ཡོངས་འཛིན་རིག་མཛོད། >རིག་གནས། >ཆོས་ལུགས།

དགེ་ལུགས་པ།

དགེ་ལུགས་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་དུས་རབས་བཅུ་བཞི་པའི་ནང་སྲོལ་བཏོད་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ། དགེ་ལུགས་པའི་གྲྭ་པ་རྣམས་ཀྱི་ཞྭ་མོ་སེར་པོ་ཡིན་པས་ཞྭ་སེར་པའང་ཟེར། དགེ་ལུགས་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་བཏགས་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ1409ལོར་དགའ་ལྡན་དགོན་པ་བཏབ་སྟེ་སྐུ་ཚེའི་སྨད་དུ་དེར་བཞུགས་ནས་རྗེའི་རིང་ལུགས་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད། དེའི་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་མི་བདེ་བས་དགེ་ལུགས་པ་ཞེས་མིང་དུ་འབོད་པ་རྒྱུན་ཆགས། དེ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་གྱུར།

རིགས་དབྱེ།  

ཡེ་ཤུའི་ཆོས་ལུགས་རིག་གནས།

ཡེ་ཤུ་ཆོས་ལུགས་ནི་དུས་རབས་དང་པོའི་སྐབས་སུ་བྱུང་བ་ཞིག་སྟེ། དང་བོ། དེ་ནི་ཡ་ཧུ་དཱ་པའི་ཆོས་ལུགས་གྲུབ་མཐའ་ཞིག་ནས་རིམ་འགྱུར་བྱུང་བ་དང་། རྗེས་སུ་རོ་མ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དམག་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དར་རྒྱས་ཆེན་པོ་བྱུང་མཐར། འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེ་ཁག་ཏུ་གྱུར་པ་རེད། ཡེ་ཤུ་ཆོས་ལུགས་དེ་ཕྱིས་སུ་ཤར་ནུབ་གཉིས་སུ་གྱེས་ཤིང་། ཤར་ཕྱོགས་པའི་མིང་ལ་ཏུང་ཀྲིན་ཆོས་ལུགས་དང་། ནུབ་ཕྱོགས་པའི་མིང་ལ་ང་ཚོས་ད་ལྟ་འབོད་བཞིན་པའི་གནམ་བདག་ཆོས་ལུགས་ཞེས་པ་དེའོ།། གནམ་བདག་ཆོས་ལུགས་དེ་དུས་རབས་དཀྱིལ་མའི་སྐབས་ཀྱི་ཡོ་རོབ་ནུབ་མའི་ཆེས་ཆེ་བའི་བཀས་བཀོད་བདག་པོར་གྱུར་ཏེ། ས་ཞིང་རྒྱ་ཆེན་པོ་བདག་ཏུ་བཟུང་ཞིང་ཞོར་དུ་བཟོ་ཚོང་བླ་ལྷག་གྱུར་ཏེ། ས་ཞིང་རྒྱ་ཆེན་པོ་བདག་ཏུ་བཟུང་ཞིང་ཞོར་དུ་བཟོ་ཚོང་བླ་ལྷག་གིས་གཉེར། ཆབ་སྲིད་དང་དམག་དོན་གྱི་ས་ནས་ཀྱང་ཁ་ལོ་བསྒྱུར་བར་མ་ཟད། མི་རྣམས་ཀྱི་བསམ་པའི་འཁྱེར་སོའང་ཆོས་ཚོགས་ཀྱི་མངའ་འོག་ཏུ་བཅུག་འདུག ཡེ་ཤུའི་ཆོས་ལུགས་རིག་གནས་ནི་ཡོ་རོབ་ནུབ་མའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཡོ་རོབ་རྒྱལ་ཁབ་ཁག་གི་རིག་གནས་མཐའ་དག་ཀྱང་ཡེ་ཤུ་ཆོས་ལུགས་ཀྱི་ཤན་ཤུགས་འོག་གྲུབ་པར་མངོན། དུས་རབས་དཀྱིལ་མའི་མཚན་ཉིད་རིག་པ་དང་སྒྱུ་རྩལ་གྱི་རིགས་ཀྱང་ཆོས་ཚོགས་དང་དེའི་བསམ་བློ་ལ་འབྲེལ་བ་དམ་ཟབ་མཆིས་ཤིང་། ཐ་ན་ནུབ་ཕྱོགས་པའི་འགྲོ་འདུག་སྤྱོད་གསུམ་དང་བཅས་པར་བག་ཆགས་མི་དམན་པ་བཞག་ཡོད་དོ།།

