།  

བོད་རང་སྐྱོང་ལྗོངས།

བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མདོ་དབུས་མཐོ་སྒང་གི་ལྷོ་ནུབ་རྒྱུད་དུ་ཡོད་པ་དང་། བྱང་གི་འཕྲེད་ཐིག 26°50′—36°53′དང་ཤར་གྱི་གཞུང་ཐིག78°25′—99°06′གི་བར་དུ་གནས་ཤིང་། བྱང་ཕྱོགས་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་སི་ཁྲོན་ཞིང་ཆེན་དང་འབྲེལ་ནས་ཡོད། ཡང་བྱང་ཤར་ནི་མཚོ་སྔོན་ཞིང་ཆེན་ལ་ཐུག་ཡོད་པ་དང་། ལྷོ་ཤར་ནི་ཡུན་ནན་ཞིང་ཆེན་དང་འབྲེལ་ནས་ཡོད་ཅིང་། ལྷོ་ཕྱོགས་སུ་འབར་མ་དང་རྒྱ་གར། འབྲུག་ཡུལ བལ་བོ་སོགས་རྒྱལ་ཁབ་དག་དང་ཐག་ཉེ་བ་ཡིན་ལ། ནུབ་ཕྱོགས་ནི་ཁ་ཆེ་དང་འབྲེལ་ནས་ཡོད་དེ། ལྷོ་བྱང་གི་ཞེང་ལ་སྤྱི་ལེ900དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ2000ཡོད་པ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ122200 ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/8 ཟིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ནང་ནས་ཨང་གཉིས་པར་བགྲངས་པ་ཡིན། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི4000ཡན་ལ་སོན་པས། འཛམ་གླིང་གི་ཡང་རྩེ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཡོད། ཡང་སྤྱི་ལོ2012ལོའི་ལོ་མཇུག་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ནི3080000ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར4དང་། ས་ཁུལ3 གྲོང་ཁྱེར་ཐད་སྐྱོང་ས་ཁུལ3 རྫོང72 བཅས་ཡོད། བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མདོ་དབུས་མཐོ་སྒང་གི་ལྷོ་ནུབ་རྒྱུད་དུ་ཡོད་པ་དང་། བྱང་གི་འཕྲེད་ཐིག 26°50′—36°53′དང་ཤར་གྱི་གཞུང་ཐིག78°25′—99°06′གི་བར་དུ་གནས་ཤིང་། བྱང་ཕྱོགས་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་སི་ཁྲོན་ཞིང་ཆེན་དང་འབྲེལ་ནས་ཡོད། ཡང་བྱང་ཤར་ནི་མཚོ་སྔོན་ཞིང་ཆེན་ལ་ཐུག་ཡོད་པ་དང་། ལྷོ་ཤར་ནི་ཡུན་ནན་ཞིང་ཆེན་དང་འབྲེལ་ནས་ཡོད་ཅིང་། ལྷོ་ཕྱོགས་སུ་འབར་མ་དང་རྒྱ་གར། འབྲུག་ཡུལ བལ་བོ་སོགས་རྒྱལ་ཁབ་དག་དང་ཐག་ཉེ་བ་ཡིན་ལ། ནུབ་ཕྱོགས་ནི་ཁ་ཆེ་དང་འབྲེལ་ནས་ཡོད་དེ། ལྷོ་བྱང་གི་ཞེང་ལ་སྤྱི་ལེ900དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ2000ཡོད་པ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ122200 ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/8 ཟིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ནང་ནས་ཨང་གཉིས་པར་བགྲངས་པ་ཡིན། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི4000ཡན་ལ་སོན་པས། འཛམ་གླིང་གི་ཡང་རྩེ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཡོད། ཡང་སྤྱི་ལོ2012ལོའི་ལོ་མཇུག་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ནི3080000ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར4དང་། ས་ཁུལ3 གྲོང་ཁྱེར་ཐད་སྐྱོང་ས་ཁུལ3 རྫོང72 བཅས་ཡོད།

