སྙན་ངག་གསར་རྩོམ་གྱི་ཚོར་འདུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྙན་ངག་གསར་རྩོམ་གྱི་ཚོར་འདུ་ནི་རྩོམ་པ་པོའི་བསམ་བློ་དེར་གནས་ཤིང་དེ་རང་མཚོན་པར་བྱེད་པའི་བློ་ཡི་ཞེན་ཕྱོགས་ཤིག་ཡིན་པ་གསལ་བཤད་གནང་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་ངག
1 ངོ་སྤྲོད། 

སྙན་ངག་ལ་སྲོག་བཅུད་ལྡན་མིན་དང་ཡིད་འགུག་གི་ནུས་པ་ལྡན་མིན་ནི་གཙོ་བོ་ཚོར་འདུ་དང་དེ་ལས་འཕྲོས་པའི་སྒྱུ་རྩལ་གྱི་མཚོན་སྟངས་ངེས་ཅན་ལ་འབྲེལ་བ་རྟོགས་ཐུབ། དེ་ལྟ་བས་ན་བོད་ཀྱི་སྙན་གཞུང་སྨྲ་བ་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་མཆོག་གིས་སྒྱུ་རྩོམ་སྙན་ཚིག་གི་ཁྱད་ཆོས་རྗོད་སྐབས་ཀྱང་།  དགའ་སྐྱོ་ཆགས་སྡང་ཁོང་ནས་བརྡོལ་བའི་རླབས། ། རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་པའི་དབྱངས། ། ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་བསྐལ་བའི་རླུང་། ། བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ། ། ཞེས་གསུངས་ཤིང་། སྒྱུ་རྩོམ་སྙན་ཚིག་ལ་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་བཅོས་མ་མ་ཡིན་པར་སྙིང་ཁོང་ནས་འཕྱུར་ཞིང་བརྡོལ་བའི་རྦ་རླབས་འདྲ་ཞིག་ལྡན་དགོས་པར་བསྟན་འདུག

2 བསམ་བློའི་ཚོར་འདུ། 

སྙན་ངག་པས་ཚོར་འདུ་རྣལ་མ་ལས་བསམ་བློ་མཚོན་པར་དོ་སྣང་བྱེད་མི་དགོས་པ་གཏན་ནས་མ་ཡིན་ཏེ། ཕུ་ལེ་ཧན་ནོ་ཧྥུས་སྒྱུ་རྩལ་གྱིས་མི་རྣམས་ཀྱི་ཚོར་འདུ་མཚོན་དགོས་པ་མ་ཟད་བསམ་བློའང་མཚོན་དགོས་ཞེས་གསུང་། དོན་དངོས་སུ་སྙན་ངག་གི་བསམ་བློ་ནི་སྙན་ངག་པས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་དང་འཚོ་བ་ལ་རྟོགས་ཞིབ་དང་དཔྱད་གཞི་གནང་བ་ལས་བྱུང་བའི་གོ་རྟོགས་ཁྱད་པར་བ་ཞིག་ཡིན་པ་དང་། ཚོར་འདུ་ནི་བསམ་བློ་དེ་ལ་གནས་ཤིང་དེ་རང་མཚོན་པར་བྱེད་པའི་ཐོག་མཐའ་བར་གསུམ་དུ་གནས་པའི་བློ་ཡི་ཞེན་ཕྱོགས་ཤིག་ཡིན། དེ་དག་ཕན་ཚུན་རྟེན་ཅིང་འབྲེལ་བར་གནས་པ་དང་གཏིང་སིམ་པར་འདྲེས་པ་ལས་བརྩམས་ཆོས་ལ་ནུས་སྟོབས་དང་ངར་ཤུགས་བསྒྲུན་དུ་མེད་པ་ཐོན་པས། པེ་ལིན་ཟི་ཁེས་སྙན་ངག་གི་བསམ་བློ་ནི་དྲོད་ཁོལ་བསྐྱེད་པའི་ཚོར་འདུ་ཡིན་ཞེས་གསུངས་པ་དང་། ཀུང་མུའུ་ནས་ཀྱང་ལར་ཡིད་ཀྱི་འགྱུར་བ་ལྡན་པའི་བརྩམས་ཆོས་ཤིག་ཡིན་ན། བསམ་བློ་མི་ལྡན་པ་ནི་ཡོད་མི་སྲིད་ལ། བསམ་བློ་དེ་ཚོར་འདུ་རྣལ་མར་གཏིང་སིམ་པར་གྱུར་ན། ད་གཟོད་སྒྱུ་རྩལ་བརྩམས་ཆོས་སྟོབས་ཤུགས་ནུས་ལྡན་ཅན་དུ་འགྱུར་ཐུབ་ཅེས་གསུངས།

3 རྩོམ་གཞུང་དུ་བསྟན་པ།

《དབྱངས་ཅན་ངག་རོལ་མཚོ》ལས། རེ་ཞིག་བརྗོད་འདོད་ཀྱི་བློའི་སྣང་ཞེན་དང་འདྲེས་པའི་བསམ་བློའི་ནང་དོན་དང་བསྟུན་ནས་རྩོམ་གྱི་སྒྲིག་གཞི་དང་། བྱུང་རིམ། སྣང་བརྙན་གྱི་འགོད་སྟངས། ཚིག་དོན་ཞུན་བརྡར་བྱེད་ཚུལ། ཚིག་སྦྱོར་གྱི་སྡེབ་ལུགས། རྒྱན་སྣ་ཚོགས་ཀྱི་སྤེལ་སྟངས་སོགས་ངེས་གཏན་བྱས་པ་ཡིན་ལ། བོད་ཀྱི་སྙན་གཞུང་སྨྲ་བ་རྣམས་ཀྱིས་ཀྱང་དོན་དང་དོན་མ་ཡིན་པ་དག་རྣམ་པར་དཔྱད་ནས་རྗོད་བྱེད་ཚིག་གི་ཕྲེང་བར་ལེགས་པར་སྤེལ་བ། ཞེས་པ་དང་། 《སྙན་ངག་གི་རྣམ་བཤད་》ལས། བརྗོད་བྱའི་ནང་དོན་གྱི་ཉམས་འདོན་པའི་དགོས་མཁོ་དང་བསྟུན་ནས། ཚིག་སྦྱོར་གྱི་ཐ་སྙད་སྡེབ་ལུགས། སྒྲའི་ཁྱད་ཆོས་སོགས་གང་ལེགས་སྤེལ་བ། ཞེས་པ་ལྟ་བུ་དང་། གཞན་ཡང《སྙན་ངག་གི་མཛེས་རིག》ལས་ཀྱང་རྐང་འཛིན་པའི་དགོངས་དོན་བཙོ་སྦྱང་དང་ཚིག་སྦྱོར་ཞུན་བརྡར་བྱེད་པ་སོགས་ཚོར་འདུའི་ནུས་སྟོབས་ལ་བརྟེན་དགོས་ཚུལ་དཔེ་དང་བཅས་པར་བསྟན་ཡོད། འདི་དག་ང་ཚོས་གུང་བསྒྲིགས་ནས་ངང་གིས་བསམས་པ་ཙམ་གྱིས་སྙན་ངག་གི་རྣམ་པ་སྟེ། ཇི་ལྟར་མཚོན་པར་བྱེད་པའི་ཚུལ་དང་གང་ཞིག་མཚོན་པར་བྱ་བའི་ནང་དོན་ལ་རྩོད་སྒྲུབ་གཅིག་གྱུར་གྱི་བསམ་བློའི་འབྲེལ་བ་ལྡན་པ་རྟོགས་ཐུབ་བོ། །


བརྡ་འགྲེལ་གདོང་འཛར།

རིག་གནས། རྩོམ་རིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-29

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།