ཀུན་རྟོག་ཁྱད་མཚར་གྱི་ཚིག་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྙན་ངག་གི་ཚིག་རྒྱན་སྤེལ་སྟངས་ཀུན་རྟོག་ཁྱད་མཚར་མཛེས་ཉམས་ཀྱི་ཁྱད་ཆོས་གསལ་བརྗོད་ཀྱིས་དེའི་མཛེས་པའི་ཉམས་སྙན་ངག་གི་རྒྱན་གང་དག་ལས་མངོན་པའི་ཚུལ་སོགས་གསལ་བརྗོད་གནང་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་རྩོམ།
1 ངོ་སྤྲོད། 

སྙན་ངག་གི་ཀུན་རྟོག་ཁྱད་མཚར་གྱི་མཛེས་ཉམས་ནི་སྙན་ངག་པའི་ཚོར་འདུའི་སྒུལ་ཤུགས་དང་། དེ་ལས་འཕྲོས་པའི་རྟོག་བཏགས་ཀྱི་འཆར་སྣང་དང་ཀུན་རྟོག་སེམས་ཀྱི་ཉམས་འགྱུར་ཅི་དགར་སྟོན་པ་ལས་མངོན་པའི་སྙན་ངག་གི་མཛེས་ཉམས་ཤིག་ཡིན་ལ། འདི་ལ་སྙན་གཞུང་སྨྲ་བ་ཀུན་ཕལ་མོ་ཆེས་རྟོག་པ་འཆར་ཡན་གྱི་མཛེས་ཉམས་ཞེས་ཀྱང་བྱ། སྙན་ངག་ལ་འདི་འདྲིའི་རྟོག་འཆར་གྱི་འགོད་ནུས་གཤིས་སུ་གྲུབ་དགོས་ཤིང་གཞི་ནས་འབྲལ་ཐབས་མེད་པ་ཞིག་ཡིན་པས་ན། ཁ་ཅིག་གིས་སྙན་ངག་ནི་ཀུན་ཏུ་རྟོག་པའི་སེམས་ཀྱི་ཉམས་འགྱུར་སྟོན་པ་ཡིན་ཞེས་དང་། སྙན་ངག་ནི་རྟོག་བཏགས་ཀྱི་འཆར་སྣང་དང་ཚོར་འདུ་ཤུགས་དྲགས་ལས་བྱུང་བར་བཞེད་འདུག བྱེ་བྲག་ཏུ་སྙན་རྩོམ་དག་ལ་མཚོན་ན། རྟོག་འཆར་གྱི་འགོད་ནུས་འདི་དག་ཚིག་རྒྱན་གྱི་སྤེལ་སྟངས་ཏེ། དཔེ་རྒྱན་དང་གཟུགས་རྒྱན་སོགས་གང་རུང་ལས་མངོན་བཞིན་ཡོད་ནའང་། གཙོ་བོ་རབ་རྟོག་གི་རྒྱན་དང་། ཕུལ་བྱུང་གི་རྒྱན། ཤར་བའི་མཛེས་པ་དང་། ཏིང་ངེ་འཛིན་གྱི་རྒྱན། རབ་བཏགས་ཀྱི་དཔེ་སོགས་ལས་མངོན་པ་ཆེས་མངོན་པར་གསལ།

