རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་རང་གཟུགས་ཀུན་མཁྱེན་འཇམ་དབྱངས་བཞད་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་རྣམ་པར་ཐར་པ་དབྱར་དུས་ཐོག་མའི་འབྲུག་སྒྲ་ཞེས་བྱ་བ་འདི་ནི་དད་ལྡན་དགེ་འདུན་རྒྱ་མཚོས་བསྐུལ་ངོར། ད་དུང་རྣམ་ཐར་རྒྱས་པ་བྲི་བ་སྐབས་སུ་མ་བབས་ཀྱང་རང་གི་སྐལ་བ་བཟང་བར་བསམས་ཏེ་ས་བོན་ཙམ་དུ་མགོན་པོ་གང་གི་བརྩེ་བར་གཟིགས་པའི་བཀའ་འབངས་ཞང་བཙུན་བསྟན་པ་རྒྱ་མཚོས་འཛམ་གླིང་མཛེས་པའི་རྒྱན་གཅིག་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་རང་གི་སྐྱེས་ཡུལ་དངོས་མ་ཁེ་ནཱ་མོར་ཆེར་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཞང་སྟོན་བསྟན་པ་རྒྱ་མཚོ།
1 མ་ཡིག

རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར།

འདོད་པ་ཡིད་བཞིན་འཇོ་བའི་འཁོར་ལོ་ལས། ། ལེགས་སྤྲོས་བྱིན་རླབས་སྣང་བའི་དགའ་སྟོན་གྱིས། ། སྲིད་ཞིའི་འཇིགས་སྒྲོལ་ཚེ་ཡི་དཔལ་སྟེར་མས1། ། ཆོས་མཐུན་རེ་འབྲས་སྨོན་བཞིན་འགྲུབ་པར་མཛོད། ། དུས་ཀྱི་འཁོར་ལོ་བགྲང་དུ་ཡས་པར་དཔག་ཡས་ཚོགས་གཉིས་ཆུ་གཏེར་ཆེ། ། ཐུགས་བསྐྱེད་རླབས་ཆེན་ཀླུ་དབང་གིས་བཟུང་ལྟ་བའི་རི་བོས་བསྲུབས་པ་ལས། ། ལེགས་གསུང2འོད་དཀར་ཟེགས་མ་འབུམ་འགྱེད་སྐུ་བཞིའི3ཆ་ཤས་རྫོགས་པའི་ཟླ། ། དག་པའི་དབྱིངས་ལས་ནམ་ཡང་གཡོ་མེད་ཐུབ་པའི་དབང་པོ་རྒྱལ་གྱུར་ཅིག ། རྣམ་འདྲེན་ཀུན་གྱི་མཁྱེན་རབ་ཕུང་པོ་དམར་སེར་འོད་ཀྱི་གདེངས་ཀ་ཅན། ། སྲིད་པའི་འཆིང་བ4རྩད་ནས་གཅོད་པའི་རྟེན་འབྱུང་རལ་གྲིའི་འཁྲུལ་འཁོར་མཁན། ། རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྔགས་པའི་མེ་ཏོག་འཕྲེང་བས་མངོན་མཆོད་པ། ། ལྷག་པའི་ལྷ5མཆོག་འཇམ་དཔལ་དཔའ་བོ་རྟག་ཏུ་དང་བའི་ཡིད་ཀྱིས་བསྟེན། ། རྒྱལ་བ་ཀུན་གྱི་གསུང་གསང་འོ་མའི་མཚོར། ། སྙན་ངག་རླབས་ཀྱི་འཕྲེང་བས་སྒེག་པ་མོ། ། དབྱངས་ལྡན་དབྱངས་ཀྱི་རྒྱལ་མོ་ཟླ་བཞིན་མ། ། མགྲིན་པའི་འཁོར་ལོར་རྟག་ཏུ་རོལ་པར་མཛོད། ། བློ་བཟང་མཁྱེན་པའི་འོད་སྣང་རོལ་པའི་རླབས། ། ཇི་སྙེད་གསུང་རབ་མཐའ་ལ་རྗེས་སོང་བའི། ། རྒྱལ་བའི་ཉི་མ་གཉིས་པར་རབ་གྲགས་པ། ། མགོན་ཁྱོད་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། ། ལེགས་བཤད་དབྱར་གྱི་ལང་ཚོར་རྗེས་ཆགས་འཇམ་དབྱངས་དགྱེས་བཞད་པདྨ་འབུམ། ། སྐལ་བཟང་སྦྲང་འཐུང་སྙིང་གི་དཔྱིད་གྱུར་དཀོན་མཆོག་ཀུན་འདུས་རྡོ་རྗེ་ཅན། ། དཔལ་ལྡན་འཇིགས་མེད་སྟབས་བཅུའི་དབང་པོ་སྲིད་གསུམ་ལྷ་མིའི་གཙུག་གི་རྒྱན། ། འཇིགས་བྲལ་དཔག་མེད་དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག་པོ་གང་དེར་འདུད། ། སྐལ་བཟང་རྣམ་སད་ཡོངས་ཀྱི་རོལ་གནས་ཐུབ་བསྟན་དཔག་བསམ་འཁྲི་ཤིང་ཚལ། ། གསང་གསུམ་སྦྲང་ཆར་བཅུད་ཀྱིས་སྐྱོང་བའི་བཤེས་གཉེན་ལྷ་ཡི་དབང་ཕྱུག་ཆེ། ། སྙིགས་དུས་རྒུད་པའི་ཚ་གདུང་སེལ་ལ་ཐུགས་བསྐྱེད་རླབས་ཆེན་ཤུགས་རྫོགས་པ། ། སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་ཁྱོད་ཞབས་པདྨོ་གཙུག་གིས་མཆོད། ། སྣ་ཚོགས་འགྲོ་བའི་ཁམས་ལ་རྗེས་སོང་བའི། ། གསང་གསུམ་སྟོབས་བཅུའི་འཇུག་པ་སྒྱུ་མའི་འཕྲུལ། ། སྣང་དང་སྟོང་པ་རོ་མཉམ6ཆ་ཤས་རེར། ། རྒྱལ་ཀུན་གསུང་གསང་འཁོར་ལོ་གཅིག་ཏུ་རྫོགས། ། དེ་སྙེད་བསྔགས་པའི་དབྱངས་ཀྱི་ངུར་བ་མོ། ། སྲས་བཅས་རྒྱལ་བའི་ལོངས་སྤྱོད་འཁོར་ལོའི་མཚོར། ། སྲིད་པའི་ཞི་མཐར་རོལ་པའི་སྙན་དགུའི་བཅུད། ། ཕྱོགས་བྲལ་ཞིང་གི་ཁྱོན་ལས་ཀུན་ཏུ་འདས། ། འོན་ཀྱང་མཐའ་མེད་སྲིད་པའི་སྨག་རུམ་ལས། ། ཐུགས་རྗེའི་སྣང་བ་དཀར་པོས་ཉེར་བསུས་པའི། ། ཐར་པའི་དམིགས་བུ་རྙེད་པའི་སྐལ་བ་འདི། ། མི་གཏོང་ཚིག་གི་མེ་ཏོག་འགའ་ཙམ་འཐོར། ། རྣམ་ཐར་གཞུང་དོན་དཀྱུས་མ་དག་ནི་གོ་སླའི་ངག་གིས་བརྗོད་པར་བྱ། ། བར་སྐབས་རྨད་བྱུང་སྙན་ངག་གཏམ་གྱིས་ཁེངས་ལྡན་རི་བོ་བསྙིལ་བར་བྱ། ། སྐལ་ལྡན་དད་པའི་མྱུ་གུ་སྤེལ་སླད་དོན་ལྡན་བསྔགས་པ་བརྗོད་པར་བྱ། ། ཕྱོགས་ལྷུང་སྒྲོ་སྐུར་མཐའ་གཉིས་སྤངས7ཏེ་དབུ་མའི་གཞུང་ལམ8འགྲིམ་པར་བྱ། ། 