རིགས་དབྱེ།  

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ།

ཞང་ཀང་གི་མིང་ཧྲིལ་བོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམིགས་བསལ་སྲིད་འཛིན་ས་ཁུལ་ཞེས་པ་དེ་ཡིན་ལ། ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་ཕྱེད་གླིང་། ཞིན་ཅེ་བཅས་ཀྱིས་གྲུབ་པ་ཡིན་ཞིང་། དེ་ནི་ཀྲུང་གོའི་ཧྭ་ལྷོ་ས་ཁུལ་དང་ཀྲུའུ་ཅང་གཙང་བོའི་ཤར་ངོགས་སུ་ཡོད་དེ། བྱང་ཕྱོགས་ནི་ཧྲིན་ཀྲེན་ཧོ་དང་ཀོང་ཏུང་ཧྲིན་ཀྲེན་ལ་འབྲེལ་ནས་ཡོད། ཡང་ནུབ་ཕྱོགས་སུ་ཨའོ་མོན་གྱི་བར་དུ་རྒྱ་མཚོས་བཅད་ནས་ཁ་གཏད་དུ་ཡོད་པ་དང་། ལྷོ་ཕྱོགས་ནི་ཀྲུང་གོ་ཧའེ་ལྷོ་མ་ལ་ཐུག་ཡོད། ཞང་ཀང་ནི་དར་རྒྱས་ཧ་ཅང་ཆེ་བའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ལ། གོ་ལ་ཧྲིལ་བོའི་དངུལ་རྩའི་ལྟེ་གནས་ནི་ཉིའུ་ཡུའེ་ཨང་དང་པོ་དང་ལོན་ཏོན་གཉིས་པ། ཞང་ཀང་གསུམ་པར་བགྲངས་པ་ཡིན་པས། དེ་གསུམ་པོའི་སྤྱི་མིང་ལ་ཉིའུ་ལོན་ཀང་ཞེས་འབོད་པ་ཡིན། ཡང་ཞང་ཀང་ནི་ཡ་གླིང་གི་དངུལ་རྩ་དང་ཞབས་ཞུ། མཁའ་འགྲུལ་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ཧུའུ་ནན་ཞིང་ཆེན།

ཧུའུ་ནན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བ་ནི་ཏུང་ཐིང་ཧུའུ་ཡི་ལྷོ་ཕྱོགས་སུ་ཡོད་པས། ཞིང་ཆེན་དེ་ཡི་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པ་ཡིན་ལ། གཙང་བོ་ཆེན་པོ་ཞང་ཅང་དེ་རུ་འཕྲེད་ཀྱིས་བཅད་ནས་བཞུར་གྱིན་ཡོད་པས། མིང་བསྡུས་ན་ཞང་ཞེས་འབོད་པ་ཡིན། གནའ་ནས་བཟུང་ཤིང་པདྨ་མང་བོ་སྐྱེ་བའི་རྐྱེན་གྱིས་ཤིང་པདྨའི་རྒྱལ་ཁམས་སུ་གྲགས་པ་ཡིན། ཧུའུ་ནན་ཞིང་ཆེན་ནི་ཅང་ནན་དུ་ཡོད་པ་དང་། ཀྲུང་གོའི་ཤར་ལྷོའི་དཀྱིལ་དབུས་སུ་ཡོད་ཅིང་། འབྲི་ཆུའི་དབུས་རྒྱུད་ས་ཁུལ་དུ་གཏོགས་པ་ཡིན་ལ། ཤར་ཕྱོགས་སུ་ཅང་ཞི་དང་ཐག་ཉེ་བ་དང་། ནུབ་ཕྱོགས་སུ་ཁྲུང་ཆིང་དང་ཀུའེ་ཀྲོའུ་གཉིས་ལ་འབྲེལ་ཡོད། ལྷོ་ཕྱོགས་སུ་ཀུང་ཏུང་དང་ཀུང་ཞི་གཉིས་ལ་ཐུག་ཡོད། བྱང་ཕྱོགས་སུ་ཧུའུ་པེ་དང་འབྲེལ་ཡོད། དེ་ཡང་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ210000.18ཡོད་དེ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི2.2%ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ལས་ཨང10བར་བགྲངས་པ་ཡིན། གཞན་ཞིང་ཆེན་དེའི་མངའ་འོག་ཏུ་ས་ཁུལ་རིམ་པའི་གྲོང་ཁྱེར11 དང་། རྫོང22 ཡོད།

རིགས་དབྱེ།  

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།

ཞིན་ཅང་གི་མིང་ཧྲིལ་བོ་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཞེས་པ་དེ་ཡིན་པ་དང་། མིང་བསྡུས་ན་ཞིན་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་ནུབ་བྱང་གི་མཐའ་མཚམས་སུ་ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1660000 ཡོད་དེ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/6 ཟིན་ཡོད་པར་མ་ཟད། ཀྲུང་གོའི་སྐམ་སའི་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་དེ་ཡིན། དེ་ཡང་ཞིན་ཅང་ནི་ཡ་ཨོ་སྐམ་ས་ཆེན་པོར་གནས་པ་དང་། སྐམ་སའི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ5600ལྷག་ཡོད་པ་ཡིན་ཞིང་། མཐའ་འཁོར་ནི་ཨུ་རུ་སུ་དང་ཧ་ས་ཁོ་སི་ཐན། ཅི་ཨེར་ཅི་སི་ཐན། ཕ་ཁི་སི་ཐན། མོང་གོལ། རྒྱ་གར། ཨ་ཧྥུ་ཧན་བཅས་རྒྱལ་ཁབ་བརྒྱད་དང་འབྲེལ་ནས་ཡོད་ལ། ལོ་རྒྱུས་ཐོག་ཏུ་གནའ་བོའི་ཟ་འོག་དར་ལམ་གྱི་རྒྱུ་ལམ་གཙོ་བོ་ཡིན། དེང་སྐབས་ནི་ཡ་ཨོ་སྐམ་ས་ཆེན་པོའི་ཟམ་ཆེན་གཉིས་པའི་བརྒྱུད་ལམ་གཙོ་བོ་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་མི་རིགས47 ཡོད་དེ། གཙོ་བོ་ཡུ་གུར་རིགས་དང་ཧ་སག་རིགས། ཧུའེ་རིགས། ཁོར་ཁེ་ཙི་རིགས། ཞི་པོ་རིགས། ཐ་ཅི་ཁེ་རིགས། ཨུ་རུ་སུ་རིགས་ཡིན་ལ། ཀྲུང་གོའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ལྔའི་གྲས་ཀྱི་གཅིག་ཡིན།

རིགས་དབྱེ།  

ཧུའུ་པེ་ཞིང་ཆེན།

ཧུའུ་པེ་ཞིང་ཆེན་གྱི་མིང་བསྡུས་ན་ཨེ་ཞེས་འབོད་པ་ཡིན་ལ། ཞིང་ཆེན་གྱི་ལྟེ་གནས་ནི་ཝུའུ་ཧན་གྲོང་ཁྱེར་ཡིན་ཞིང་།དེ་ནི་ཀྲུང་གོའི་དབུས་རྒྱུད་ཀྱི་ལྷོ་ཕྱོགས་དང་འབྲི་ཆུའི་དབུས་རྒྱུད་དུ་ཡོད་པ་ཡིན་ཏེ།བྱང་གི་འཕྲེད་ཐིག29°05′-33°20′དང་ཤར་གྱི་གཞུང་ཐིག108°21′-116°07′གྱི་བར་དུ་གནས་པ་ཡིན། དེ་ཡང་ཤར་ཕྱོགས་སུ་ཨན་ཧུའེ་དང་འབྲེལ་ཡོད་པ་དང་། ཤར་ལྷོའི་ཕྱོགས་ནི་ཅང་ཞི་དང་ཧུའུ་ནན་ཞིང་ཆེན་གཉིས་ལ་ཐག་ཉེ་བ་ཡིན། ཡང་ནུབ་ཕྱོགས་སུ་ཁྲུང་ཆིང་དང་འབྲེལ་ཡོད་པ་དང་། ནུབ་བྱང་གི་ཕྱོགས་ནི་ཧྲའན་ཞི(陕西)དང་ཐག་ཉེ་བ་ཡིན་ལ། བྱང་ཕྱོགས་སུ་ཧོ་ནན་ཞིང་ཆེན་དང་འབྲེལ་ཡོད། གཞན་ཧུའུ་པེ་ཞིང་ཆེན་གྱི་ཤར་དང་ནུབ། བྱང་ཕྱོགས་བཅས་སུ་རི་བོའི་མུ་ཁྱུད་ཀྱིས་བསྐོར་ཡོད་ཅིང་། དབུས་རྒྱུད་ནི་ཉ་འབྲས་ཀྱི་ཕ་ས་ཞེས་པའི་ཅང་ཧན་བདེ་ཐང་ཆེན་པོ་དེ་ཡིན། འབྲི་ཆུ་ནི་ཧུའུ་པེ་ཞིང་ཆེན་བརྒལ་ཏེ་ནུབ་ནས་ཤར་དུ་བཞུར་བ་ཡིན་ལ། མཚོ་དང་མཚེའུ་ཧ་ཅང་མང་བས། ཞིང་ཆེན་དེ་ལ་སྟོང་མཚོའི་ཞིང་ཆེན་དུ་འབོད་པ་ཡིན།

རིགས་དབྱེ།  

ཡུན་ནན་ཞིང་ཆེན།

ཡུན་ནན་ཞིང་ཆེན་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་ཅིག་ཡིན་ལ། ཀྲུང་གོའི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཁུན་མིང་གྲོང་ཁྱེར་ཡིན། ཡང་ཡུན་ནན་ཞིང་ཆེན་གྱི་མིང་བསྡུས་ན་ཏེན་ནམ་ཡུན་ཞེས་འབོད་པ་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་གཙོ་བོའི་གྲས་ཀྱི་གཅིག་ཡིན། ཡུན་ནན་ཞིང་ཆེན་གྱི་སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ390000ལྷག་ཡོད་པ་དང་། རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི4.11% ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་སོ་སོའི་རྒྱ་ཁྱོན་ལས་ཨང་བརྒྱད་པར་བགྲངས་པ་ཡིན། དེ་ཡང་ཞིང་ཆེན་དེའི་སྤྱིའི་མི་གྲངས་ནི45960000ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི3.35% ཟིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་མི་གྲངས་ལས་ཨང་བཅུ་གཉིས་པར་བགྲངས་པ་ཡིན། གཞན་ཡུན་ནན་ཞིང་ཆེན་ལ་གྲོང་ཁྱེར8དང་། གྲངས་ཉུང་མི་རིགས་རང་སྐྱོང་ཁུལ8 ཡོད། ཡུན་ནན་ཞིང་ཆེན་ནི་སི་ཁྲོན་དང་ཀུའེ་ཀྲོའུ། ཀོང་ཞི། བོད་ལྗོངས་བཅས་ཀྱི་ཞིང་ཆེན་དང་ཐག་ཉེ་ཞིང་། འབར་མ་དང་ལའོ་ཀྲྭ། ཡུའེ་ནན་བཅས་རྒྱལ་ཁབ་དག་དང་ཡང་ཐག་ཉེ་བ་ཡིན།

རིགས་དབྱེ།  

ཧེ་ལུང་ཅང་ཞིང་ཆེན།

ཧེ་ལུང་ཅང་ཞིང་ཆེན་ནི་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཁོངས་ཀྱི་བྱང་སྣེ་དང་ཤར་སྣེ་གཉིས་ནི་ཞིང་ཆེན་དེའི་ས་ཁོངས་སུ་ཡོད་པ་ཡིན་ལ། བྱང་ཤར་ས་ཆ་ནི་ཧེ་ལུང་ཅང་ཞིང་ཆེན་ཡོད་པས་མིང་དུ་གྲགས་པ་ཡིན་ཞིང་། ཧེ་ལུང་ཅང་གི་མིང་བསྡུས་ན་ཧེ་ཞེས་འབོད་པ་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་རྒྱུད་དང་བྱང་རྒྱུད་ནི་ཝུའུ་སུའུ་ལི་ཅང་ཧེ་ལུང་ཅང་དང་སྦྲེལ་ཡོད་ལ། ཨུ་རུ་སུ་དང་ཐག་ཉེ་བ་ཡིན། ཡང་ནུབ་རྒྱུད་ནི་ནང་སོག་རང་སྐྱོང་ལྗོངས་དང་སྦྲེལ་ཡོད་པ་དང་། ལྷོ་རྒྱུད་ནི་ཅི་ལིན་ཞིང་ཆེན་དང་སྦྲེལ་ནས་ཡོད་ཅིང་། བྱང་གི་འཕྲེད་ཐིག43°26′-53°33′དང་ཤར་གྱི་གཞུང་ཐིག121°11′-135°05′ཡི་སར་གནས་པ་ཡིན། གཞན་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ1120 ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ལ་སྤྱི་ལེ930ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ470000.3 ཡོད། ཧེ་ལུང་ཅང་ཞིང་ཆེན་ལ་ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ་གཅིག་དང་གྲོང་ཁྱེར་ཅུང་ཆེན་པོ་གཅིག ས་ཁུལ་རིམ་པའི་གྲོང་ཁྱེར10། ས་ཁུལ1ཐད་གཏོགས་གྲོང་ཁྱེར་64 རྫོང་རིམ་པའི་གྲོང་ཁྱེར18 རྫོང45 རང་སྐྱོང་རྫོང1བཅས་ཡོད།

རིགས་དབྱེ།  

ཧྲན་ཏུང་ཞིང་ཆེན།

ཧྲན་ཏུང་ཞིང་ཆེན་ནི་རི་བོ་ཐའེ་ཧང་ཧྲན་གྱི་ཤར་ཕྱོགས་སུ་ཡོད་པས་མིང་དུ་གྲགས་པ་ཡིན་ལ། མིང་བསྡུས་ན་ལུའུ་ཞེས་འབོད་པ་ཡིན་ཞིང་། ཞིང་ཆེན་གྱི་ལྟེ་གནས་ནི་ཅི་ནན་ཡིན། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཆི་གོ་དང་ལུའུ་གོའི་ཁོངས་སུ་གཏོགས་པ་ཡིན་པས། མིང་གཞན་ལ་ཆི་ལུའུ་ཞེས་འབོད་པ་ཡིན།དེ་ཡང་ཧྲན་ཏུང་ཞིང་ཆེན་ནི་ཧྭ་ཤར་མཚོ་འགྲམ་དང་རྨ་ཆུའི་སྨད་རྒྱུད་དུ་གནས་པ་དང་། ཧྭ་ཤར་ས་ཁུལ་གྱི་བྱང་ཕྱོགས་ཀྱི་ཞིང་ཆེན་ཞིག་ཡིན་ལ། ནུབ་ཕྱོགས་སུ་རྒྱ་མཚོ་དང་བར་ཐག་རིང་བའི་སྐམ་སར་སྦྲེལ་ཡོད་པ་དང་། བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་སོ་སོར་ཧོ་པེ་དང་ཧོ་ནན། ཨན་ཧུའེ་ཅང་སུའུ་བཅས་ཞིང་ཆེན་བཞི་ལ་སྦྲེལ་ཡོད།

རིགས་དབྱེ།  

ཁྲུང་ཆིང་གྲོང་ཁྱེར།

ཁྲུང་ཆིང་གྲོང་ཁྱེར་གྱི་མིང་བསྡུས་ན་པ་དང་ཡུས་ཞེས་འབོད་པ་དང་། མིང་གཞན་ལ་ཧྲན་ཁྲེང་དང་ཡུས་ཏུའུ། ཆའོ་ཏུའུ། ཝུའུ་ཏུའུ་བཅས་ཟེར་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་དང་ཀྲུང་གོའི་རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར། རྒྱལ་ཁབ་གྲོང་ཁྱེར་ཆེན་པོ། འབྲི་ཆུའི་སྟོད་རྒྱུད་ཀྱི་དཔལ་འབྱོར་ལྟེ་གནས་བཅས་ཡིན། དེ་ཡང་ཅ་ལིང་ཅང་ལ་གནའ་དུས་སུ་ཡུས་ཧྲུའེ་ཞེས་འབོད་པ་ཡིན་པས། ཁྲུང་ཆིང་གྲོང་ཁྱེར་གྱི་བསྡུས་མིང་ལ་ཡུས་ཞེས་འབོད་པ་ཡིན།

རིགས་དབྱེ།  

ཅི་ལིན་ཞིང་ཆེན།

ཅི་ལིན་ཞིང་ཆེན་གྱི་བསྡུས་མིང་ལ་ཅི་ཞེས་ཟེར་བ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཀྲང་ཁྲུན་གྲོང་ཁྱེར་ཡིན། དེ་ནི་ཤར་གྱི་གཞུང་ཐིག་ཏུའུ122º —131º གནས་ཤིང་། བྱང་གི་གཞུང་ཐིག་ཏུའུ41º—46º བར་དུ་གནས་པ་ཡིན། ཡང་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི2% ཟིན་ཡོད་ཅིང་། ཀྲུང་གོའི་བྱང་ཤར་དབུས་རྒྱུད་དུ་ཡོད་པ་དང་། ཉི་ཧོང་དང་ཨུ་རུ་སུ། ཁྲའོ་ཞན། ཁོ་རེ་ཡ། སོག་པོ་སོགས་དང་ཀྲུང་གོའི་བྱང་ཤར་གྱི་ལྟེ་གནས་ས་ཁུལ་དུ་ཡོད་པ་ཡིན། དེ་ཡང་བྱང་ཕྱོགས་སུ་ཧེ་ལུང་ཅང་དང་བྲེལ་ཡོད་པ་དང་། ལྷོ་ཕྱོགས་སུ་ལིའུ་ཉིང་ཞིང་ཆེན་དང་སྦྲེལ་ཡོད་ལ། ནུབ་ཕྱོགས་ནི་ནང་སོག་རང་སྐྱོང་ལྗོངས་དང་སྦྲེལ་ཡོད་ཅིང་། ཤར་ཕྱོགས་སུ་ཨུ་རུ་སུ་དང་སྦྲེལ་ཡོད། གཞན་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ650 ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ300 ཡོད། དེ་ཡང་ཤར་ལྷོའི་རྒྱུད་མཐོ་བ་དང་ནུབ་བྱང་གི་རྒྱུད་དམའ་བ་ཡིན་ལ། ནུབ་རྒྱུད་དབུས་མ་ནི་མཐའ་ཡས་པའི་བདེ་ཐང་ཡིན། ཅི་ལིན་ཞིང་ཆེན་གྱི་གནམ་གཤིས་ནི་དྲོད་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། སྐམ་སའི་རང་བཞིན་ཧ་ཅང་མངོན་གསལ་ཡིན། དེ་ཡང་དབྱར་དུས་སུ་ཚ་བ་ཆེ་ཞིང་ཆར་ཆུ་མོད་པ་དང་། དགུན་དུས་སུ་གྲང་ངར་རྒོད་ཅིང་སྐམ་ཤས་ཆེ་བ་ཡིན། ཡང་ཅི་ལིན་ནི་ཀྲུང་གོའི་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཐོན་རྫས་གསར་གཏོད་ཀྱི་ཕྱོགས་ནས་ཧ་ཅང་སྔོན་ཐོན་ཡིན།