རིགས་དབྱེ།  

མཆོད་ཁ།

ཆོས་ཀྱི་འགོ་མ་སྐྱབས་འགྲོ་དང་ཟས་ཀྱི་འགོ་མ་མཆོད་ཁ་ཞེས་པ་ལྟར། རང་གི་སྐྱབས་གནས་སུ་གྱུར་བའི་བླ་མ་དམ་པ་དང་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་བགེགས་བར་ཆད་སེལ་བའི་ལྷ་ཐམས་ཅད་གྲོགས་སུ་འཛིན་པ་དེར་མཆོད་པ་འབུལ་བ་ཟེར།

རིགས་དབྱེ།  

རྡོ་རྗེ།

རྡོ་རྗེ་ཞེས་པ་ནང་བསྟན་གསང་སྔགས་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན་ལ། དེར་དབྱེ་བ་དང་རིགས། རྒྱུ་དང་ཆ་ཚད། མཚོན་དོན་སོགས་གཞུང་ལས་གསལ་བོར་གསུངས་ཡོད།

རིགས་དབྱེ།  

ཀ་པཱ་ལ།

ཀ་པཱ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཐོད་པའི་མིང་ཡིན། དེ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དེ་ཡང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་དག་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་གནས་སྐབས་ལ་སོགས་པ་དུས་ཁྱད་པར་བ་དང་། དུས་ནར་མ་བའི་ཚེ་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་པའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་དང་འབྱུང་བོ་ལ་སོགས་པ་གཏོར་མས་ཚིམ་པར་བྱ་བའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་གསུངས་པ་ནི་ཐོད་པ་ཡིན་པས་འདིར་དེའི་རྣམ་གཞག་བཤད་པར་བྱ་སྟེ། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་པཤད་ལས། གསང་སྔགས་ཀྱི་དམ་རྫས་བདུད་རྩིའི་སྣོད་དང་རྣལ་འབྱོར་པའི་ཁམ་ཕོར་ལ་ནི་འཇིམ་པ་ལས་བྱས་པའི་སྣོད་དང་། རུས་སྦལ་གྱི་རུས་ཁོག་དང་། འཁར་བ་དང་། ཟངས་མ་དང་། ལྕགས་དང་། གསེར་དང་། དངུལ་དང་། དུང་དང་། ཉ་ཕྱིས་ཀྱི་ཁམ་ཕོར་དང་། བལ་བོ་སེའུའི་འབྲས་ཤུན་དང་། རྭ་ཅོ་དང་། ཤིང་ཕོར་དང་། རྡོ་སྣོད་དང་། ཐོད་ཕོར་བཅས་དུ་མ་ཞིག་ལ་བྱ་རུང་བ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། དེ་ནས་དེ་ཕྱིར་སྣོད་ཀྱི་ནི། །མཚན་ཉིད་མཆོག་ནི་ཡང་དག་བཤད། །འཇིམ་པའམ་དེ་བཞིན་རུས་སྦལ་སྣོད། །འཁར་བའམ་ཟངས་སམ་ལྕགས་ལས་བྱས། །གསེར་རམ་དངུལ་ལས་བྱས་པའམ། དུང་ངམ་དེ་བཞིན་ཉ་ཕྱིས་ཏེ། བལ་བོ་སེའུ་ཡི་འབྲས་བུ་མཚོག། དེ་བཞིན་གཞན་ཡང་གསར་བྱུང་བ། །རྭ་ལས་བྱུང་དང་ཤིང་སྣོད་སོགས། །གཞན་ཡང་རྡོ་སྣོད་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །

རིགས་དབྱེ།  

ཁ་ཊྭཱཾ་ག

ཁ་ཊྭཱཾ་གའི་མིང་གཞན་ལ་སྔགས་ཀྱི་འཁར་བསིལ་ཞེས་ཀྱང་བཤད་ལ། འདི་ལ་དུང་དཀར་ཚིག་མཛོད་ལས། དབྱུག་ཏོའི་རྩེར་ཐོད་སྐམ་གསུམ་བརྩེགས་སྟེང་ལྕགས་ཀྱི་རྩེ་གསུམ་ཅན་གྱི་ཕྱག་མཚན་ཞིག་ཞེས་གསུངས་པའི་ཕྱིར།