གངྒཱའི་སྲིང་མོ་གཉིས་པ་འབྲི་ཆུ་ཞེས། ། རྦ་རླབས་ལག་པའི་རོལ་རྩེད་སྒྱུར་བའི་ངོགས། ། རྨ་རྒྱལ་སྲས་པོ་གཙུག་རྒྱན་ནོར་བུ་སོགས། ། དཀར་ཕྱོགས་སྐྱོང་བ་དུ་མས་བསྟེན་པའི་ཡུལ། ། དད་ལྡན་དགེ་བསྙེན་དགེ་ལེགས་འབྱུང་གནས9དང་། ། གཞན་ཕན་ཆོས་མཚོ་ཞེས་བྱ་དགེ་བསྙེན་མ། ། ལས་སྨོན་དགེ་བས་འབྲེལ་བའི་ཡབ་ཡུམ་སོགས། ། གཟིགས་པ་རྣམ་ལྔའི་སྤྱན10གྱིས་ཉེར་གཟིགས་ནས། ། ཐམས་ཅད་མཁྱེན་དངོས་ཡབ་རྗེ་གོང་མ་དེ། ། མི་ཕམ་རྒྱལ་བའི་མདུན་སར་གཤེགས་ལས་སླར། ། དྭངས་པའི་ཆུ་ལ་འགོག་མེད་ཟླ་གཟུགས་བཞིན། ། ཡེ་ཤེས་སྒྱུ་མའི་འཕྲུལ་གྱིས་སྲིད་པ་བཟུང་། ། འབྲུག་ལོ11ཆོ་འཕྲུལ་ཟླ་བའི་ཉེར་ལྔའི་ཉིན། ། ལིམྦྷིའི་ཚལ་དུ་དོན་ཀུན་གྲུབ་པ་བཞིན། ། བལྟམས་ཚེ་དཀར་ཕྱོགས་ལྷ་རྣམས་དགའ་བའི་ཆར། ། འཇའ་ཚོན་འཁྲིགས་པའི་དབྱིངས་ལས་ཅི་དགར་བབས། ། དེ་ཚེ་ཁྱིམ་གྱི་ཉེ་འཁོར་དུ ། མེ་ཏོག་གསར་དུ་འཁྲུངས་པ་དང་། ། ཡབ་ཡུམ་ལ་སོགས་ཡུལ་མི་ལ། ། དགེ་མཚན་རྨི་ལམ་ཅི་ཡང་བྱུང་། ། བརྩེ་ཆེན་དམར་འོད་ཆགས་པ་མཚམས་སྤྲིན་གྱི། ། བཅུད་འཐུང་ཤེས་རབ་ཟླ་བའི་ལང་ཚོ་མ། ། མཛའ་བ་རོ་གཅིག་གྱུར་པ་འོད་གསལ་དབྱིངས། ། འགག་མེད་ནཱ་དའི་རང་གདངས་གཟུགས་སུ་བཞེངས། ། སྙན་པར་གྲགས་པ་ཕྱོགས་སུ་སྤྲིངས་པའི་འཕྲིན། ། དགེ་མཚན་འོད་དུ་སྨིན་པ་གློག་གི་ལྕེ། ། དགེ་ལེགས་ཐོག་མའི་དབྱར་རྔ་བཞད་པའི་གདངས། ། སྐལ་བཟང་རྨ་བྱ་དགའ་བའི་དཔྱིད་དུ་སྨིན། ། འཇམ་དབྱངས་དབྱངས་ཀྱི་ང་རོ་བཞད་པའི་གདངས། ། གཞན་ཕན་ཕན་བདེའི་ལམ་སྟོན་སྣང་བའི་མཛོད། ། ཀུན་ཁྱབ་ཁྱབ་བདག་བླ་མ་ཁྱོད་ཉིད་ཀྱིས། ། ཇི་སྲིད་སྲིད་པར་རྒྱུ་བ་དེ་སྲིད་སྐྱོངས། ། གཟུགས་སྐུའི12མེ་ཏོག་དགུང་གྲངས་གསུམ་པའི་ཚེ། ། མེ་ཏོག་རྒྱས་པའི་ཚལ་དུ་བཞུགས་ནས་སུ། ། མེ་ཏོག་ཆུན་པོ་ཡབ་ཀྱི་མགོར་བཅིངས་ནས། ། གསུང་གི་མེ་ཏོག་དང་པོ་འདི་སྐད་བསྒྲག ། མེ་ཏོག་མཛེས་པ་སྐྱོན་གྱིས་གོས་པ་མེད། ། འཇིགས་མེད་ང་ཡི་ཐུགས་ནི་ཀུན་ལ་གསལ། ། མང་པོའི་གཙུག་རྒྱན་ནོར་བུ་རིན་ཆེན་དེ། ། ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ། ། དེ་ལྟར་ན་མཉམ་བྱིས་པས་ཕལ་སྐད་ཀྱང་། ། གསལ་བར་བཤད་མི་ནུས་པའི་གནས་སྐབས་དེར། ། བསྡེབས་ལེགས་དོན་ཟབ་ཚིགས་བཅད་འདི་ལྟ་བུ། ། གསུངས་པས་ཚད་མའི་སྐྱེས་བུར13ཅིས་མི་རྟོགས། ། སྐབས་འགར་བདེ་གསང་འཇིགས་གསུམ14ལ་སོགས་པའི། ། སྔགས་དང་བསྟོད་པ་ཅི་རིགས་ཐོལ་བྱུང་གསུངས། ། སླར་ཡང་གསུང་ཞེས་ཞུས་ཚེ་དེ་འདྲ་བ། ། ང་ཡིས་མི་ཤེས་གསུང་སྟེ་སྦ་བར་མཛད། ། བཀྲ་ཤིས་ལྷ་རྩེ་ཞེས་གྲགས་རི་བོའི་རྩེར། ། བཀྲ་ཤིས་ལྷ་བསང་གནང་སྐབས་ཕྱོགས་ཀུན་ཏུ། ། བཀྲ་ཤིས་དགེ་བའི་མཚན་མ་འཇའ་ཚོན་གྱིས། ། བཀྲ་ཤིས་དགའ་སྟོན་ཀུན་གྱི་མིག་སྔར་བསྟར། ། དེ་ཚེ་ང་ནི་བྱང་ཆུབ་སེམས་དཔའ་ཆེ། ། བློ་བཟང་ཐུབ་བསྟན་འཇིགས་མེད་དབང་པོ་དང་། ། འཇམ་དབྱངས་ཞེས་སུ་གྲགས་པ་ཡིན་ནོ་ཞེས། ། སྐུ་ཕྲེང་གསུམ་གའི་མཚན་སྒྲ་གསལ་བར་གསུངས། ། ཆོས་ཀྱི་སྤྱན15ལྡན་ལབ་ལུང་སྤྲུལ་པའི་སྐུ། ། བློ་བཟང་བསྟན་པ་ཆོས་འཕེལ་ཞལ་སྔ་ནས། ། འདི་ནི་དམ་པའི་སྤྲུལ་པ་ཁྱད་པར་ཅན། ། ཡིན་ཞེས་ཁྲུས་དང་བསྲུང་བ་ལན་མང་མཛད། ། ལུང་རྟོགས་མངའ་བདག་དེ་ལ་ནན་ཏན་དུ། ། ཞུས་ཏེ་དགེ་བསྙེན་བསྒྲུབ་ཅིང་དེ་ཡི་ཚེ། ། ངག་དབང་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཞེས། ། དོན་མཐུན་མཚན་སྙན་ཆོས་དུང་དབྱངས་སུ་བསྒྲགས། ། དེ་ནས་བརྩམས་ཏེ་རྒྱལ་བ་གཉིས་པ་ཡི། ། གསོལ་འདེབས་དམིགས་བརྩེ་མ16ཞེས་གྲགས་པ་དེ། ། ཉིན་རེ་བཞིན་དུ་ཞལ་འདོན་མཛད་པའི་རྒྱུན། ། ད་ལྟའི་བར་དུ་མ་ཆག་ཞལ་ལས་ཐོས། ། ལས་སྣང17རྐྱེན་གྱིས་བསྒྱུར་པ་སྲིད་པའི་ལམ། ། སྐྱེ་འཇིག་སྒྱུ་མའི་གར་དུ་ཟློས་ན་ཡང་། ། གསང་གསུམ་བདུད་རྩིའི་དཔལ་ལ་ཆགས་པའི་རོ། ། ནམ་ཡང་མི་ཉམས་མཛའ་གཅུགས་གཤིས་སུ་གྲུབ། ། ན་ཚོད་ཆ་ཤས་ཕྲ་བ་ཟླ་བའི་རིས། ། མཛད་བཟང་འོད་ཡངས་རླབས་ཀྱིས་རོལ་པ་ཅན། ། ལུང་རྟོགས་འཕེལ་བ་རྩོམ་པའི་དཔལ་ཡོན་གྱིས། ། ལྷ་དབང་རལ་བའི་ནགས་ན་ཅི་དགར་རྩེན། ། དུས་རིང་སྲིད་པའི་མཐའ་ལ་རྗེས་ཆགས་པའི། ། ཐུགས་རྗེའི་འཇུག་པ་ཡངས་པའི་དོ་ར་རུ། ། ཚོགས་གཉིས་ལང་ཚོས་དྲེགས་པའི་མེ་ན་ཀཱ། ། གཞན་ཕན་སྤྲུལ་པའི་མིག་འཕྲུལ་གར་དུ་ཟློས། ། ཁྱབ་བདག་དང་པོའི་སངས་རྒྱས་སྡེ་ཁྲི་རྗེས18། ། འཇིགས་བྲལ་དུས་གསུམ་གཟིགས་པའི་བཀའ་གསལ་དང་། ། ཡབ་རྗེ་གོང་མའི་ལུང་བསྟན་ཡིག་བཞག་གཉིས། ། གཅིག་ཏུ་བབས་པས་ཐམས་ཅད་ཡིད་ཆེས་རྙེད། ། ཁྱད་པར་གྲུབ་པའི་དབང་ཕྱུག་དེ་ཉིད་དང་། ། ཡབ་སྲས་འདུ་འབྲལ་མེད་པའི་ཟླ་བའི་གཟུགས། ། ཏིང་འཛིན་ཆུ་མཚོར་ཤར་བའི་གསང་བའི་གཏམ། ། དངོས་སུ་ཐོས་ཀྱང་ཡི་གེར་འགོད་མ་ནུས། ། སྔ་འགྱུར་རང་ལུགས་འཛིན་པའི19རྟོགས་ལྡན་ཞིག ། ཁམས་ཀྱི་ཡུལ་དུ་ཨ་མདོ་སྤྲུལ་པའི་སྐུ། ། སྨྲ་བའི་ཉི་མ་འབྱོན་ཞེས་ལུང་བསྟན་པའི། ། ཡི་གེ་ལོ་མང་སྔོན་ནས་དངོས་སུ་མཐོང་། ། དེ་ལྟར་ཡིད་ཆེས་ལུང་གི་སྐྱ་རེངས་དང་། ། ཐུགས་བསྐྱེད་རྟ་བདུན་རླུང་གི་ཤིང་རྟ་ཡིས། ། མཆོག་སྤྲུལ་ཉི་མ་གཞོན་ནུ་དགྱེས་པའི་ཞལ། ། མདོ་སྨད་བསོད་ནམས་ཤར་རིའི་ཕྲག་པར་དྲངས། ། དེ་ཚེ་ལམ་འཕྲང་དོག་པོར་བགྲོད་པའི་ཚེ། ། ཐམས་ཅད་སྐྲག་སྟེ་ཅ་ཅོ་བསྒྲག་པ་ན། ། ང་ལ་མགོན་ཆོས་གཉིས་ཀྱི་འབྲལ་མེད་དུ། ། བསྲུངས་པས་ཉེས་སྐྱོན་ཅི་ཡང་མེད་ཅེས་གསུངས། ། ཡབ་རྗེའི་རྒྱལ་ཚབ་གསེར་ཁྲི་རིན་པོ་ཆེ20། ། བསུ་བར་ཕེབས་ཚེ་ཤིན་ཏུ་དགྱེས་ཉམས་དང་། ། ཧོར་ཚང་འོད་དཔག་མེད་ཅེས་ཡང་དང་ཡང་། ། གསུངས་པས་ཡབ་སྲས་གསང་བ་སུ་ཡིས་རྟོགས། ། རིང་ནས་ཚངས་སྤྱོད་བརྟུལ་ཞུགས་ལ་གོམས་པས། ། ངུར་སྨྲིག་ན་བཟའ་མྱུར་དུ་ཕུལ་ཞིག་ཅེས། ། གསུང་བཞིན་ཐུབ་པའི་རྗེས་འབྲང་རབ་བྱུང་གི། ། རྟགས་ཀྱི་རྒྱལ་མཚན་ཕུལ་བས་མཆོག་ཏུ་དགྱེས། ། གསེར་མདོག་པན་ཞྭ་སྣེ་རིང་ཕུལ་བ་ན། ། དཔལ་ལྡན་མཉམ་མེད་རི་བོ་དགེ་ལྡན་པའི། ། བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག ། ཅེས་པ་ཐོལ་བྱུང་གསུངས་ཏེ་དབུ་ལ་བཞེས། ། སྐུ་ཕྲེང་དུ་མར་འཇམ་མགོན་བླ་མའི་བསྟན21། ། གཙང་མར་འཛིན་པའི་ཐུགས་བསྐྱེད་མངོན་སུམ་དུ། ། བསྟན་པ་འདིས་ཀྱི་ངོ་མཚར་མི་སྐྱེ་བའི། ། སྐྱེ་བོ་དེ་དག་ཕྱུགས་ཀྱི་གྲངས་སུ་འོས། ། དེ་ནས་རིམ་གྱིས་གདན་ས་ཆེན་པོ་ནས། ། བླ་མ་དགེ་འདུན་དུ་མས་རིམ་གྱིས་བསུས། ། ལམ་དུ་འཁོད་པའི་ལྷ་སྡེ་མི་སྡེ་དང་། ། ཕྱོགས་ཀྱི་བླ་དཔོན་དུ་མས་བསྙེན་ཅིང་བཀུར། ། སྐུ་ཕྲེང་དུ་མར་ཡབ་རྗེ་བླ་མ་ཡི། ། འཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་ལ། ། རྒྱལ་ཀུན་གསང་བའི་བདག་པོ་རྡོ་རྗེ་ཅན། ། འཇམ་དབྱངས་ཐུབ་བསྟན་གསལ་བའི་ཉི་མ22ཆེས། ། གང་ཅིའི་བཀོད་ཁྱབ་ཁུར་དུ་བཞེས་པའི་ངོས། ། བསུ་བར་བྱོན་ཏེ་ཆོས་ཀྱི་དུང་དཀར་པོ། ། འཕྲིན་ལས་རྣམ་བཞིའི23རང་མདོག་ལྷ་དར་བཅས། ། ཕུལ་ཏེ་ལེགས་ཚོགས་རྟེན་འབྲེལ་སྒོ་བརྒྱ་ཕྱེ། ། དེ་ནས་དགུང་གྲངས་ལྔ་བ་ཞེས་པའི་ལོར། ། ཧོར་ཟླ་གཉིས་པའི་དམར་ཕྱོགས་དང་པོའི་ཉིན། ། རིང་ནས་བདག་གིས་བཟུང་བའི་ཞིང་ཁམས་མཆོག ། བཀྲ་ཤིས་ཆུ་བོ་གཡས་སུ་འཁྱིལ་བའི་སྡེར། ། ངུར་སྨྲིག་བླ་གོས་མདངས་ཀྱིས་སྔོ་བསངས་མ། ། ལི་ཁྲིའི་འཚམས(མཚམས)སྤྲིན་འཛིན་པའི་འདུས་པའི་སྡེ། ། དུ་མས་སྣ་ཚོགས་མཆོད་པས་མདུན་བསུས་ཏེ། ། ཐུབ་བསྟན་ཕོ་བྲང་ཆེན་པོར་དལ་གྱིས་བྱོན། ། གངས་ཅན་མཁས་གྲུབ་བྱེ་བའི་གཙུག་ཏོར་གྱིས། ། གུས་པས་མཆོད་པ་ཀུན་མཁྱེན་ཆེན་པོའི་ཁྲིར། ། ངེས་པ་ལྔ་ལྡན24ཚེ་དཔག་མེད་མགོན་བཞིན། ། གཡོ་མེད་སྐྱིལ་ཀྲུང་གཅིག་གིས་བརྟན་པར་འཁོད། ། གསེར་གྱི་ས་འཛིན་ཡངས་པའི་མུ་རན25གྱི། ། ཟུར་ཕུད་འཁྲི་ཤིང་གཡོ་བའི་རླབས་ཀྱི་རྩེར། ། རྒྱལ་སྲས་ཟླ་བ་གཞོན་ནུ་རོལ་པའི་བྱིན། ། དགེ་ལེགས་འོད་ཀྱི་ཆོ་ག་ཀུན་ཏུ་རྫོགས། ། སྐྱ་རེངས་ལམ་དུ་ཀུན་ནས་རྩེན་པའི་འོད་ཀྱི་སྣང་བའི་སྒེག་པ་མོ། ། དབང་པོའི་ཞལ་རླངས་འཚམས(མཚམས)སྤྲིན་འོད་ཆགས་བྱི་རུའི་འཁྲི་ཤིང་གཡོ་བའི་བྱིན། ། ཟླ་གཞོན་བཅུད་ཀྱི་ཐིགས་པས་མྱོས་པས་དཀར་དམར་དཔྱིད་ཀྱི་ཐིག་ལེ་རིས། ། སྣང་བ་གསར་གབ་གསར་བའི་དཔལ་གྱིས་རྫོགས་ལྡན་མགྲོན་གྱི་དཀྱིལ་འཁོར་རྫོགས། ། མེ་ཏོག་འཁྲི་ཤིང་གཡོ་བའི་དཔྱིད་ཀྱི་ཚལ། ། བསིལ་བ་ཁོར་ཡུག་འབེབས་པ་ཙན་ད་ནའི། ། ལྷོ་རླུང་སྙིང་ལ་སིམ་པའི་རི་སྐྱེས་མོ། ། དཀྱུས་རིང་མིག་གིས་སྒེག་པའི་ངོ་མཚར་འཛིན། ། འདུ་འགོད་དུམ་བུར་གཡོ་བ་ལྷོ་ཡི་སྤྲིན། ། མཁའ་ཡང་དོག་པོར་བགྱིད་པའི་དབྱིངས་རུམ་ནས། ། མུ་ཏིག་གསར་བའི་གྲུ་ཆར་གྱིས་བརླན་པའི། ། དབྱིག་ལྡན་དགའ་མས་རྫོགས་ལྡན་ལང་ཚོ་ངོམ། ། ན་ཚོད་སྒོ་ངའི་སྦུབས་ལས་མ་གྲོལ་ཀྱང་། ། དག་པའི་སྣང་བ་འབྱམས་སུ་ཀླས་པའི་ཚུལ། ། ཀ་ལ་པིང་ཀའི་དབྱངས་ཀྱི་རྗེས་འགྲོ་བ། ། མང་དུ་ཐོས་ཀྱང་འདིར་ནི་འགོད་མ་ནུས། ། དེ་ནས་དགུང་ལོ་དྲུག་པར་སོན་པ་ན། ། ཡབ་རྗེ་གོང་མའི་སྲས་ཀྱི་ཐུ་བོ་པ། ། མཚན་དོན་མཐུན་པའི་དཀོན་མཆོག་བསྟན་འཛིན26ཞེས། ། རྒྱལ་ཀུན་ཤེས་རབ་རྒྱ་མཚོའི་རང་གཟུགས་ལས། ། ངུར་སྨྲིག་རྒྱལ་མཚན་གསར་དུ་བཞེས་པའི་ཚེ། ། སྐལ་བཟང་རྣམ་འདྲེན་ཐུབ་པའི་བསྟན་པ་ལ། ། བཤད་དང་སྒྲུབ་པའི་དབང་ཕྱུག་མཆོག་འགྱུར་བའི། ། མཚན་སྙན་སྡེ་ཁྲི་མཆོག་གི་བཀའ་བཞིན་གསོལ། ། སྲིད་ལས་ངེས་འབྱུང་རྣམ་དག་ཁྲིམས་གཙང་འཕགས་པའི་གནས་བརྟན་ཉེ་བར་འཁོར27། ། མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་དཔལ་ལྡན་མཁས་པ་ཀུན་གྱི་གཙོ། ། ཉེས་པའི་སྐྱོན་ཚོགས་རྡུལ་ཕྲན་ཙམ་གྱིས་སྒོ་གསུམ་ནམ་ཡང་མ་གོས་པ། ། ཟག་མེད་ཡེ་ཤེས་རབ་འབྱམས་རྒྱ་མཚོ28གཅིག་གྱུར་འཇམ་དབྱངས་བླ་མ་དེའི། ། ཞབས་པད་བསམ་དང་སྦྱོར་བས་ལེགས་བསྟེན29ནས། ། ཐུབ་པ་ཆོས་ཀྱི་གངས་རི་ལས་འོངས་པའི། ། ཆོས་ཚུལ་ཆད་པ་མེད་པའི་གངྒཱ་མ། ། རྫོགས་པར་གསོལ་བའི་ངང་ཚུལ་བསམ་ལས་འདས། ། མི་ཏྲ་བརྒྱ་རྩ་རྡོ་རྗེ་འཕྲེང་བ་དང་། ། སྒྲུབ་ཐབས་བརྒྱ་རྒྱམ་ལ་སོགས་སྤྱི་བཀའི་རིགས། ། བདེ་གསང་འཇིགས་གསུམ་སྒྲུབ་ཐབས་རིན་འབྱུང་སོགས། ། ཟུར་བཀའི་སྨིན་བྱེད་རིམ་པ་དཔག་ཏུ་མེད། ། དུས་གསུམ་རྒྱལ་བ་ཀུན་གྱིས་བགྲོད་གཅིག་ལམ། ། བྱང་ཆུབ་ལམ་རིམ་ཟབ་ཁྲིད་རྣམ་གཉིས30དང་། ། བདེ་གསང་འཇིགས་གསུམ་ཁྲིད་ཆེན་བརྒྱད་དྲུག31སོགས། ། གྲོལ་བྱེད་ཁྲིད་ཀྱི་རིམ་པའང་མཐའ་ཡས་དང་། ། འཇམ་མགོན་བླ་མའི་བཀའ་འབུམ་གཙོར་གྱུར་པའི། ། རྒྱ་བོད་ལུང་གི་རིམ་པ་དུ་མ་སོགས། ། བཤད་ཡམ་ཙམ་མིན་ལུང་རིགས་མན་ངག་གསུམ། ། ལེགས་པར་སྦྱར་ཏེ་འབད་པ་ཆེན་པོས་གསན། ། དེ་ནས་འདོད་པའི་བགྲང་བྱར་སོན་པ་ན། ། ལུང་རིགས་སྨྲ་བ་རྣམས་དང་ལྷན་ཅིག་ཏུ། ། བསྡུས་གྲྭ་ནས་བཟུང་གཞུང་གསར་གོང་མ་ཡི། ། རྩོད་པ་རྫོགས་ཀྱི་བར་དུ་གསན་སྦྱོང་མཛད། ། ཕྱག་ན་པདྨོའི་ཐུགས་རྗེའི་འོད་དཀར་གྱི། ། དགེ་ལེགས་གོས་དཀར་ལེགས་བྱིན་བོད་ཀྱི་ཡུལ། ། ཤཱཀྱའི་རྒྱལ་པོའི་ཞལ་སྐྱིན་ཇོ་ཤཱག་གི། ། བྱིན་རླབས་འོད་དུ་འཁྱིལ་བ་ལྷ་ལྡན་ནས། ། བསིལ་ལྡན་ས་ལའི་ལྗོངས་སུ་ལེགས་བྱོན་ནས། ། འཛམ་གླིང་འཛིན་མའི་རྒྱན་གཅིག་འབྲས་སྤུངས་ཀྱི། ། བཀྲ་ཤིས་སྒོ་མང་འབྱེད་པའི་ཆོས་ཀྱི་གྲྭར། ། ལེགས་ཞུགས་བཀའ་པོད་གཞུང་བརྒྱའི་ཚུལ་ལ་སྦྱངས། ། ཕྱོགས་ཀྱི་གླང་བོའི32མཁྱེན་རབ་སྣར་བཀོད་པའི། ། ཆོས་ཀྱི་གྲགས་པའི33རིགས་ལམ་རལ་གྲིའི་འཕྲུལ། ། རྨོངས་པའི་ལོག་རྟོག་གཞོམ་དང་ལྷན་ཅིག་ཏུ། ། ཐར་ལམ་ལྟ་བའི་དམིགས་བུ་གཅིག་པུར་གྱུར། ། རྒྱལ་སྲས་རྒྱ་མཚོའི་གཞུང་ལམ་ནོར་བུའི་འཕྲེང་། ། དངོས་བརྒྱད་བདུན་ཅུའི་དོན34གྱི་མིག་འབྱེད་ཅན། ། མི་ཕམ་ཐུགས་གསང་དབྱིག་གི་གན་མཛོད་ལས། ། ཐོན་པའི་ནོར་གྱི་སྙིང་པོ་བདག་གིས་མཛད། ། གནས་ལུགས་སྟོང་བའི་མཁའ་དང་རོ་མཉམ་པའི། ། བསླུ་མེད་རྟེན་ཅིང་འབྲེལ་འབྱུང་འཇའ་ཚོན་རིས། ། དུས་གསུམ་རྒྱལ་བའི་ཡུམ་མཆོག་ཤེར་ཕྱིན་གྱི། ། དགོངས་པ་ཟླ་བའི་ཞབས35ཀྱིས་བཀྲལ་བཞིན་གཟིགས། ། སྣ་ཚོགས་ཤེས་པར་བྱ་བ་ཁམས་ཀྱི་མཛོད། ། གཞི་ལྔ36རང་སྤྱིར37བསྡུས་པ་མངོན་པའི་གཞུང38། ། དགག་སྒྲུབ་གནང་གསུམ་རླབས་ཀྱི་འཕྲེང་འཁྲུགས་པའི། ། ཆོས་འདུལ39རྒྱ་མཚོའི་ཕ་རོལ་ལེགས་པར་ཕྱིན། ། རྨད་བྱུང་སྐུ་བཞིའི་གོ་འཕང་མངོན་མཛད་ཅིང་། ། བསྟན་ལ་རིམ་པར་སློབ་པ་བསྟན་པའི་སྲོལ། ། ཚུལ་གནས་ཐོས་བསམ་སྒོམ་པའི་ཉམས་ཞེས་ཀྱིས། ། རྒྱ་བོད