རིགས་དབྱེ།  

ཐེན་ཅིན་གྲོང་ཁྱེར།

ཐེན་ཅིན་གྲོང་ཁྱེར་གྱི་བསྡུས་མིང་ལ་ཅིན་ཞེས་འབོད་པ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར་དང་ཀྲུང་གོའི་རྒྱལ་ཁབ་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་དཔལ་འབྱོར་ལྟེ་གནས། པོ་ཧའེ་ཡི་མཐའ་འཁོར་ས་ཁུལ་དཔལ་འབྱོར་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས། ཀྲུང་གོའི་བྱང་ཕྱོགས་རྒྱལ་སྤྱིའི་དངོས་སྐྱེལ་ལྟེ་གནས་བཅས་ཡིན། གཞན་ཐེན་ཅིན་གྲོང་ཁྱེར་ནི་ཧྭ་བྱང་བདེ་ཐང་གི་རྒྱ་མཚོའི་ཆུ་ལག་གི་སར་ཡོད་དེ། ཤར་ཕྱོགས་ནས་པོ་ཧའེ་དང་ཐག་ཉེ་བ་དང་བྱང་ཕྱོགས་ནས་ཡན་ཧྲན་དང་ཐག་ཉེ་བ་ཡིན།

རིགས་དབྱེ།  

ཧྲའན་ཞི་ཞིང་ཆེན།

ཧྲའན་ཞི་ཞིང་ཆེན་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་ཅིག་ཡིན་ལ། མིང་བསྡུས་ན་ཧྲན་དང་ཆིན་ཞེས་འབོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ཞི་ཨན་གྲོང་ཁྱེར་ཡིན། དེ་ཡང་ཀྲུང་གོའི་ནུབ་བྱང་ཕྱོགས་ཀྱི་རྒྱ་མཚོ་དང་ཐག་མི་རིང་བའི་སྐམ་ས་རུ་གནས་ཤིང་། རྨ་ཆུ་དང་འབྲི་ཆུ་གཉིས་ནི་ཞིང་ཆེན་དེ་ནས་འཕྲེད་ཀྱིས་བཅད་ནས་བཞུར་གྱིན་ཡོད་པར་མ་ཟད། ཤར་གྱི་གཞུང་ཐིག105°29′-111°15′དང་བྱང་གི་འཕྲེད་ཐིག31°42′-39°35′ཡི་བར་དུ་ཡོད་པ་ཡིན། ཡང་ཧྲའན་ཞི་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ200000.58ཡིན་ལ། མི་གྲངས་ནི37330000 ཡིན་ཞིང་། ཞིང་ཆེན་དེ་ལ་ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ་གཅིག་དང་ས་ཁུལ་རིམ་པའི་གྲོང་ཁྱེར9ཡོད། ཧྲའན་ཞི་ཞིང་ཆེན་ནི་ཤར་ཕྱོགས་ནས་ཧྲན་ཞི(山西)དང་ཧོ་ནན་ཞིང་ཆེན་གཉིས་ལ་ཐག་ཉེ་ཞིང་། ནུབ་ཕྱོགས་ནས་ཉིང་ཞ་དང་ཀན་སུའུ་གཉིས་ལ་འབྲེལ་ཡོད་ཅིང་། ལྷོ་ཕྱོགས་ནས་སི་ཁྲོན་དང་ཁྲུང་ཆིང་། ཧུའུ་པེ་ཞིང་ཆེན་བཅས་ལ་འབྲེལ་ཡོད་པ་དང་། བྱང་ཕྱོགས་སུ་ནང་སོག་དང་འབྲེལ་ཡོད།

