མདོ་རིན་པོ་ཆེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་ཡབ་སྔགས་འཆང་ཀུན་བཟང་བསྟན་རྒྱས་དང་ཡུམ་རག་ཤུལ་རིག་བྱེད་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་བའི་ལྕགས་སྟག་སྟེ་སྤྱི་ལོ1890ལོར་སྐུ་འཁྲུངས། རྗེ་འདི་ཉིད་ནི་ཡབ་མེས་གོང་མ་ལས་ལྷག་པའི་གངས་ཅན་འཛིན་མའི་ཁྱོན་འདིར་སླར་ཡང་རྫོགས་ལྡན་དང་པོ་འཁྲུངས་པ་ལྟ་བུའི་དཔལ་ལ་བཀོད་དེ། མི་ཉག་རང་ཡུལ་གྱི་དགོན་སྡེ་བཅུ་གསུམ་དང་། རག་ཤུལ་ཕ་ཚོ། གོ་རོ་ལྷ་སྡེ་བཅས་ཀྱིས་རང་ཡུལ་ལ་བྱོན་དགོས་པར་ནན་ཞུ་ལྟར་ཕེབས་ནས་མཛད་འཕྲིན་རྒྱ་ཆེར་བསྐྱངས།
གཞི་རྩའི་གནས་ཚུལ།

མི་རིགས།
བོད།
ཡབ།
ཡབ་སྔགས་འཆང་ཀུན་བཟང་བསྟན་རྒྱས།
ཡུམ།
རག་ཤུལ་རིག་བྱེད་མ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1890-1939)ལོར།