་མཁས་གྲུབ་རྣམ་ཐར་གཅིག་ཏུ་སྡུད། ། གཅིག་ཏུ་ཡིད་ཆེས་ཙམ་གྱི་ཟླ་ཟེར་དང་། ། རིགས་ལམ་ཉི་ཚེར་ཞེན་པ་ཉི་འོད་ཀྱིས། ། དབྱེ་བར་མ་ནུས་བ་ཀུ་ལ་ཤིང་འདབ། ། མཁྱེན་ཡངས་དགའ་མའི་ཆང་གིས་ཅི་དགར་ཕྱེ། ། ཐུབ་གསུང་འགག་པ་མེད་པ་ནཱ་དའི་གླུ། ། ཁོར་ཡུག་སྲིད་དུ་གྲགས་པ་རྒྱུད་མངས་དབྱངས། ། བདེན་གཉིས་ཟུང་དུ་འཇུག་པ་སྙན་དགུའི་བཅུད། ། ཐུགས་གསང་དཔལ་གྱི་བེ་འུར་གཅིག་ཏུ་འཁྱིལ། ། སྲིད་པའི་འཆིང་གཅོད་རྣོ་ངར་འབར་བའི་བྱིན། ། དམར་སེར་འོད་དུ་འབར་བ་གདེངས་ཀའི་རིས། ། ཁྱོན་ཡངས་སྲིད་པའི་མཐའ་ལ་འབར་བའི་འོད། ། སྟོབས་བཅུའི་སྟོབས་ཀྱི་འཇུག་པ་ཀུན་ཏུ་འབར། ། འགྲོ་དྲུག་ཀུན་ལ་བརྩེ་བས་གཟིགས་པ་ཀུན་གཟིགས་ཡེ་ཤེས་མེ་ལོང་ངོས། ། རབ་འབྱམས་རྒྱ་མཚོའི་སྒྱུ་འཕྲུལ་བཀོད་པ་རབ་ཏུ་འཆར་བའི་སྣང་བརྙན་འབུམ། ། ཆོས་ཉིད་རྟེན་འབྲེལ་རོ་གཅིག་ཉིད་གྱུར་ཇི་སྙེད་ཆོས་ཚུལ་རབ་འབྱམས་མཐའ། ། སླར་ཡང་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། ། རྒྱལ་བསྟན་དར་བར་ལུང་བསྟན་མདོ་སྨད་ལྗོངས། ། བཀྲ་ཤིས་དགེ་མཚན་འབུམ་ཕྲག་འཁྱིལ་བའི་སྡེར། ། དཔག་ཡས་བསུ་བའི་བཀོད་པར་བཅས་ཏེ་བྱོན། ། སྟོན་པ་ཧེ་རུ་ཀ་དཔལ་ཀྱཻ་རྡོ་རྗེས། ། ལེགས་གསུང་རྒྱུད་ཀྱི་རྒྱལ་པོ་རྩ་བཤད་ཀྱི། ། འཆད་ཉན་བཤད་སྒྲུབ་ཕྱོགས་འདིར་དར་བའི་སླད། ། གསང་སྔགས་དར་རྒྱས་གླིང་གི་སྡེ་འདི་བསྐྲུན། ། འཇམ་མགོན་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་རྗེའི། ། རྒྱུད་འགྲེལ་རྡོ་རྗེ་མཁའ་འགྲོའི་གསང་མཛོད་དང་། ། དཀྱིལ་ཆོག་བདེ་བ་ཆེན་པོའི་རོལ་མཚོ་དང་། །  པཎ་ཆེན་མཆོག་གི་རིམ་གཉིས་དང་བཅས་བཙུགས། ། འཇམ་མགོན་བླ་མའི་ཐུགས་དམ་ལྷ་ལྔ40ལས། ། གསང་བའི་བདག་པོ་འཁོར་ལོ་ཆེན་པོ་དང་། ། དཔལ་ལྡན་གདན་བཞིའི41དཀྱིལ་འཁོར་ཆེན་པོ་སོགས། ། སྒྲུབ་མཆོད་བདག་འཇུག42དང་བཅས་ལེགས་པར་ཚུགས། ། ཐམས་ཅད་མཁྱེན་དངོས་ཡབ་རྗེ་གོང་མ་དེས། ། དགྱེས་པ་རྡོ་རྗེའི་གསེར་ཐང་ཆེན་པོ་ཞིག ། བཞེངས་ཏེ་འདི་ནི་དགོས་པའི་དུས་ཡོད་ཅེས། ། འབྱུང་འགྱུར་འདི་ཉིད་མངོན་སུམ་གཟིགས་ཏེ་བཞག ། དེ་བཞིན་རྡོ་རྗེ་འཕྲེང་བའི་དབང་བསྐུར་ཚེ། ། ཀྱཻ་རྡོར་གདན་བཞི་སོགས་ལ་ཆེད་གཉེར་གྱིས། ། བཤད་པ་རྒྱས་པར་མཛད་པ་ད་ལྟ་ཡང་། ། ཟིན་བྲིས་མངོན་སུམ་བཞུགས་པ་འདི་ཉིད་དོ། ། རྔོག་དཀྱིལ་བདུན་གྱི་ཟུར་བཀའི་དབང་རྒྱུན་ཡང་། ། དམ་ཆོས་སྒོ་སྐྱེལ་ཚུལ་དུ་བྱུང་བ་རྣམས། ། སྐྱབས་མགོན་ཉིད་ཀྱིས་ལེགས་པར་གསན་པ་སོགས། ། འཕྲིན་ལས་དུས་བབས་མངོན་སུམ་ཉིད་དུ་གྱུར། ། མདོ་སྨད་ལྷོ་བྱང་ཉི་ཟླ་ལྟར་གྲགས་པའི། ། ཆོས་ཀྱི་སྡེ་ཆེན་སྐུ་འབུམ་བྱམས་གླིང་དང་། ། གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་གླིང་གི། ། ཆོས་ཀྱི་མཁན་ཁྲི་དུས་གཅིག་བདག་གིར་མཛད། ། དཔའ་ཆེན་ཧེ་རུ་ཀ་དཔལ་ཡབ་ཡུམ་དང་། ། གྲུབ་པའི་དབང་ཕྱུག་མར་བ་ཡབ་སྲས་དང་། ། རྩ་བའི་བླ་མ་པཛྙཱའི་ཞབས43ལ་སོགས། ། དག་པའི་སྣང་ངོར་ཡང་ཡང་མངོན་སུམ་གཟིགས། ། སངས་རྒྱས་བསྐྱངས44དང་ཟླ་བའི་ཞབས་ཀྱི་དུས། ། ཉིད་ཀྱིས་གསལ་བྱས་མཐའ་བྲལ་དབུ་མའི་ལམ། ། མནལ་ལམ་ཚུན་དུ་བརྗེད་པ་མེད་པའི་ཚུལ། ། སྐྱབས་རྗེ་ཉིད་ཀྱི་ཞལ་ནས་དངོས་སུ་ཐོས། ། དེ་ལྟར་ལུང་རྟོགས་ཡོན་ཏན་གཏེར་གྱུར་པའི། ། རྣམ་པར་ཐར་པ་མང་དུ་མཆིས་མོད་ཀྱང་། ། ལེགས་པར་བཤད་ཀྱང་ལོག་པར་་གོ་བའི་དུས། ། ཡིན་ཕྱིར་རེ་ཞིག་ས་བོན་ཙམ་དུ་བྲིས། ། འདི་ཡི་དགེ་བས་བླ་མའི་རྣམ་ཐར་ལ། ། ལོག་རྟོག་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། ། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། ། ཚེ་རབས་ཀུན་ཏུ་ཚུལ་བཞིན་བསྟེན་པར་ཤོག ། དཔལ་ལྡན་བླ་མ་མཆོག་གི་ཞབས་པད་གཞོམ་གཞིག་བྲལ་བ་རྡོ་རྗེའི་ཁྲིར། ། ངེས་པ་ལྔ་ལྡན་ཚེ་དཔག་མེད་བཞིན་བསྐལ་པ་རྒྱ་མཚོར་རྟག་བརྟན་ཅིང་། ། མཐའ་དབུས་རིས་མེད་སྐྱེ་བོའི་རྒྱུད་ལ་རྣམ་དཀར་འཕྲིན་ལས་ཉེར་ཞུགས་ཏེ། ། རྒྱལ་ཀུན་ཐུགས་བཅུད་དགེ་ལྡན་རིང་ལུགས་ཕྱོགས་དུས་སུ་ཀུན་ཏུ་ཁྱབ་གྱུར་ཅིག 