རིགས་དབྱེ།  

གཡང་གཞི།

མི་ལྤགས་མ་ཉམས་པ་མགོ་པགས་སྐྲ་དང་བཅས་པ་འབྱར་བ། རྐང་ལག་བཞིའི་སོར་མོ་སེན་མོ་དང་བཅས་པ་མ་ཉམས་པར་ཡོད་པ་ལེགས་པར་བཤུས་ནས་ཚྭ་དང་ག་བུར་སོགས་མི་རུལ་བའི་རྫས་ཀྱིས་བྱུག དེ་ནས་ཐལ་འཇིམ་བྱུགས་ཏེ་བྱེ་མ་རློན་པར་སྦངས། ཚིལ་ཞག་དང་ཁྲག་ཆུ་སེར་རྣམས་ཕྱུངས་ནས་བསྐམས་པ་དེའི་ནང་དུ་མཚལ་དང་སིན་ངྷུ་ར་སོགས་བྱུགས་ནས་དམར་པོ་བྱ་ཞིང་བསང་གཏོར་དང་བགེགས་བསྐྲད་དེ་གདན་གོས་དང་གཡབ་དར་སོགས་སུ་བཀོལ་དགོས་པ་ཡིན།

རིགས་དབྱེ།  

གཡེར་ཁ།

དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་ཞིག་ཡིན་པར་ཚིག་མཛོད་ཆེན་མོ་ལས་གསུངས་པ་དང་། དུང་དཀར་ཚིག་མཛོད་ལས། རྟ་དྲེལ་སོགས་ཀྱི་སྐེ་ལ་འདོགས་རྒྱུའི་གཡེར་ཁ། གསེར་དངུལ་ལྕགས་མཉམ་བསྲེས་ལྕགས་རིགས་སོགས་ལས་བཟོས་པའི་གཡེར་ཁ། ཞེས་གསུངས་ཡོད་ལ་དམངས་ཁྲོད་དུ་འདི་ལ་ཁྲོལ་རིལ་ཞེས་ཀྱང་འབོད།

རིགས་དབྱེ།  

ཆ་ལང་།

ཆ་ལང་ངམ་སྦུབ་ཆལ་དུ་གྲགས་པ་འདི་སྤྱིར་རྒྱ་དཀར་ནག་བོད་སོགས་ཀུན་ལ་དར་ཅིང་རྒྱ་བལ་སོགས་ཀྱི་མདོ་དར་གྱི་རྩེད་མོ་སོགས་ལའང་རྔ་ཟླུམ་དང་ཆ་ལང་སོགས་ཡོད་ཅིང་། བོད་ཡུལ་དུ་ནི་སིལ་སྙན་དང་ཆ་ལང་གཉིས་ཞི་དྲག་གི་ཁྱད་ལྟ་བུ་མཛད་ཅིང་གང་ལྟར་ཡང་རྒྱ་ནག་ནས་བྱུང་རྒྱུ་གཙང་རྣམས་ལ་ལྷ་སྔགས་སོགས་བྲིས་པའང་ཡོད་འདུག་ལ། འདིའི་བརྡུང་སྟངས་སོགས་ནི་སྤྱིར་གྲྭ་ས་རང་རང་གིས་ཕྱག་སྲོལ་མི་འདྲ་མང་བས་མཐའ་གཅིག་ཏུ་བཟུང་བ་མེད་མོད། འོན་ཀྱང་དང་པོ་བསིལ་བར་དུ་བརྡུང་སྐབས་སུ་འཇོག་དང་མཐིང་ལ་སོགས་ཐ་མ་སིལ་འབེབས་པ་སོགས་ཏེ་འདི་བརྡུང་བའི་དགོས་པ་ནི་གསང་སྤྱོད་ལྟ་བར་མི་དབང་བའི་བགེགས་ཚོགས་བསྐྲོད་པ་དང་རྒྱལ་བ་རྣམས་མཆོད་པ། དམ་ཅན་མཁའ་འགྲོའི་ཐུགས་དམ་བསྐུལ་བ་ལ་སོགས་པའི་དགོས་པའོ། །

རིགས་དབྱེ།  

ཏིང་ཤགས།

སྔགས་འཆང་རྒྱན་གྱི་མེ་ཏོག་ལས། ཏིང་ཤགས་ནི། སྤྱིར་རྒྱ་གར་དུ་ནི་གསང་སྔགས་ཀྱི་རོལ་ཆ་མཚན་ཉིད་པ་རྣམས་གང་ཐད་ཐད་དུ་ཁྱེར་བའི་སྲོལ་མེད་ལ་སློང་མོ་སོགས་བྱ་དུས་དགེ་སློང་ཡིན་ན་འཁར་བསིལ་གྱིས་སྒོ་བརྡུང་བ་ཡིན་ལ། རྣལ་འབྱོར་བ་ཡིན་ན་གཡེར་ཁ་ཟེར་བའི་དཀྲོལ་རྒྱུ་ཞིག་ཡོད་པ་དེ་ལ་དཔག་ནས་ཆུ་གཏོར་སོགས་ལ། སྔགས་ཀྱི་རོལ་ཆ་ནི་མི་འོས་ཕྱིར་བརྡུང་བ་འདི་བོད་དུ་འབྲོག་མི་ལོ་ཙཱ་བ་ནས་དར་ཞེས་ཁ་ཅིག་གླེང་ངོ་། །ཞེས་གསུངས་པའི་ཕྱིར།