རིགས་དབྱེ།  

ཧྲན་ཞི་ཞིང་ཆེན།

ཧྲན་ཞི་ཞིང་ཆེན་ནི་རི་བོ་ཐའེ་ཧང་ཧྲན་གྱི་ནུབ་ཕྱོགས་སུ་ཡོད་པའི་མིང་དུ་གྲགས་པ་དང་། མིང་བསྡུས་ན་ཅིན་ཞེས་འབོད་པ་ཡིན་ལ། སན་ཅིན་བྱ་བ་དེ་ཡང་དེ་ཡིན། དེའི་ཞིང་ཆེན་གྱི་ལྟེ་གནས་ནི་ཐའེ་ཡོན་ཡིན་ཞིང་། ཤར་ཕྱོགས་ནི་ཐའེ་ཧང་ཧྲན་དང་སྦྲེལ་ཡོད་པ་དང་། བྱང་ཕྱོགས་ནི་ལྕགས་རི་རིང་བོ་དང་ནང་སོག་གཉིས་ལ་སྦྲེལ་ཡོད། ཡང་ལྷོ་ནུབ་གཉིས་ནི་རྨ་ཆུ་དང་ཧྲན་ཞི།(陕西)ཧོ་ནན་གསུམ་ལ་སྦྲེལ་ཡོད། ཧྲན་ཞི་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་དང་། ཧྭ་ཞ་ཤེས་རིག་གི་འབྱུང་གནས་སུ་བཤད་ཅིང་བསྒྲགས་ལ། ཀྲུང་གོའི་གནའ་རབས་ཀྱི་རིག་གནས་བཤམས་སྟོན་ཁང་དུ་འབོད་པ་ཡིན། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ150000.67 ཡོད། ཡང་ཤར་ཕྱོགས་སུ་རི་བོ་ཐའེ་ཧང་ཧྲན་ཡོད་དེ། ནུབ་ཕྱོགས་སུ་རི་བོ་ལུའི་ལིང་ཧྲན་ཡོད་ཅིང་། རི་ཁུལ་གྱི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ལས80%ཡན་ཟིན་ཡོད། ཧྲན་ཞི་ལ་ས་ཁུལ་རིམ་པའི་གྲོང་ཁྱེར11ཡོད་པ་དང་། རྫོང་རིམ་པའི་སྲིད་འཛིན་སྡེ་ཁག119ཡོད་ལ། ཐད་གཏོགས་ས་ཁུལ་གྱི་ཆགས་དབྱིབས་ནི་བྱང་གི་འཕྲེད་ཐིག34°34′-40°44′དང་ཤར་གྱི་གཞུང་ཐིག110°14′-114°33′གྱི་སར་གནས་པ་ཡིན། དེ་ཡང་ཡོངས་ཀྱི་སྤྱིའི་མི་གྲངས་ནི36100000.8 ཡོད།(སྤྱི་ལོ2012ལོར།)