ཅེས་དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་རང་གཟུགས་ཀུན་མཁྱེན་འཇམ་དབྱངས་བཞད་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དབྱར་དུས་ཐོག་མའི་འབྲུག་སྒྲ་ཞེས་བྱ་བ་འདི་ནི་དད་ལྡན་དགེ་འདུན་རྒྱ་མཚོས་བསྐུལ་ངོར། ད་དུང་རྣམ་ཐར་རྒྱས་པ་བྲི་བ་སྐབས་སུ་མ་བབས་ཀྱང་རང་གི་སྐལ་བ་བཟང་བར་བསམས་ཏེ་ས་བོན་ཙམ་དུ་མགོན་པོ་གང་གི་བརྩེ་བར་གཟིགས་པའི་བཀའ་འབངས་ཐ་ཤལ་བ་ཞང་བཙུན་བསྟན་པ་རྒྱ་མཚོས་འཛམ་གླིང་མཛེས་པའི་རྒྱན་གཅིག་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་རང་གི་སྐྱེས་ཡུལ་དངོས་མ་ཁེ་ནཱ་མོར་ཆེར་སུག་བྲིས་བགྱིས་པའོ། ། བཀྲ་ཤིས། 

2 མཆན་འགྲེལ།

1.སྲིད་ཞིའི་འཇིགས་སྒྲོལ་ཚེ་ཡི་དཔལ་སྟེར་མ། ཚེ་ལྷ་རྣམ་གསུམ་གྱི་ཡ་གྱལ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ།