རིགས་དབྱེ།  

ཐུན་རྭ།

ཐུན་རྭ་ཞེས་པ་ནི་ཐུན་རྫས་བླུགས་པའི་རྭ་ཅོའི་སྣོད་ཞིག་སྟེ། མ་ཧེའི་རྭའམ་བ་མེན་རྭ་ཡིས་ནང་དུ་ཕག་མོ་ཞེས་བྱ་བའི་སྨན་དང་ཕག་གི་ལུས་ལས་བྱུང་བའི་འདམ་བླུགས་ནས་ལོ་གཅིག་ལ་བཞག་ན་ནུས་པ་ཁྱད་པར་ཅན་འབྱུང་བར་བཤད།

རིགས་དབྱེ།  

ཌ་མ་རུ།

ཌ་མ་རུ། མིང་བསྡུས་ན་ཌ་རུ། ཟླུམ་གོར་ཟུང་ལྟག་སྤྲོད་བྱས་པ་སྐེད་ལ་ཉག་ཡོད་པའི་ངོས་གཉིས་པགས་པས་གཡོགས་པ། སྐེད་པ་གཡས་གཡོན་དུ་སྲད་བུ་དམར་པོ་ལ་རྡུང་བྱེད་ཀྱི་རིལ་བུ་ཆུང་ངུ་མིག་འབྲས་འདྲ་བ་ཟུང་བཏགས་པའི་བླ་མེད་ཀྱི་ཆོ་ག་ལས་དཀྲོལ་རྒྱུའི་ཡོ་བྱེད་ཅིག སྔགས་བླ་མེད་ཀྱི་རྒྱུད་སྡེ་ཁོ་ན་ལས་གསུངས་ཤིང་རྒྱུད་སྡེ་འོག་མ་རྣམས་སུ་མ་བསྟན་པར་གསུངས་པས་ན་བླ་མེད་ཀྱི་ཆོ་ག་དག་ཏུ་བརྡུང་བར་བྱ་བ་ལས་བྱ་རྒྱུད་སོགས་དང་མདོ་རྐྱང་བའི་ཆོ་ག་རྣམས་ལ་དཀྲོལ་རྒྱུ་མིན་པ་ཤེས་གལ་ཤིན་ཏུ་ཆེ། ཁ་ཅིག་ཅང་ཏེའུ་དང་ཌ་མ་རུ་ཐ་དད་དུ་ཕྱེས་ནས་འཇོང་དབྱིབས་དབྱིག་དུམ་ཐུང་ངུ་སྐེད་ཉག་ཅན་འདྲ་བ་དེ་ཅང་ཏེའུ་དང་། ད་ལྟ་ཡོངས་ཁྱབ་ཏུ་སྤྱོད་པ་འདི་ལ་ཌ་མ་རུར་བྱེད་འདུག་མོད་རྒྱུད་ལས་དེ་འདྲ་སོ་སོར་བཤད་པ་མེད་པས་ལུགས་དེ་ལ་ཁུངས་མེད་ཅིང་མི་དག་པ་འདྲའོ། །ཞེས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་སྔགས་ཆས་རྣམ་བཤད་ལས་གསུངས།

རིགས་དབྱེ།  

དགང་གཟར་བླུགས།

དགང་གཟར་བླུགས་ཞེས་པ་ཚིག་མཛོད་ཆེན་མོ་ལས། སྦྱིན་སྲེག་གི་མཛད་སྒོའི་སྐབས་བེད་སྤྱོད་པའི་ཡོ་བྱད་དགང་གཟར་དང་བླུགས་གཟར་གཉིས་ཀྱི་བསྡུས་མིང་། དགང་གཟར་ཞེས་པ་སྦྱིན་སྲེག་གི་གཟར་བུ་མགོ་གྲུ་བཞི་མ། བླུགས་གཟར་ཞེས་པ་སྦྱིན་སྲེག་སྐབས་མར་ཁུ་བླུག་བྱེད་ཀྱི་གཟར་བུ། ཞེས་གསུངས་པའི་ཕྱིར།