2 སྙན་གཞུང་ལས་བསྟན་ཚུལ།

བོད་མཁས་པའི 《སྙན་འགྲེལ་དཎྜིའི་དགོས་རྒྱན》ལས། སེམས་ལྡན་དག་གམ་ཅིག་ཤོས་ཀྱིས། ། རྣམ་པ་གཞན་དུ་གནས་པའི་ཚུལ། ། གང་དུ་རྣམ་གཞན་རབ་རྟོག་པ། ། དེ་ནི་རབ་རྟོག་ཏུ་རིག་དཔེར། །  ཞེས་པ་ལས། སེམས་དང་ལྡན་པ་དག་གམ། དེའི་ཅིག་ཤོས་སེམས་མེད་ཀྱི་དངོས་པོའི་རྣམ་པ་གཞན་དུ་སྟེ། གནས་ལུགས་ཇི་ལྟ་བར་གནས་པའི་ཚུལ་དེ་ཉིད་ཚིག་སྦྱོར་གང་དུ་དེ་མ་ཡིན་པའི་རྣམ་པ་གཞན་ཞིག་རབ་ཏུ་རྟོག་ཅིང་། སྒྲོ་བཏགས་ནས་བརྗོད་པ་དེ་ནི་རབ་རྟོག་གི་རྒྱན་དུ་རིག་པར་བྱའོ་ཞེས་པ་དང་། རྒན་དོར་ཞི་ཉིད་ནས་རྒྱན་འདི་ནི(རབ་རྟོག་གི་རྒྱན)ཡུལ་དུས་རང་བཞིན་སོགས་ལ་ལྟོས་མི་དགོས་པར་སྣང་བ་རྒྱ་ཡན་དུ་བཏང་སྟེ། དྲན་པའི་མཁའ་དབྱིངས་སུ་རང་དགར་རྒྱུ་ཞིང་བློ་ཡུལ་ན་སྔར་ཡོད་དང་གསར་སྐྱེས་ཀྱི་ཤེས་བྱའི་སྣང་བརྙན་སྣ་ཚོགས་འདུས་བསྲེ་སྒྲིག་བཀོད་ལས། ངོ་མཚོར་བའི་ཡིད་ཀྱི་སྣང་བརྙན་གྱི་ཁྱད་ཆོས་ལྡན་པའི་རྟོག་བཏགས་ཀྱི་འཇིག་རྟེན་གསར་བ་ཞིག་བསྐྲུན་པའམ་གསར་སྐྱེད་བྱེད་པ་ཞིག་ཡིན་ཞེས་གསུངས་པ་དང་། དེ་བཞིན་དུ་ཕུལ་བྱུང་གི་རྒྱན་སོགས་ལའང་འདི་རིགས་ཀྱི་ཁྱད་ཆོས་ལེགས་པར་ལྡན་ཏེ། རྩ་བ་ལས། ཁྱད་པར་གྱི་ནི་བརྗོད་འདོད་གང་། ། འཇིག་རྟེན་མཚམས་ལས་བརྒལ་གྱུར་པ། ། ཕུལ་དུ་བྱུང་བར་བརྗོད་པ་འདི། ། རྒྱན་གྱི་དམ་པ་ཡིན་ཏེ་དཔེར། ། ཞེས་ཕུལ་བྱུང་གི་རྒྱན་བསྟན་པ་དང་། འཇིག་རྟེན་འདས་བཞིན་བརྗོད་འདོད་ཀྱི། ། དོན་གང་ཤིན་ཏུ་བཀོད་གྱུར་པ། ། དེ་ཡིས་མཁས་པ་ཤིན་ཏུ་ནི། ། ཚིམ་གྱུར་ཅིག་ཤོས་མ་ཡིན་དཔེར། ། ཞེས་མཛེས་པའི་ཡོན་ཏན་བསྟན་པ་དང་།  གཞན་གྱི་ཆོས་དེ་གཞན་དག་ལ། ། འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། ། གང་དུ་ཡང་དག་འཛིན་བྱེད་པ། ། ཏིང་ངེ་འཛིན་དུ་བརྗོད་དེ་དཔེར། ། ཞེས་ཏིང་ངེ་འཛིན་གྱི་ཡོན་ཏན་བསྟན་པ་དང་། དེ་ཡི་བཞིན་དཔལ་ང་ཉིད་ལ། ། ཡོད་ཅེས་ཟླ་བ་སྙེམས་མི་དགོས། ། པདྨ་ལ་ཡང་དེ་ཡོད་ཕྱིར། ། ཞེས་པ་ལྟ་བུ་རབ་བཏགས་ཀྱི་དཔེ་རུ་བསྟན་པ་སོགས་ལས་ཀྱང་གོང་མཚུངས་རྟོག་འཆར་གྱི་འགོད་ནུས་ཁྱད་མཚར་དུ་ལྡན་པ་རྟོགས་སླའོ། །