རིགས་དབྱེ།  

ཐད་གཏོགས་གྲོང་ཁྱེར།

ཐད་གཏོགས་གྲོང་ཁྱེར་ནི་རྒྱལ་ཁབ་མང་ཆེ་བའི་ཆེས་གལ་ཆེ་བའི་སྲིད་འཛིན་ས་ཁུལ་ཡིན་ཞིང་། མིང་འདི་ནི་ཀྲུང་གོ་དང་ཁྲའོ་ཞན། ཁོ་རེ་ཡ། ཡོ་ནན་སོགས་རྒྱ་ཡིག་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱིས་སྤྱོད་པ་ཡིན་ལ། ངོ་གདོང་གི་ནང་དོན་ནི་ཐད་ཀར་ཀྲུང་དབྱང་སྲིད་གཞུང་གིས་དོ་དམ་དང་སྒྲིག་འཛུགས་བྱེད་པའི་གྲོང་ཁྱེར་ཡིན། ཐད་གཏོགས་གྲོང་ཁྱེར་དུ་འགྱུར་དགོས་ན་སྡོད་དམངས་མི་གྲངས་ཅུང་མང་དགོས་པར་མ་ཟད། སྤྱིར་བཏང་དུ་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གོ་གནས་གལ་ཆེན་ཟིན་དགོས། གོ་བ་འཛིན་སྟངས་འདི་ནི་སྤྱི་ལོ1930ལོར། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི《གྲོང་ཁྱེར་སྒྲིག་འཛུགས་བཅའ་ཁྲིམས》ཞེས་པར་ཁུངས་གཏུགས་པ་ཡིན་ལ། ཐད་གཏོགས་གྲོང་ཁྱེར་གནས་ཐིག་གཏན་ཁེལ་ལ་དམིགས་བསལ་ལྡན་པའི་དབང་གིས་ཐད་གཏོགས་གྲོང་ཁྱེར་གྱི་གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅིའི་འགན་ནི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་གཅིག་ལྕོགས་སུ་འཁུར་བ་ཡིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཆེས་མང་ཡང་ཐད་གཏོགས་གྲོང་ཁྱེར12བཙུགས་ཡོད་དེ། སོ་སོ་ནི་ནན་ཅིན་དང་། ཧྲང་ཧའེ། ཁྲུང་ཆིང་། ཐེན་ཅིན། ཧན་ཁོ། ཆིང་ཏའོ། ཏ་ལེན། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། པེ་ཕིང་བཅས་ཡིན་ལ། རྒྱལ་ཁབ་བཙུགས་པའི་ཐོག་མའི་དུས་སྐབས་སུ་ཐད་གཏོགས་གྲོང་ཁྱེར་བཙུགས་པ་ནི། པེ་ཅིང་། ཧྲང་ཧའེ། ནན་ཅིན། ཁྲུང་ཆིང་། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། ཧྥུ་ཧྲུན་། པིན་ཞི། ཝུའུ་ཧན། ཁྲང་ཁྲུན་བཅས་ཡིན་ཞིང་། མིག་སྔར། ཀྲུང་གོའི་སྐམ་ས་ཆེན་པོ་ས་ཁུལ་དུ་བསྡོམས་པས་ཐད་གཏོགས་གྲོང་ཁྱེར་བཞི་སྟེ། པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་བཅས་ཡིན།

རིགས་དབྱེ།  

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་མིང་བསྡུས་ན་ཉིང་ཞེས་འབོད་པ་ཡིན་ལ། དེ་ནི་ཀྲུང་གོའི་རང་སྐྱོང་ལྗོངས་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ཀྲུང་གོའི་ནུབ་རྒྱུད་ཀྱི་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཡོད་དེ། ཤར་ཕྱོགས་ནས་ཧྲའན་ཞི་ཞིང་ཆེན་ལ་ཐག་ཉེ་བ་དང་། ནུབ་རྒྱུད་དང་བྱང་རྒྱུད་དུ་ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་ནས་ཡོད། ཡང་ལྷོ་ཕྱོགས་ནས་ཀན་སུའུ་ཞིང་ཆེན་དང་འབྲེལ་ནས་ཡོད་ལ། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ456 ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ250 ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི66000 ཡོད། གཞན་ཞིང་ཆེན་གྱི་ལྟེ་གནས་ནི་དབྱིན་ཁྲོན་གྲོང་ཁྱེར་ཡིན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཀྲུང་ཧྭའི་ཤེས་རིག་གི་འབྱུང་གནས་ཡིན་ལ། ཟ་འོག་དར་ལམ་དུ་འབོད་པ་ནི་དེ་རུ་ཡོད་པ་དང་། ལོ་རྒྱུས་ཐོག་ཤར་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ཚོང་དོན་གྱི་རྒྱུ་ལམ་གཙོ་བོ་ཡིན་པར་མ་ཟད། རྨ་ཆུ་བཞུར་སའི་ས་ཆ་ཡིན་པའི་ཆ་ནས། དེ་རུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྨ་ཆུའི་རིག་གནས་ཡོད་པ་ཡིན། ལོ་ངོ་སུམ་ཁྲིའི་ཡར་སྔོན་དུ་ཉིང་ཞ་རུ་མིའི་རིགས་འཚོ་སྡོད་ཀྱི་རྗེས་ཤུལ་ཡོད་པ་ཡིན་ལ། སྤྱི་ལོ1038 ལོར། ཏང་ཞང་རིགས་ཀྱི་འགོ་གཙོ་ལི་ཡོན་ཧའོ་ཡིས་དེ་རུ་མི་ཉག་རྒྱལ་རབས་བཙུགས་པ་དང་། མི་ཉག་རིག་གནས་བྱུང་བ་ཡིན།

རིགས་དབྱེ།