རིགས་དབྱེ།  

ཕུར་པ།

ཕུར་པའམ་ཕུར་བུ་ཞེས་པ་སྤྱིར་ན་དུད་འགྲོ་འདོགས་བྱེད་སོགས་ས་ལ་གདབ་བྱ་ཞིག དཔེར་ན། ལྕགས་ཕུར། ཤིང་ཕུར། གུར་ཕུར། གདང་ཕུར་སོགས་ལ་བྱེད་ཀྱང་། འདིར་གདོན་བགེགས་འདུལ་བྱེད་ཀྱི་སྔགས་ཆས་ཤིག འདི་ལ་དུང་དཀར་ཚིག་མཛོད་ལས། སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྙིང་མའི་གཞུང་ལས་བཤད་པའི་དཔལ་ཆེན་རྡོ་རྗེ་ཕུར་བ་ཞེས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་པའི་དབྱིབས་སུ་ཡོད་པའི་ལྷ་ཞིག་སྟེ། དེ་ལ་ཡང་ཕུར་པ་ལྷ་ནག་དང་། ལྷ་ཁྲ་སོགས་མི་འདྲ་བ་ཁ་ཤས་ཡོད་ཚོད་འདུག་ཀྱང་དཔྱད་གཞི་བདག་གིས་མ་མཐོང་། ཞེས་གསུངས།

རིགས་དབྱེ།  

སེ་ར་དགོན་པ།

དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཏེ་སེ་ར་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་རྒྱབ་རི་གླང་ཆེན་ཉལ་བ་ལྟ་བུའི་མདུན་ཤིང་སེ་བའི་སྡོང་པོ་ར་བ་བསྐོར་བ་ལྟར་ཡོད་པས་སེ་བའི་ར་བས་བསྐོར་བ་ན་སེ་ར་ཞེས་བརྗོད། རྗེ་བདག་ཉིད་ཆེན་པོས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་རྩ་རྒྱུད་དབུ་ནས་ཆོས་ཐེངས་རེ་གསུངས། བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་ཞལ་བཀོད་མཛད་པ་བཞིན་རབ་བྱུང་བདུན་པའི་ས་ཕག(1419)ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། རྗེས་སུ་གྲྭ་ཚོགས་ཇེ་རྒྱས་ཇེ་འཕེལ་དུ་སོང་ནས་གྲྭ་ཚང་བཞིར་གྱེས་ཏེ་རྒྱ། འབྲོང་སྟེང་། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞི་ཡོད། རྗེས་སུ་དུས་རབས་བཅོ་ལྔ་པའི་དཀྱིལ་དུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་སེ་རའི་མཁན་པོ་མཛད་སྐབས་སེ་ར་བྱེས་གྲྭ་ཚང་ཕྱག་བཏབ། བྱམས་ཆེན་ཆོས་རྗེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་ཁྲི་ཐོག་བཅོ་བརྒྱད་བྱུང་ཞིང་། བཅུ་དགུ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནས་སེ་རའི་ཁྲི་པའི་མཚན་བཞེས་པས་ཁྲི་པ་ཟུར་དུ་འཛུགས་སྲོལ་མེད། དགོན་བདག་ཡིག་ཚང་ལས་ཁུངས་ཡིན་པ་དང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས9900སྐོར་ཡོད།

རིགས་དབྱེ།  

དབུ་མ་རྩ་བ་ཤེས་རབ།

བསྟན་བཅོས་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། བསྟན་པ་སྔ་དར་སྐབས་རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བསྟན་པ་ཕྱི་དར་སྐབས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང༌། བོད་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པ་སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང༌། ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའི་ཟབ་མོ་དབུ་མའི་ལྟ་བ་རྣམ་དཔྱོད་རིགས་ལམ་གྱིས་སྟོན་པའི་གཞུང་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ནི་ཕྱེད་དང་གཉིས་ཀྱི་བདག་ཉིད་ཅན་ཞིག་གོ

རིགས་དབྱེ།  

རིན་ཆེན་ཕྲེང་བ།

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལེགས་པར་བཅོས། བསྟན་འགྱུར་སྐྱེས་རབས་ག་པར་བཞུགས།