3 ཀུན་རྟོག་མཛེས་ཉམས་མངོན་ཚུལ།

ཀུན་གྱིས་རྟོག་བཏགས་ཀྱི་འཆར་སྣང་ནི་སྙན་ངག་གི་གཞི་རྩར་དགོངས་ཤིང་། འཁྱོག་བརྗོད་རྟོག་འཆར་གྱི་འགོད་ནུས་ཁྱད་པར་བ་དེ་ནམ་རྒྱུན་རབ་རྟོག་སྒྲོ་འདོགས་དང་འུད་ཤོམ་ཆེ་བའི་རྒྱན་དེ་རིགས་ཀྱི་སྤེལ་སྟངས་ཁྱད་པར་བ་ལས་མངོན་པར་དགོངས་ནས། དེ་དག་ལག་ལེན་ལས་སྤྱོད་སྒོ་ཡངས་ཤིང་རྒྱུགས་ཆེ་བར་སྣང་སྟེ། དཔེར་ན། ཞང་ཞུང་ཆོས་དབང་གྲགས་པའི《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ལས། ཁུར་བུའི་ལྕིད་ཀྱིས་ངལ་བའི་ཆུ་རྒྱུན་འཛམ་བུའི་གྲོང་ཁྱེར་ཞིང་བ་ཡིས། ། རྫིང་གི་མལ་ཆེན་རྩི་ཐོག་ཟ་འོས་སྙེ་མ་མཐོ་ལྡན་བཤམས་པར་ཞུགས། ། དེར་ནི་ངལ་བས་དྲན་པ་སྟོར་ཏེ་མིག་ཟུམ་གཉིད་ཀྱིས་ནོན་པར་གྱུར། ། མུ་ཏིག་ཕྲེང་འབྲི་བ་གླང་ཁ་ཆུ་དྲ་བས་འབྲེལ་བར་སྦྲང་བུ་བཞིན། ། ཞེས་དང་། བོད་མཁས་པས། གཡེམ་ལ་རྗེས་ཆགས་སྔོ་བསངས་མཁའི་བུ་མོ། ། རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ། ། སྐྱ་རེངས་སྣང་བ་དང་འགྲོགས་སྲིད་པའི་མིག ། བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བཞིན་རྒྱུ། ། ཞེས་པ་དང་། མཁས་གྲུབ་རྗེ་ཡི《དཔལ་ལྡ་ཡོན་ཚོགས་མ》ལས། མཁས་པ་གསེར་རིའི་ཕྲེང་བ་ནི། ། གཟི་བརྗིད་རབ་རྒྱས་ཉི་མ་ཡི། ། དྲུང་ན་མར་མེ་རྩེ་མོ་དང་། ། མཚུངས་པའི་གནས་ལ་ཁྱོད་ཀྱིས་བཀོད། ། ཅེས་བསྟོད་བྱའི་ཡུལ་དེ་ལ་འཇིག་རྟེན་གྱི་ཚད་ལས་འདས་ཤིང་འུད་ཆེན་པོས་བློར་མི་ཤོང་བར་བསྔགས་པར་བརྗོད་པ་ཤར་བའི་མཛེས་པའི་ཡོན་ཏན་དུ་བརྗོད་པ་ལྟར་སྣང་ལ། དེ་བཞིན་དུ་འཁྱོག་བརྗོད་སྤོམ་ཚིག་གི་མཚར་ཉམས་ལྡན་པའི་རྒྱན་ཕལ་མོ་ཆེའི་སྦྱོར་སྟངས་རྣམས་ལ་འཆར་ཡན་པའི་སྒྱུ་རྩལ་གྱི་ལམ་ནས་བརྗོད་བྱའི་དོན་རྣམས་སྤྱི་ཆོས་ལས་བརྒལ་ཞིང་འུད་ཆེན་པོས་སྒྲོ་འདོགས་བྱེད་པའི་ཐབས་རྩལ་མཆོག་ཅིག་ཏུ་སྣང་བས། ཀློག་མཁན་རྣམས་ལའང་དགོད་བྲོ་བའི་ཟློས་གར་དང་མཚར་ཆེ་བའི་རི་མོ་ཉམས་སུ་བསྟར་བ་བཞིན་སྙན་རོའི་མཛེས་ཉམས་རོ་བརྒྱ་ལྡན་པ་ཞིག་ཉམས་སུ་མྱོང་རྒྱུ་ཡོད་པར་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-29

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།