1 ངོ་སྤྲོད།

མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་ཡབ་སྔགས་འཆང་ཀུན་བཟང་བསྟན་རྒྱས་དང་ཡུམ་རག་ཤུལ་རིག་བྱེད་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་བའི་ལྕགས་སྟག་སྟེ་སྤྱི་ལོ1890ལོར་སྐུ་འཁྲུངས། རྗེ་འདི་ཉིད་ནི་ཡབ་མེས་གོང་མ་ལས་ལྷག་པའི་གངས་ཅན་འཛིན་མའི་ཁྱོན་འདིར་སླར་ཡང་རྫོགས་ལྡན་དང་པོ་འཁྲུངས་པ་ལྟ་བུའི་དཔལ་ལ་བཀོད་ཀྱང་། མ་རུང་ཡིད་སྲུབ་སྙིང་ལ་ཞུགས་པ་འགས་ཡོན་མཆོད་བར་ལུང་མེད་ཀྱི་ཕྲ་མ་བྱས་པའི་རྐྱེན་དང་། གདུལ་ཞིང་ཡང་ཕྱོགས་སུ་ཡོད་པར་གཟིགས་ཏེ་མཚོ་སྔོན་ཕྱོགས་སུ་ཆིབས་བསྒྱུར་གནང་། དེར་མཛད་འཕྲིན་ལྷག་པར་རྒྱས་ཤིང་། གྲུབ་བརྙེས་ཀྱི་མཛད་པ་སྣ་ཚོགས་པའི་གདུལ་བྱ་གྲངས་མེད་པ་ཐར་ལམ་ལ་བཀོད་ཅིང་། ཡུལ་ཕྱོགས་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། རྟེན་གསུམ་བཞེངས་བ་སོགས་མདོར་ན་རྣམ་དཀར་གྱི་མཛད་པ་མཐའ་ཀླས་སུ་བྱུང་ཚུལ་ནི་ཁོང་གི་རྣམ་ཐར་དང་། ད་ལྟ་བྱང་པ་ནག་ཁག་གསུམ་སོགས་ཀྱི་དེར་གནས་ཀྱི་རྒན་རབས་ཀུན་གྱི་ངག་རྒྱུན་ན་གསལ་བོར་ཡོད་པ་ལ་དཔག་ན་ཤེས་ཐུབ་པ་ཡོད། ཁོང་གི་ནམ་ཡང་ཆོས་གསུང་སྐབས་སུ། བླ་མའི་ཅི་གསུང་ཆོས་སུ་ཤེས་ན་སློབ་མའི་མཆོག ། སློབ་མའི་བློ་ཁ་ཆོས་ལ་བསྒྱུར་ན་བླ་མའི་མཆོག ། ཅེས་གསུང་སྲོལ་ཡོད་ཚུལ་རྨེ་བའི་ཨ་ཁུ་བཟང་གྲོལ་ལགས་ཀྱིས་ཕྲན་ལ་བཤད་པ་ལྟར་བྲིས། སྲས་མོ་ཟླ་གསལ་དབང་མོས་མཛད་པའི《མདོ་རིན་པོ་ཆེའི་རྣམ་ཐར་བསྡུས་པ》ལས། སྐབས་དེར་དམ་སྲི་སྙིང་ལ་ཞུགས་པའི་སྐྱིད་སྣང་དགོན་པའི་ཁྲི་པ་པད་རྡོར། མགར་བླ་དཔལ་ལྡན། གསེར་ཆུ་ཆོས་འཛིན་སོགས་དང་། མདོ་སྒར་གྱི་ཕྱག་མཛོད་ཡོན་ཏན་མཆུ་ལོ། ཡོན་ཏན་མིག་རིལ། སྐུ་རྒྱབ་རོང་མི་ཡེ་ཤེས་སོགས་ཀྱིས་ལྕགས་ལ་རྒྱལ་པོ་ལ་བླ་མ་མདོ་ཚང་ནི་རྒྱལ་སྲས་རལ་གྲིའི་སྲས་མིན་རྒྱལ་རོང་བསྟན་འཛིན་གྱི་བུ་ཡིན་པས། འདི་མདོ་སྒར་གྱི་བསྟན་བདག་མི་འོང་། རྡོར་བྲག་མཁན་སྤྲུལ་རྣམ་རྒྱལ་རལ་གྲི་ཡིན་ཞེས་ལྕགས་ལ་རྒྱལ་པོ་ལ་རྫུན་གཏམ་དུ་མ་ཞུས་ནས། རྒྱལ་པོས་བརྟག་དཔྱད་གང་ཡང་མ་བྱས་པར་བདེན་པར་བཟུང་ནས་མདོ་ཚང་གི་རྟེན་སྒམ་རྣམས་ཐེའུ་ཡིས་མནན་དུ་བཅུག་ནས་བླ་མ་རྒྱང་ཕུད་གཏོང་དགོས་བསམ་སྐབས། གློ་བུར་དུ་རྫོང་འགག་རྒྱལ་པོ་གདན་དྲངས་སར་ཐོན་ནས་ས་ཆ་དེར་ཅུང་ཟད་བཞུགས། དེ་རྗེས་ས་མང་པོར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། ངོ་མཚར་བ་ཞིག་ལ་ཅུང་མ་འགོར་བར་ལྕགས་ལ་རྒྱལ་པོ་རྒྱས་བཙོན་ཁང་ནང་དུ་བཅུག་ཡོད་སྐབས། བཙོན་ར་ནས་བཙུན་མོ་དང་ལྷན་དུ་བྲོས་ནས་ཆུར་མཆོང་ནས་འཆི་བ་ལས་ཐར། གཞན་བླ་སློབ་བར་ལ་དབྱེན་སྦྱོར་དང་དཀྲུག་ཤིང་རྒྱག་མཁན་རྣམས་ལ་ཁ་ལས་གཏན་ནས་དགེ་རུ་བཅུག་མེད། བླ་མ་ས་མཐའ་ཅི་ཙམ་བྱོན་ཡང་འགྲོ་དོན་དེ་ཙམ་རྒྱས་ཡོད། རྗེས་སུ་མི་ཉག་རང་ཡུལ་གྱི་དགོན་སྡེ་བཅུ་གསུམ་དང་། རག་ཤུལ་ཕ་ཚོ། གོ་རོ་ལྷ་སྡེ་བཅས་ཀྱིས་རང་ཡུལ་ལ་འབྱོན་དགོས་པར་ནན་ཞུ་ཞུས་པར་བརྟེན། ཚུར་འབྱོར་རྒྱུ་ཞལ་བཞེས་གནང་སྟེ་བྱོན་སྐབས་རྨེ་ཁོག་ཏུ་མཐར་དགུང་ལོ་ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས་སྟེ་སྤྱི་ལོ1939ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།