རིགས་དབྱེ།  

འབྲས་སྤུངས་དགོན་པ།

དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་འབྲས་སྤུངས་དགོན་པ་ནི་རབ་བྱུང་བདུན་པའི་མེ་སྤྲེལ(སྤྱི་ལོ1416)ལོར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཕྱག་བཏབ། གཞིས་ཀ་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་ཁུ་དབོན་གྱིས་སྦྱིན་བདག་ཞུས་ཏེ། ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བརྒྱད་ཡོད་པ་དང་། ཐོག་ཁར་བྱམས་ཁང་། གནས་བཅུ་ཁང་། སྔགས་པ་གྲྭ་ཚང་བཅས་པ་བཞེངས། དེ་ནས་རིམ་བཞིན་རྒྱ་བསྐྱེད་ཀྱིས་ཐོག་མར་གྲྭ་ཚང་བདུན་ཡོད་པ་དང་། ས་གནས་མི་འདྲ་བ་ནས་ཡོང་བའི་དགེ་འདུན་ཆེས་མང་བས་སློབ་གཉེར་སོགས་བྱེད་སྐབས་སྟབས་བདེ་མེད་པས་ཁང་ཚན་ཉི་ཤུ་རྩ་དྲུག་ཆགས་པ་དང་། སྒོ་མང་གྲྭ་ཚང་ཁོ་ནར་ཁང་ཚན་བཅུ་དྲུག་ཆགས་ཡོད།

རིགས་དབྱེ།  

དགའ་ལྡན་དགོན་པ།

ལྷ་སའི་ཤར་ཕྱོགས་སྟག་རྩེའི་ཁོངས་གཙང་ཆུའི་ལྷོ་རྒྱུད་དབང་བསྐུར་རིའི་ལྡེབས་སུ་ཡོད་པའི་དགེ་ལུགས་དགོན་ཆེན་གྱི་གཙོ་བོ་ཞིག་སྟེ། བོད་རབ་བྱུང་བདུན་པའི་ས་གླང(སྤྱི་ལོ1409)ལོར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཕྱག་བཏབ་ཅིང༌། རྒྱལ་ཚབ་དར་མ་རིན་ཆེན་ནས་བཟུང་དགའ་ལྡན་ཁྲི་པ་གདན་རབས་བརྒྱ་ལྷག་བྱོན་ཅིང་། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་རྒྱས་ཆེ་ཞིང་རི་བོ་དགེ་ལྡན་པའི་བསྟན་པའི་ཆུ་འགོ་གཅིག་པུ་དེ་ཡིན།

རིགས་དབྱེ།  

ཨ་མྱེས་སྲིན་པོ།

ཨ་མྱེས་སྲིན་པོ་ནི་ལྷ་མཐུ་བོ་ཆེ་ཞིག་ཡིན་པ་མ་ཟད་དྲག་པོ་ཞིག་ཀྱང་ཡིན་ལ་སྔོན་ཆད་རྗེ་གསེར་ཁང་བ་ཚང་གིས་དཀར་ཕྱོགས་སུ་བསྒྱུར་བར་བཤད། ཨ་མྱེས་སྲིན་པོ་ནི་སྐུ་མདོག་དཀར་ཞིང་སྐུ་ལ་གསེར་གྱི་ཁྲབ་དང་གསེར་རྨོག་མནབས་ཡོད། གཡོན་པར་ལྕགས་ཀྱི་ཀྱོ་བ་དང་མདའ་གཞུ་རལ་གྲི་དང་བཅས་པ་གསོལ་ཞིང་རྟ་མཆོག་ངང་སེར་ལ་བཅིབས། རྟའི་སྐེ་ན་ཟློམ་གཉིས་དང་བཅས་ཡོད། ཟློམ་ནི་ཐོབ་དང་གོ་ས་མཚོན་པ་ཡིན། སྒོ་སྲུང་ལ་འཁོར་རྟ་ནག་ཅན་ཡོད་པ་ཡིན།

རིགས་དབྱེ།  

མཆོད་རྟེན་སྐུ་གདུང་ཆ་བརྒྱད།

བོད་དུ་བཞེངས་པའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་མཛད་པ་གཙོ་བོར་བསྟན་པའི་གནས་ཆེན་བརྒྱད་ཀྱི་མཆོད་རྟེན་བོད་ལུགས་སུ་བཞེངས་པ་དག་ཡིན།

རིགས་དབྱེ།  

ཐར་མདོ།

དཔེ་དེབ་འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ཉིད་ཀྱི་སྲས་ཀུན་དགའ་བ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲི་བ་བཏོན་པར་ལན་བཏབ་པའི་ཚུལ་གྱིས་བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཀྱི་དོན་ལེགས་པར་བཀྲལ་ནས་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་སྡུག་བསྔལ་བ་ལས་ཡོངས་སུ་ཐར་བར་བྱེད་པ་བརྗོད་ཡོད།