2.ལེགས་གསུངས། སྤྱིར་ལེགས་གསུང་ཞེས་པ་ལ་བཀའི་དབང་དུ་བྱས་པ་དང་། དེ་མ་ཡིན་པའི་ཚུལ་གཉིས་ཡོད་དེ། དང་པོ་ནི། 《ལྷའི་བུས་ཞུས་པའི་མདོ》ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ། ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་གཉིས། ། ཞེས་པ་ལྟར། ལེགས་པར་གསུང་བ་དེ་སངས་རྒྱས་ཀྱི་བཀའ་ཁོ་ན་ལ་གོ་དགོས་སོ། ། གཉིས་པ་ནི། དོན་ཕྱིན་ཅི་མ་ལོག་པར་སྟོན་པས་སམ། ཡང་ན《བརྒྱད་སྟོང་འགྲེལ་ཆེན》ལས། ལེགས་པར་སྨྲས་པ་ཞེས་པ་ཉེས་མེད་པར་སྨྲ་བ་ལྷུར་བྱེད་པས་འབྲེལ་བས་བརྗོད། རང་གི་མཚན་ཉིད་ཀྱིས་བསྟན། སྤྱིའི་མཚན་ཉིད་ཀྱིས་བཤད། དེ་གཉིས་ཀ་རྣམ་པར་བཞག་པའོ། ། ཞེས་གསུངས་པ་ལྟར་ཉེས་པ་མེད་པར་སྨྲ་བ་ལྷུར་ལེན་པའི་སྒོ་ནས་ཚིག་སྔ་ཕྱི་འབྲེལ་ནས་བརྗོད། བརྗོད་བྱ་གང་ཡིན་གང་གི་མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྒྱས་པར་བཤད། མདོར་བསྟན་རྒྱས་བཤད་གཉིས་ཀའི་སྒོ་ནས་གཏན་ལ་འབེབས་པ་ནི་བསྟན་བཅོས་ལ་ཡང་ཚང་བའི་ལེགས་པར་གསུང་བའི་ཚུལ་ལོ། །

3.སྐུ་བཞི། སངས་རྒྱས་ཀྱི་སྐུ་བཞི་སྟེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཅས་བཞིའོ། ། དེ་དག་སོ་སོའི་མཚན་ཉིད་ནི། རང་བཞིན་གྱིས་དག་པ་དང་། གློ་བུར་གྱི་དྲི་མས་དག་པ་གཉིས་དང་ལྡན་པའི་དབྱིངས་མཐར་ཐུག་ནི་ངོ་བོ་ཉིད་སྐུའི་མཚན་ཉིད། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ནི་ཡེ་ཤེས་ཆོས་སྐུའི་མཚན་ཉིད། ངེས་པ་ལྔའི་ཆ་ནས་བཞག་པའི་སྐུ་དེ་ལོངས་སྐུའི་མཚན་ཉིད། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་དེ་སྤྲུལ་སྐུའི་མཚན་ཉིད་དོ། །

4.སྲིད་པའི་འཆིང་བ། འཁོར་བར་འཆིང་བར་བྱེད་པའི་ལས་དང་ཉོན་མོངས་པ་རྣམས། 

5.ལྷག་པའི་ལྷ། རང་རང་གི་ཐུན་མོང་མ་ཡིན་པའི་བསྟེན་བྱའི་ཡི་དམ།

6.སྣང་དང་སྟོང་པ་རོ་མཉམ། སྣང་བ་ཐབས་དང་སྟོང་པ་ཤེས་རབ་རོ་མཉམ་དབྱེར་མེད་དེ། ཡུལ་གྱི་ཆ་ནས་སྣང་སྟོང་ཟུང་འཇུག

7.མཐའ་གཉིས་སྤངས་པ། ལྟ་བ་རྟག་ཆད་གཉིས་ཀྱི་མཐའ་སྤངས་པ་སྟེ། དབུ་མའི་ལུགས་ལྟར་ན་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་པའི་མཐའ་ལས་གྲོལ་ཞིང་། དོན་དམ་དུ་མེད་པས་རྟག་པའི་མཐའ་ལས་གྲོལ་ཞེས་བཞེད་དོ། ། 

8.དབུ་མའི་གཞུང་ལམ། མཐའ་གཉིས་དང་བྲལ་བའི་ཟབ་མོ་དབུ་མའི་ལམ།

9.དགེ་ལེགས་འབྱུང་གནས། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་ཡབ་ཀྱི་མཚན་ཏེ། 《མདོ་སྨད་ཆོས་འབྱུང》དུ་བདེ་ལེགས་འབྱུང་གནས་ཞེས་པར་སྣང་། 

10.རྣམ་ལྔའི་སྤྱན། སངས་རྒྱས་ལ་མངའ་བའི་སྤྱན་ལྔ་སྟེ། ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། ཡེ་ཤེས་ཀྱི་སྤྱན་བཅས་ལྔའོ། ། 

11.འབྲུག་ལོ། རབ་བྱུང་བཅུ་བཞི་བའི་མཇུག་ཆ་མེ་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ1856ལོ་ཡིན།

12.གཟུགས་སྐུ། དམིགས་བཅས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་གདུལ་བྱ་དག་དང་མ་དག་པ་རྣམས་ཀྱི་སྣང་ངོར་གཞན་དོན་དུ་ལོངས་སྐུ་ཆགས་ཅན་དང་སྤྲུལ་སྐུ་ཆགས་བྲལ་གྱི་གཟུགས་སྣང་སྟོན་པའི་སྐུའོ། ། 

13.ཚད་མའི་སྐྱེས་བུ། ཀུན་གྱིས་ཚད་མར་གཟུང་བའི་གང་ཟག

14.བདེ་གསང་འཇིགས་གསུམ། བླ་མེད་གསང་སྔགས་རྒྱུད་ཀྱི་ཡི་དམ་བདེ་མཆོག་དང་། གསང་འདུས་དང་། རྡོ་རྗེ་འཇིགས་བྱེད་གསུམ། 

15.ཆོས་ཀྱི་སྤྱན། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡོད་དེ། དམིགས་མེད་ཀྱི་དགེ་བ་ལས་བྱུང་། ཆོས་སོ་ཅོག་ཀུན་སྒྱུ་མར་གཟིགས་པ། གང་ཟག་གི་བདག་མེད་རྟོགས་པའམ་རྟེན་འབྲེལ་རྟོགས་པའི་ཡེ་ཤེས་སོ། ། 

16.གསོལ་འདེབས་དམིགས་བརྩེ་མ། རྗེ་རེད་མདའ་བས་མཛད་པའི་དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་ཞེས་ཚིག་རྐང་ལྔ་དང་ལྡན་པའི་རྗེ་ཙོང་ཁ་པའི་གསོལ་འདེབས་ཤིག

17.ལས་སྣང་། ལས་དབང་གིས་བསྐྱེད་པའི་མ་དག་འཁོར་བའི་སྣང་ཚུལ།

18.སྡེ་ཁྲི་རྗེ། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ་སྟེ། འདིའི་ལོ་རྒྱུས་མདོར་བསྡུས་རྩོམ་པ་པོ་འཇམ་དབྱངས་ཐུབ་བསྟན་ཉི་མའི་ངོ་སྤྲོད་ལ་གཟིགས།

19.སྔར་འགྱུ་རང་ལུགས་འཛིན་པ། གསང་སྔགས་རྙིང་མའི་ལུགས་འཛིན་མཁན། 

20.གསེར་ཁྲི་རིན་པོ་ཆེ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་ཉི་ཤུ་བ་ཧོར་ཚང་འཇིགས་མེད་རིགས་པའི་སེང་གེའི་སྤྲུལ་སྐུ་འཇིགས་མེད་བསྟན་པའི་ཉི་མའོ། །

21.འཇམ་མགོན་བླ་མའི་བསྟན། ཞྭ་སེར་གྱི་བསྟན་པའམ་དགེ་ལུགས་པའི་བསྟན་པ།

22.འཇམ་དབྱངས་ཐུབ་བསྟན་ཉི་མ། སྡེ་ཁྲི་རིན་པོ་ཆེ། གོང་གི་མཆན་རྟགས8པར་གཟིགས།

23.འཕྲིན་ལས་རྣམ་བཞི། ཞི་བའི་ལས་དང་། རྒྱས་པའི་ལས། དབང་གི་ལས། དྲག་པོའི་ལས་སོ། །

24.ངེས་པ་ལྔ་ལྡན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《ས་སྐྱ་ངག་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་པར་ཕུལ་བའི་ཞུ་ཡིག》གི་མཆན་རྟགས་ཨང16པར་གཟིགས།

25.མུ་རན། མཐའ་འམ་མཐའ་སྐོར། 

26.དཀོན་མཆོག་བསྟན་འཛིན། རྡོ་སྦིས་ལྷ་རམས་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་སྟེ་མེ་ཡོས་ལོར་འཁྲུངས། བཅུ་གཅིག་སྟེང་ཆོས་གྲྭར་ཞུགས། སློབ་གཉེར་བྱེད་འདུན་ཆེ་བས་བྲོས་སྟབས་ཀྱིས་དབུས་གཙང་དུ་བྱོན། མེ་ལུག་ལོར་ལྷ་རམས་པའི་མཚན་བཏགས་ཐོབ། ཆུ་བྱི་ལོར་རང་ཡུལ་དུ་བྱོན་ཏེ་ཀུན་གཟིགས་མཆོག་དང་མཇལ་བས་བརྩེ་གཟིགས་ཤིན་ཏུ་ཆེ་བྱུང་། དགོན་གསར་རབ་རྒྱས་གླིང་གི་ཁྲིར་བསྐོ་བཞག་གནང་། 

27.ཉེ་བར་འཁོར། སྟོན་པའི་ཉན་ཐོས་ཉེ་འཁོར་བཅུའི་ནང་གསེས། འདུལ་བ་འཛིན་པ་མཆོག་ཏུ་གྱུར་པའོ། ། 

28.ཤེས་རབ་རྒྱ་མཚོ། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་རིན་པོ་ཆེ་སྟེ། དེའི་ལོ་རྒྱུས་མདོར་བསྡུས་རྩོམ་པ་པོ་ཨ་ཁུ་ཤེས་རབ་རྒྱ་མཚོ་ངོ་སྤྲོད་བྱེད་པ་ལ་གཟིགས།

29.བསམ་དང་སྦྱོར་བས་ལེགས་བསྟེན། བཤེས་གཉེན་བསྟེན་པ་ལ་བསམ་པའི་ཀུན་སློང་དང་ལུས་ཀྱི་ལག་ལེན་གཉིས་ཀྱི་སྒོ་ནས་ལེགས་པར་བསྟེན་ཅེས་བྱའོ། ། 

30.བྱང་ཆུབ་ལམ་རིམ་ཟབ་ཁྲིད་རྣམ་གཉིས། རྒྱལ་དབང་ལྔ་བས་མཛད་པའི《བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་འཇམ་དཔལ་དབྱངས་ཀྱི་ཞལ་ལུང》དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི《བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ》ཞེས་པ་གཉིས་ལ་གཟིགས།

31.ཁྲིད་ཆེན་བརྒྱད་དྲུག སྨད་རྒྱུད་ཁྲིད་ཆེན་བརྒྱད་དང་སྲད་རྒྱུད་ཁྲིད་ཆེན་དྲུག 

32.ཕྱོགས་ཀྱི་གླང་བོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི《ས་པཎ་རྟོགས་བརྗོད་དྲི་ཟའི་གླུ་དབྱངས》ཀྱི་མཆན་རྟགས་ཨང9པར་གཟིགས། 

33.ཆོས་ཀྱི་གྲགས་པ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི《ཞལ་གདམས་མགུར་མ》ཡི་མཆན་རྟགས་ཨང3པར་གཟིགས།

34.དངོས་བརྒྱད་བདུན་ཅུའི་དོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་དོན་དངོས་པོ་བརྒྱད་དང་དོན་བདུན་ཅུར་ཕྱེ་སྟེ། དངོས་པོ་བརྒྱད་ནི། རྣམ་མཁྱེན་དང་། ལམ་ཤེས། གཞི་ཤེས་ཏེ་མཁྱེན་གསུམ་དང་། རྣམ་རྫོགས་སྦྱོར་བ་དང་། རྩེ་སྦྱོར། མཐར་གྱིས་སྦྱོར་བ། སྐད་ཅིག་མའི་སྦྱོར་བ་སྟེ་སྦྱོར་བ་བཞི་དང་། འབྲས་བུ་ཆོས་སྐུ་བཅས་བརྒྱད་དོ། ། དོན་བདུན་ཅུ་ནི། དངོས་པོ་བརྒྱད་ཀྱི་ནང་གསེས་ཀྱི་དབྱེ་བ་བདུན་ཅུ་སྟེ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ། སྦྱོར་བཞི་མཚོན་བྱེད་ཀྱི་ཆོས་སོ་དྲུག ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་སྟེ་བསྡོམས་པས་བདུན་ཅུའོ། །

35.ཟླ་བའི་ཞབས། ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི《ཙནྡྲ་གཽ་མིའི་ལོ་རྒྱུས》ཀྱི་མཆན་རྟགས་ཨང11པར་གཟིགས།

36.གཞི་ལྔ། བྱེ་བྲག་སྨྲ་བས་ཤེས་བྱའི་ཆོས་ཐམས་ཅད་གཞི་ལྔར་ཕྱེ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་བྱས་ཀྱི་གཞི་བཅས་ལྔའོ། ། 

37.རང་སྤྱི། རང་མཚན་དང་སྤྱི་མཚན་གཉིས་ཏེ། རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཆོས་ལ་རང་མཚན་དང་། རྟོག་པས་བཏགས་ཙམ་གྱི་རང་ངོས་ནས་མ་གྲུབ་པའི་ཆོས་ལ་སྤྱི་མཚན་ཞེས་མདོ་སྡེ་བའི་ལུགས་སོ། ། 

38.མངོན་པའི་གཞུང་། འདིར་མངོན་པ་འོག་མ་སྟེ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ལ་གོ་བའོ། ། 

39.ཆོས་འདུལ། འདུལ་པའི་གཞུང་སྟེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་གཞུང་། 

40.འཇམ་མགོན་བླ་མའི་ཐུགས་དམ་ལྷ་ལྔ། གསང་བདེ་འཇིགས་དུས་འཁོར་ཆེན་དང་ལྔ།

41.དཔལ་ལྡན་གདན་བཞི། རྡོ་རྗེ་གདན་བཞི་སྟེ། བདག་དང་། གཞན་དང་། སྦྱོར་བ་དང་། གསང་བ་བཅས་བཞིའོ། །

42.བདག་འཇུག གཞན་ལ་དབང་མ་བསྐུར་གོང་སློབ་དཔོན་རང་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་། ལྷའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་དབྱེར་མེད་དུ་ལྟ་བའི་དབང་བླངས་པ་དང་། སློབ་མ་གཞུག་པར་གནང་བའི་ནོད་པ། 

43.རྩ་བའི་བླ་མ་པྲཛྙཱའི་ཞབས། རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་འབོགས་མཁན་དང་དབང་ཁྲིད་མན་ངག་རྒྱ་ཆེར་གནང་བའི་བླ་མ་རྗེ་ཤེས་རབ་རྒྱ་མཚོ་རིན་པོ་ཆེའོ། ། 

44.སངས་རྒྱས་བསྐྱངས། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན》ཞེས་པའི་མཆན་རྟགས་ཨང10པར་གཟིགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།