རིགས་དབྱེ།  

དྲིལ་བུ།

དྲིལ་བུ་ནི་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་གཞུང་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག འདི་ལ་རྒྱལ་བ་རིགས་ལྔའི་ས་བོན་དང་ཕྱག་མཚན་རི་མོ་འབུར་དོད་དུ་ཡོད་པའི་དམ་ཚིག་གི་དྲིལ་བུ་དང་བཅས་མི་འདྲ་བ་ཡོད། རྡོར་དྲིལ་གཉིས་ལས་རྡོ་རྗེའི་ཐབས་དང་དྲིལ་བུའི་ཤེས་རབ་མཚོན་པ་ཡིན་ཏེ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས། རྡོ་རྗེའི་ཐབས་དང་དྲིལ་བུ་ཤེས་རབ་ཏུ་བརྗོད་པའི་ཤེས་རབ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཏུ་བྱས་པ་དང་། ཕྱག་རྒྱ་ལ་ཤེས་རབ་ཏུ་བྱས་པ་གཉིས་ཀྱི་དབང་གིས་འཆད་ཚུལ་སོ་སོར་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར།

རིགས་དབྱེ།  

དུང་དཀར།

དུང་དཀར་ནི་འབུད་པའི་རོལ་མོའི་བྱེ་བྲག་ཅིག་སྟེ། ཡོངས་གྲགས་སུ་ཆོས་དུང་དང་ཚོགས་དུང་ཞེས་འབོད་ཅིང་། དུང་དཀར་ནི་བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ཞིང་། མེད་དུ་མི་རུང་བའི་རོལ་མོའི་བྱེ་བྲག་ཅིག་ཡིན།

རིགས་དབྱེ།  

ཟངས་དུང་།

ཟངས་དུང་ནི་འབུད་པའི་རོལ་མོའི་རྣམ་གྲངས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་འཁོད་པར་གཞིགས་ན་བགྲང་བྱ་སྟོང་ཕྲག་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། གཞི་རྐང་དུང་ཆེན་གྱི་དབྱིབས་ནི་སྲིད་དུ་རིང་ཐུང་ཇི་ལྟར་བྱུང་ཡང་རྩ་མདའ་ཐེ་བའི་ལྷུ་བཞི་ལས་གྲུབ་ཅིང་། སྟོད་ནས་རིམ་བཞིན་ཇེ་སྦོམ་དུ་སོང་བའི་སྨད་མཐར་ཁ་བོ་ཆེ་རྒྱ་གླིང་གི་ཁ་ལྟར་གཡེར་བ་དང་། ལྷུ་སོ་སོའི་བར་ན་ཡང་ལྦ་ཚིགས་ཚགས་དཀྲོལ་གྱི་པ་ཏྲས་མཛེས་པ་གང་ཞིག མགྲིན་པའི་གྱེན་ལ་རིམ་བཞིན་ཕྲ་བའི་སྟེང་དུ་སྦུ་གུ་དང་སྤྲད་པའི་ཁ་ཡི་མེ་ཏོག་གམ་ཏིང་ཤགས་ཞེས་མཆུ་རྟེན་སྦུབས་ཅན་ཁ་ཕྱིར་ལོག་པའི་རྣམ་པ་ཅན། མགྲིན་པའི་སྦུ་གུའི་ཕྱོགས་གསུམ་སྒྲོ་འདབ་ཅེས་ཟངས་ཀྱི་ཐུར་མ་གསུམ་གྱི་པྲ་ཆོས་བྱས་པ་ཞིག་ཡིན།

རིགས་དབྱེ།  

ཕྲེང་བ།

ཕྲེང་བའམ་ཡང་ན་བགྲང་ཕྲེང་ལ་དག་ཡིག་གསར་བསྒྲིགས་ལས། རྡོག་པོ་མང་བོ་སྐུད་པ་དང་ཐག་པ་སོགས་ལ་བརྒྱུས་པའམ་གཅིག་རྗེས་གཅིག་བསྒྲིགས་པའི་དངོས་པོའི་མིང་། ཞེས་གྲངས་ཀ་འདྲེན་བྱེད་ཀྱི་ཕྲེང་བ་ལ་བཤད་པ་དང་། སྔགས་ཆས་རྣམ་བཤད་ལས་ཕྲེང་བའི་ངོ་བོ་ལ་དངོས་པོ་གང་ཞིག་ཟླུམ་པོ་ལ་སོགས་པར་བཅོས་ནས་དུ་མ་སྐུད་པ་ལ་བརྒྱུས་ཏེ་རྒྱན་དང་བསྙེན་པའི་གྲངས་ཚད་འཛིན་སླད་གྲངས་ངེས་ཅན་ཞིག་ཏུ་བྱས་པ་དེ་ཕྲེང་བའི་ངོ་བོར་འཇོག་ཆོག་སྟེ། སློབ་དཔོན་པདྨ་ཀཱ་རའི་དགོངས་འདུས་ཕྲེང་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་དྲངས་པ་ལས། རྩར་ལས་རྒྱུས་དང་གྲངས་ཅན་དང་། །རྒྱན་དུ་བྱས་དང་ཁྲིགས་ལ་འབེབས། །ཚོད་འཛིན་བསྙེན་པའི་སླད་དུ་སྟེ། །དེ་སོགས་ཕྲེང་པའི་ངོ་བོར་བཤད། །ཅེས་གསུངས་པའི་ཕྱིར།

རིགས་དབྱེ།  

བུམ་པ།

བུམ་པ་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པ། ཆོས་ལུགས་ཀྱི་ཆོ་གའི་སྟེང་ཆུ་ལྡུག་བྱེད་ཀྱི་ཆུ་སྣོད་བྱེ་བྲག་པ་ཞིག་གི་མིང་། དམ་བེ་དང་དོན་གཅིག འདིའི་རྒྱུ་ལ་གསེར་དང་། དངུལ། ཟངས། ར་གན། ལི། ལྕགས། ཤེལ། བེེཌྰུར་ཡ། བྱི་རུ། ཨིནྡྲ་ནཱི་ལ། ཤིང་སོགས་གང་རུང་ལས་བྱས་པ་ཞིག་དང་། དབྱིབས། མགྲིན་པ་རིང་ཞིང་ཕྲ་བ་དང་། ལྟོ་བ་ལྡིར་བ་དང་། མཆུ་འཕྱང་བ་དང་། ཞབས་ཞུམ་པ་དང་། ཁ་ཁྱེར་གཡེར་བ་ཅན་དང་ཁྱད་པར་དྲུག་ཚང་བ་ཞིག

རིགས་དབྱེ།  

བཀྲ་ཤིས་ལྷུན་པོ་དགོན།

གདན་ས་བཀྲ་ཤིས་ལྷུན་པོ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉི་མ་རིའི་ལྷོ་འདབས་སུ་ཆགས་ཡོད་པ་དང་། དགོན་པ་འདི་ནི་གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཡིན། གདན་ས་འདི་རྗེ་ཙོང་ཁ་པའི་དངོས་སློབ་རྒྱལ་དབང་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་སྤྱི་ལོ1447ལོར་ཕྱག་བཏབ། རྒྱལ་བ་དགེ་འདུན་གྲུབ་པས་ཆོས་སྡེ་འདིའི་ཁྲི་པ་དང་པོ་མཛད་པ་ནས་སྤྱི་ལོ1959ལོའི་བར་དུ་ཁྱོན་བསྡོམས་ཁྲི་རབས་ཉི་ཤུ་རྩ་གཅིག་བྱོན།

རིགས་དབྱེ།  

བྱ་ཁྱུང་དགོན།

བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི། མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་འཛིན་ཙོང་ལ་རིང་མོར་ཉིན་སྲིབ་ཀྱིས་ཕྱེ་བའི་ཡུལ་ཁམས་ལ་ལྷོ་བྱང་གི་ཆ་གཉིས་ལས། ལྷོ་ཕྱོགས་ཀྱི་ཆར་རྨ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ། ད་ལྟ་ཧྭ་ལུང་རྫོང་ཁོངས་ཀྱི་བྲག་ཁྱུང་ཞེས་པའི་སར། རྗེ་ཙོང་ཁ་པའི་ཡོངས་འཛིན་ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས(སྤྱི་ལོ1309ལོ་ནས་སྤྱི་ལོ1385 )བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་སྤྱི་ལོ1349ས་གླང་ལོར་བཏབ་ཅིང་། ད་ལྟའི་བར་ལོ་དྲུག་བརྒྱ་བཞི་བཅུ་ལྷག་ཕྱིན།

རིགས་དབྱེ།  

རལ་གྲི།

རལ་གྲི་ཞེས་པ་སྔ་དུས་ཀྱི་མཚོན་ཆ་ཞིག་སྟེ། མིང་གི་རྣམ་གྲངས་ལ་སྐེད་གྲི་དང་། གྲི་ཐུང་། གྲི་རིང་། གཅོད་བྱེད། རྗེས་སུ་གཅོད། འདེགས་བྱེད། རྡེག་ཆ། དཔལ་གྱི་སྙིང་པོ། ལག་སྐྱོང་། ལག་ཆ། ལག་སྲུང་། ཤང་ལང་བཅས་ཡིན་པར་ཚིག་མཛོད་ཆེན་པོ་ལས་གསུངས་པ་དང་དག་ཡིག་གསར་བསྒྲིགས་ལས། ཕྱོགས་གཉིས་ཀ་རྣོ་བའི་གྲིའི་མིང་། ཞེས་གསུངས།

རིགས་དབྱེ།