ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་ཅོས་ཞེས་བྱ་བ་འདི་ནི་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཆུའི་བསྟན་བཅོས་དེ་ཉིད་མིག་ལམ་དུ་གྱུར་ཅིང་། བླ་མ་རིན་པོ་ཆེ་རྣམ་རྒྱལ་བཟོད་པ་དེ་ཉིད་ཀྱིས་མཛད་པའི་ས་དང་མེའི་བསྟན་བཅོས་ཀྱང་ཡོད་པར་གྲགས་པས་ད་དུང་དེ་དག་གི་སྟེང་དུ་རླུང་གི་བསྟན་བཅོས་ཤིག་ཀྱང་བྱུང་ན་འབྱུང་བ་བཞིའི་བསྟན་བཅོས་ཆ་ཚང་བའི་རྐྱེན་གྱིས་བློ་གསལ་རྣམས་སྤྲོ་བ་སྐྱེས་ནས་བསྟན་བཅོས་དེ་དག་ལ་ཐོས་བསམ་གྱི་སྒོ་ནས་འཇུག་འདོད་ཆེ་བ་ཡོད་རེའི་བསམ་པས་ཀུན་ནས་བསླངས་ཏེ་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་ཁྲི་འཛིན་པ་དགེ་སློང་བློ་བཟང་སྦྱིན་པས་མཛད་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
དཀྱིལ་ཟུར་བློ་བཟང་སྦྱིན་པ།
1 མ་ཡིག

ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས།

ཨོཾ་བདེ་ལེགས་སུ་གྱུར་ཅིག ལུས་ཅན་ཀུན་གྱི་ནོར་འཛིན་ལ། ། བྱམས་བརྩེའི་གྲིབ་བསིལ་རྟག་སྙོམས་པའི། ། སངས་རྒྱས་དཔག་བསམ་ལྗོན་པ1དེ། ། དད་པའི་རླུང་གིས་བསྐྱོད་དེ་བསྔགས། ། ཚོགས་གཉིས་མཐར་སོན་སངས་རྒྱས་དེའི། ། སྐུ་གཉིས་མངོན་དུ་བྱེད་པའི་ཐབས། ། ལུགས་གཉིས་བླང་དོར་གཡོ་བའི་རླུང་། ། དོན་གཉིས་འགྲུབ་ཕྱིར་འདི་ན་སྤྲོ། ། དོན་བཟང་ཚིག་སྦྱོར་ཕུན་ཚོགས་པའི། ། ལེགས་བཤད་གཏམ་གྱིས་གཞན་ཡིད་འཕྲོག ། དྲི་ཞིམ་འཕྲོ་བའི་པད་ཚལ་གྱི། ། རླུང་གིས་སྣ་དབང་ཚིམ་པ་བཞིན། ། སྐྱེ་བོ་ཀུན་དང་མཐུན་ཕྱིར་དུ། ། དག་སྣང་སྦྱོངས་ལ་འགྲོགས་བདེ་བགྱི། ། ཆར་ལྡན་རླུང་གི་ཤིང་རྟ་ལ། ། འཇིག་རྟེན་ཐམས་ཅད་དགའ་བ་ཡིན། ། སྐྱིད་སྡུག་ལེགས་ཉེས་ཅི་འབྱུང་བ། ། སྔོན་བསགས་ལས་ཀྱི་འབྲས་བུ་སྟེ། ། རླུང་གིས་ཆུ་དཀྱིལ་བསྲུབས་པ་ལས། ། རི་གླིང་ཁོར་ཡུག་རིམ་པར་ཆགས། ། ཕུགས་སུ་ཕན་པའི་དོན་ཆེན་དེ། ། ངང་རིང་འབད་པས་བསྒྲུབ་པར་བྱ། ། ལོ་སྟོང་དུ་མར་རླུང་གཡོས་པས། ། འོག་གཞི་རླུང་གི་དཀྱིལ་འཁོར་གྲུབ། ། རང་གཞན་སུ་ལའང་མི་ཕན་པའི། ། བྱ་བ་ངན་པ་བཤོལ་ན་ལེགས། ། དགུན་གྱི་ཁ་རླུང་འཚུབ་དུས་སུ། ། ས་བོན་བཏབ་ཀྱང་ཕན་པ་མེད། ། བྱ་བ་གང་དང་གང་བྱེད་ཀྱང་། ། འགྲུབ་དང་མི་འགྲུབ་བརྟག་ནས་བྱ། ། རྩྭ་དང་ནས་སྲན་ཕྱེ་བའི་ཚེ། ། རླུང་བོ་འབྱུང་མིན་བརྟག་ནས་བྱ། ། མཆོག་གསུམ་མཆོད་ཅིང་གསོལ་བཏབ་ན། ། གང་བརྩམས་བྱ་བ་ཡིད་བཞིན་འགྲུབ། ། སྟོན་དུས་རླུང་གིས་རྩྭ་དང་འབྲུ། ། སོ་སོར་ཕྱེ་ནས་འདོད་དོན་འགྲུབ། ། གཏམ་ལ་མཚོན་ན་མེད་ན་ཡང་། ། མི་སྙིང་དུམ་བུར་གཏོང་བ་དང་། ། རླུང་ལ་གཤོག་པ་མེད་ན་ཡང་། ། མཁའ་ལ་འགྲོ་ཞེས་རྒན་རབས་སྨྲ། ། དེས་ན་རྩུབ་པོའི་ཚིག་སྤོང་ལ། ། བཞིན་འཛུམ་འཇམ་པོའི་ཚིག་སྨྲས་ནས། ། མཐོ་དམན་འབྲིང་གསུམ་སྐྱེ་བོ་ཀུན། ། མགུ་བར་བགྱིས་ལ་བློ་མ་གཏོད། ། ཕ་རོལ་པོ་ཡིས་ཐོས་དོགས་མེད། ། སྙམ་དུ་སྐྱོན་བརྗོད་མི་བྱ་སྟེ། ། གཏམ་གྱི་བྱ་སྤུ་རླུང་འཁྱེར་དང་། ། འདྲ་ཞེས་ཤ་ཚ་ཅན་རྣམས་སྨྲ། ། ཕ་རོལ་གཞན་སྐྱོན་བརྗོད་པ་ན། ། རང་ཉིད་བརླག་པའི་རྒྱུ་ཡིན་ཏེ། ། མེ་ལ་ཕར་ནི་ཕུས་བཏབ་པས། ། རང་གི་གདོང་ནི་ཚིག་མ་མཐོང་། ། དུས་ཀྱི་དབང་གིས་ཞི་དུལ་ཅན། ། མ་རབས་སྐྱེ་བོའི་ཁྲོད་དུ་གནས། ། ངན་པའི་རླུང་གིས་རྡུལ་ཁྲོད་དུ། ། འཇམ་པོའི་ཤིང་བལ་འཁྱེར་བ་མཐོང་། ། ཆོས་བཞིན་སྤྱོད་པའི་སྐྱེ་བོའི་དབུས། ། ངན་པ་འཚངས་ནས་བརླག་པར་བྱེད། ། རླུང་ངན་རྩིག་སེང་ཚུན་ཆད་ལ། ། ཞུགས་ནས་ག་བུར་རླག་པ་མཐོང་། ། དམན་པས་དམ་པ་བསྟེན་ན། ། གང་འདོད་གནས་སུ་སྐྱེལ་བ་ཡིན། ། བཟང་པོའི་རླུང་ལ་དྲིས་བསྟེན་ན། ། ཐག་རིང་ཡུལ་དུ་སླེབ་དང་མཚུངས། ། སྐྱེ་བོ་ངན་པ་འབྱོར་ཐོབ་ཚེ། ། གཞན་ལ་རྣམ་འགྱུར་སྣ་ཚོགས་སྟོན། ། ངན་པའི་རླུང་ཆེན་གཡོ་རྟགས་སུ། ། འདབ་ཆགས་ཁྲུང་ཁྲུང་ཐག་སྐད་སྒྲོག ། དམ་པ་ཇི་ཙམ་བསྟོད་ན་ཡང་། ། ང་རྒྱལ་ཅུང་ཟད་སྐྱེ་མི་མཛད། ། རླུང་ནི་ཇི་ཙམ་གཡོས་གྱུར་ཀྱང་། ། རྒྱ་མཚོ་ཆེ་ལ་གཡོ་འགུལ་མེད། ། ངན་པ་ཅུང་ཟད་བསྟོད་པ་ལ། ། ཁེངས་པ་རི་རབ་ལས་ཀྱང་མཐོ། ། མྱ་ངམ་ཐང་དུ་གཡོས་པའི་རླུང་། ། ཐལ་འཚུབ་གཞན་ལས་ཆེ་བ་མཐོང་། ། བློ་ཆེན་རྣམས་ལ་སྨད་གྱུར་ཀྱང་། ། རང་གི་རང་བཞིན་གལ་ལ་འདོར། ། རླུང་གི་གྲོགས་པོའི་ཞུགས་ནང་དུ། ། གསེར་སྦྲམ་བཞུ་ཡང་མདོག་མི་འགྱུར། ། བློ་ཆུང་ཅུང་ཟད་སྨད་ཙམ་གྱིས། ། སྡུག་བསྔལ་གཞན་ལ་ཆེ་བ་བྱེད། ། ཐང་ན་གནས་པའི་སྒྲོན་མེ་དེ། ། ཆུང་ངུའི་རླུང་གིས་འཇིག་པ་ཡིན། ། དམ་པའི་ཡོན་ཏན་དང་ལྡན་གྱིས། ། མང་པོའི་ནང་དུ་སྒྲོག་པར་བྱེད། ། ཧ་རི་ཙནྡན་དྲི་ངད་དེ། ། རླུང་གིས་ཕྱོགས་དང་མཚམས་སུ་འགྱེད། ། སྙིགས་དུས2སྐྱེ་བོ་ཕལ་ཆེ་བ། ། ཆོས་བྱེད་སྐྱེས་བུར་རབ་ཏུ་སྡང་། ། ཕྱོགས་མཚམས་ཀུན་ནས་གཡོས་པའི་རླུང་། ། དར་ལྕོག་དཀར་པོར་སྡང་ཞེས་ཟེར། ། ཐོས་ལྡན་ཉམས་ལེན་ལ་གཞོལ་བའི། །མཁས་དེ་ཞི་ཞིང་དུལ་བར་གནས། །ཚ་བའི་གདུང་བ་ཞི་བྱེད་པའི། ། བཟང་པོའི་རླུང་དེ་ཀུན་ཏུ་བསིལ། ། ཐོས་མེད་མཁས་འདོད་ཅན་རྣམས་ཀྱི། ། ཤེས་རྒྱུད་རྭ་ཅོ་ལས་ཀྱང་གྱོང་། ། བར་སྣང་སྤྲིན་མེད་རླུང་བོ་དེ། ། མདའ་ལས་ཚ་ཞེས་ཀུན་གྱིས་སྨྲ། ། སློབ་གཉེར་དུས་སུ་མ་བྱས་པར། ། རྗེས་སུ་མཁས་འདོད་བཞད་གད་གནས། ། ཆར་སྤྲིན་རླུང་གིས་གཏོར་བ་ལ། ། སྦྲང་ཆར་རེ་བ་དོན་མེད་ཡིན། ། བློ་ལ་ཡར་བསྐྱེད་གཏན་མེད་པའི། ། སློབ་གཉེར་ཇི་ཙམ་བྱས་ཀྱང་ཅི། ། གཤམ་བུ་རླུང་གིས་རྟག་གཡོས་ཀྱང་། ། བསླེབ་རྒྱུ་གང་ཡང་མེད་ལ་ལྟོས། ། ཚེ་འདིའི་བདེ་འབྱོར་སྒྲུབ་ན་ཡང་། ། ཆོས་ཀྱིས་བསྒྲུབས་ན་མོད་ལ་འགྲུབ། ། རླུང་གིས་ཆར་གྱི་སྣེ་དྲངས་ཏེ། ། ཞིང་པའི་རེ་བ་སྐོང་དང་མཚུངས། ། རྣམ་བཀྲ་དོན་མེད་བྱ་བ་ཡིས། ། ཕུན་ཚོགས་སྒྲུབ་ཀྱང་ཐོབ་པར་དཀའ། ། རླུང་གིས་གཡོས་པའི་ཆུ་རིས་བཞིན། ། གྲུབ་ཀྱིན་གྲུབ་ཀྱིན་རླག་པ་མང་། ། ནོར་དང་མངའ་འབངས་རྒྱལ་པོའི་རྒྱན། ། འཆད་དང་རྩོམ་པ་མཁས་པའི་རྒྱན། ། སྟོབས་དང་གོ་མཚོན་དཔའ་བོའི་རྒྱན། ། རླུང་དང་ཆར་སྤྲིན་བསིལ་བའི་རྒྱན། ། ཁ་ཆེམས་རླུང་ལ་བསྐུར་པའི་དཔེ། ། མང་པོ་དག་གིས་བརྗོད་པ་བཞིན། ། བློ་གསལ་རྣམས་ལ་ཕན་པའི་ཕྱིར། ། བདག་གིས་ལྷག་བསམ་དག་པས་བྲིས། ། 

འཇིག་རྟེན་མི་ཡི་ཆོས་ལུགས་ཀྱི། ། བསླབ་བྱ་མདོར་བསྡུས་བཤད་ཟིན་ནས། ། ད་ནི་དམ་པའི་ལྷ་ཆོས་ལས། ། བྱུང་བའི་རིམ་པ་ཅུང་ཟད་འདྲི(འབྲི)། ། ཡང་རབས་ལུགས་བཟང་སྤྱད་པ་ལས། ། ཚེ་འདིར་བདེ་འབྱོར་ཐོབ་གྱུར་ཀྱང་། ། རླུང་ལྟར་གཡོ་བའི་རང་བཞིན་དུ། ། བལྟས་ནས་ཐོས་བསམ་སྒོམ་ལ་འབུངས། ། ལམ་སྟོན་བླ་མའི་གསང་གསུམ3གྱི། ། མཛད་འཕྲིན་རླུང་གི་ཤིང་རྟའི་ཚོགས། ། མཆོག་མཐུན་ལོ་ཏོག་འགྲུབ་བྱེད་དུ། ། གསུངས་ཀྱང་སྐྱོན་དུ་བལྟ་བ་མང་། ། དམ་པས་ཐབས་ཀྱིས་སྐྱེ་བོ་རྣམས། ། ཆོས་ལ་བསྐུལ་ན་བློ་འགྱུར་ཏེ། ། རླུང་གིས་བསྐུལ་ན་སེམས་མེད་ཀྱི། ། ལྗོན་པའང་གར་སྟབས་སྣ་ཚོགས་བྱེད། ། དད་ལྡན་སྐྱེ་བོའི་ཚོགས་ནང་དུ། ། བླ་མའི་ཡོན་ཏན་སྒྲོག་པར་བྱེད། ། བཟང་པོའི་ཤིང་གི་དྲི་བསུང་རྣམས། ། རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། ། ཕྱོགས་བཅུའི་རླུང་གིས་ཕྱོགས་ཀུན་ཏུ། ། བསྐྱོད་པའི་རྒྱ་མཚོའི་གཉའ་ཤིང་གི། ། བུ་གར་རུས་སྦལ་མགྲིན་ཆུད་ལྟར། ། མི་ལུས་ཤིན་ཏུ་ཐོབ་དཀར་གསུངས། ། དེ་ཕྱིར་དལ་འབྱོར་གྲུ་གཟིངས་འདི། ། ཉམས་ལེན་བ་དན་དཀར་པོས་བརྒྱན། ། བརྩོན་པའི་རླུང་གིས་རབ་བསྐུལ་ནས། ། འཁོར་བའི་མཚོ་ལས་བརྒལ་བར་བྱ། ། ལན་གཅིག་རྙེད་པའི་རྟེན་བཟང་འདི། ། འཇིག་ཀྱང་ཤིན་ཏུ་སླ་བའི་ཚུལ། ། རླུང་དམར་ནང་གི་མར་མེ་དང་། ། མཚུངས་ཞེས་འཕགས་པ་ཀླུ་སྒྲུབ་གསུངས། ། སྤྲིན་ཕུང་རླུང་གིས་གཏོར་བ་བཞིན། ། ནོར་དང་ལོངས་སྤྱོད་བཞོན་པ་སོགས། ། ཐམས་ཅད་བོར་ཏེ་འཆི་བའི་ཚེ། ། ཕན་ངེས་དམ་ཆོས་ལས་གཞན་མེད། ། ཤི་ནས་གར་སྐྱེ་གར་འགྲོ་ནི། ། རང་ལ་དབང་ཡོད་མ་ཡིན་ཏེ། ། ལས་ཀྱི་རླུང་གིས་འགྲོ་བ་གཉིས4། ། གང་དུ་འཁྱེར་བ་གཅིག་ཏུ་ཡིན། ། ངན་འགྲོར་སྐྱེས་ན་སྡུག་བསྔལ་ནི། ། རབ་འབར་མཚོན་ཆ་སྣ་ཚོགས་ཀྱིས། ། ལུས་ནི་དུམ་བུར་གཏོང་བ་སོགས། ། འཐོར་བྱེད་རླུང་གིས་བཅོམ་པ་བཞིན། ། འཇིགས་ཆེན་དེ་ལས་ཐར་པ་ལ། ། མཆོག་གསུམ5སྐྱབས་སུ་བསྟེན་དགོས་ཏེ། ། ནགས་ཚལ་ཆེན་པོ་མེས་སྲེག་ཚེ། ། རླུང་ཞིན་ཅིས་ཀྱང་གྲོགས་སུ་དགོས། ། བདེ་དང་སྡུག་བསྔལ་ཇི་ཡོད་ཀུན། ། དཀར་ནག་ལས་རྣམས་སྤྱད་ལས་བྱུང་། ། སྲ་ཞིང་འཐས་པའི་རླུང་དཀྱིལ་དེ། ། སེམས་ཅན་སྤྱི་མཐུན་ལས་ལས་གྲུབ། ། དགེ་དང་མི་དགེ་ཆུང་ངུ་ལའང་། ། འབྲས་བུ་བདེ་སྡུག་ཆེར་འབྱུང་བས། ། ཡིད་ཆེས་དད་པའི6རླུང་ཤུགས་ཀྱིས། ། སྡིག་སྤོང་དགེ་བ་སྒྲུབ་ལ་བསྐུལ། ། ཐོག་མ་མེད་ནས་ད་བར་དུ། ། བསགས་པའི་སྡིག་ལྟུང་ནགས་ཚལ་ཀུན། ། བརྩོན་པའི་རླུང་གིས་རབ་སྦར་བའི། ། སྟོབས་བཞིའི7མེ་ལྕེ་འབར་བས་སྲེག། ། མིག་སྐྱིད་བདག་པོའི་བང་མཛོད་ལ། ། འགྲན་པའི་ཚེ་འདིའི་ཕུན་ཚོགས་ལའང་། ། སྙིང་པོ་འགའ་ཡང་མ་མཆིས་ཏེ། ། རླུང་གི་རྒྱལ་མཚན་ཇི་བཞིན་ནོ། ། འདོད་ཡོན་ནག་པོ་བརྩེགས་པ8དང་། ། འཁོར་བའི་གནས་འདི་མ་མོས་འཕེལ9། ། ཟས་སུ་ཟ་བའི་དུག་སྦྲུལ་གྱི། ། ཚང་དང་འདྲ་ཞེས་མཁས་རྣམས་གསུངས། ། རྣམ་རྟོག་ཡིད་ཀྱི་མཁའ་དབྱིངས་སུ། ། འདོད་སྲེད་སྤྲིན་ཕུང་འཁྲིགས་པ་རྣམས། ། གཉེན་པོ་རླུང་གིས་མ་བཅོམ་ན། ། འཁོར་བའི་རྫོང་ལས་ཐར་ཐབས་མེད། ། དེ་ཕྱིར་བསླབ་གསུམ་འབྲས་བུ་ཡིས། ། ཡོངས་སུ་དུད་པའི་དཔག་བསམ་ཤིང་། ། གྲགས་འདོད་རླུང་གིས་མ་བསྐྱོད་པར། ། རྣམ་གྲོལ་ཐར་པའི་ཚལ་དུ་ཞུགས། ། མར་གྱུར་འགྲོ་བ་སྙིང་རྗེ་ཡིས། ། ཐེག་ཆེན་རྩ་བ་བརྟན་པར་བྱ། ། རླུང་རྣམས་དལ་བུས་གཡོས་པ་ལས། ། འཇིག་རྟེན་གཞི་རྟེན་རླུང་དཀྱིལ་གྲུབ། ། དེ་ནས་རང་དོན་ཡལ་བོར་ནས། ། ཅི་བྱེད་སེམས་ཅན་དོན་དུ་བྱ། ། ལྗོན་ཤིང་རླུང་གིས་བསྐུལ་པ་ལས། ། ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ཡོད། ། རྒྱལ་སྲས་སྤྱོད་པའི་ཁུར་ཆེན་དེ། ། སྙིང་སྟོབས་བསྐྱེད་ནས་ཕྲག་ཏུ་ལོངས། ། བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ཁམས། ། རླུང་དཀྱིལ་ཆེན་པོ་གཅིག་གིས་འདེགས། ། ཐེག་ཆེན་སེམས་བསྐྱེད10ཀྱིས་ཟིན་པའི། ། དགེ་རྩ་མི་ཟད་འཕེལ་བར་འགྱུར། ། ས་དང་བར་སྣང་དབྱིངས་ཀྱི་རླུང་། ། ཐམས་ཅད་མ་མོས་འཕེལ་བ་ཡིན། ། སྦྱིན་པས་མཐོ་དམན་འབྲིང་གསུམ་གྱི། ། སྐྱེ་བོ་ཐམས་ཅད་བསྡུ་ནུས་ཏེ། ། སྦྱིན་ལ་རྟག་ཏུ་བརྩོན་པ་དེའི། ། གྲགས་པ་རླུང་བཞིན་ཕྱོགས་བཅུར་ཁྱབ། ། རྒྱལ་སྲས་སྤྱོད་པ་ཀུན་བསྡུས་ནས། ། ཚུལ་ཁྲིམས་རིན་ཆེན་གསུམ་དུ་འདུ། ། ཡང་ཞིང་གཡོ་བའི་རིགས་གང་ཡིན། ། རླུང་གི་ཁམས་སུ་འདུ་བ་བཞིན། ། ཁམས་གསུམ་སེམས་ཅན་དགྲར་ལངས་ཀྱང་། ། བཟོད་པ་སྒོམ་ན་གྲོགས་སུ་ཁུག ། མེ་ལ་རླུང་གིས་དམག་དྲངས་ཚེ། ། དེ་ཀུན་མེ་ཡིས་གྲོགས་སུ་འགུག ། རྟག་གུས་སྦྱོར་བའི་རླུང་ཤུགས་ཀྱིས། ། བརྩོན་པའི་མེ་ཆེན་རབ་སྦར་ན། ། ཡང་དག་ཡེ་ཤེས་སྣང་བ་བརྒྱས། ། ལེ་ལོའི་བསྲེག་བྱ་མ་ལུས་ཟ། ། བྱིང་རྒོད11རླུང་གིས་མ་གཡོས་ན། ། ཏིང་འཛིན12གསལ་ཞིང་བརྟན་པ་འགྲུབ། ། ཕྱོགས་མཚམས་རླུང་གིས་མ་གཡོས་པའི། ། དྭངས་པའི་མཚོན་ནང་ཟླ་གཟུགས་བཞིན། ། ཇི་སྲིད་བདག་འཛིན་མ་བཟློག་པ། ། དེ་སྲིད་འཁོར་བར་སྡུག་བསྔལ་མྱོང་། ། དབུགས་ཀྱི་རྒྱུ་བ་མ་འགགས་བར། ། སྲོག་གི་དབང་པོ་གནས་པ་བཞིན། ། བདག་མེད་རྟོགས་པའི་མཚོན་རྣོན་གྱིས། ། ཉེས་བརྒྱའི་རྩ་བ་རྩད་ནས་གཅོད། ། བསྐལ་པའི་རླུང་ཤུགས་དྲག་པོ་ཡིས། ། འཇིག་རྟེན་འདི་ཀུན་འཇིག་པ་བཞིན། ། དེ་ནས་གསང་སྔགས་སྒོར་ཞུགས་ནས། ། དམ་སྡོམ་བསྲུང་བ་གཞིར་བཟུང་ན། ། རླུང་ལྟར་མགྱོགས་པའི་ས་ཆོད་ཀྱིས། ། ཟུང་འཇུག་གོ་འཕང13མྱུར་དུ་འཐོབ། ། ཐ་མལ་སྣང་ཞེན་སྦྱོང་བའི་ཕྱིར། ། རླུང་གི་རྒྱལ་མཚན་ལྟར་བཀྲ་བའི། ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ། ། ང་རྒྱལ་གསལ་སྣང་འདོན་པར་བྱ། ། བསྒོམས་པའི་སྟོབས་ཀྱིས་རླུང་དབུ་མར། ། ཞུགས་གནས་ཐིམ་གསུམ་བྱུང་བའི་མཐར། ། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས། ། ཆོས་གཟུགས་གཉིས་ཀྱི་སྐུ་རུ་ལྡང་། ། དེ་ལྟར་རླུང་གི་ཁྱད་པར་གྱིས། ། མཚོན་བྱེད་ཚིག་གི་སྦྱོར་བ་འདི། ། ལེགས་བཤད་ཆུ་ཡི་བསྟན་བཅོས14ཏེ། ། མཐོང་བའི་རྐྱེན་གྱིས་བྱས་པ་ལགས། ། མཁས་དབང་དཀོན་མཆོག་བསྟན་པའི་སྒྲོན་མེའི་ལེགས་བཤད་རྒྱ་མཚོ་ཆེན་པོ་དེ། ། རྣམ་དཔྱོད་བློ་ཡི་རླུང་གིས་བསྲུབས་ལས་འཇིག་རྟེན་ཡ་རབས་སྤྱོད་ཚུལ་ནས། ། ཟུང་འཇུག་མངོན་དུ་བྱེད་པའི་བར་གྱི་ལམ་གྱི་རིམ་པ་མ་ལུས་པ། ། གཏན་ལ་འབེབས་བྱེད་བསྟན་བཅོས་འདི་ནི་སྔོན་བསགས་བསོད་ནམས་མཐུ་ལས་རྙེད། ། ཚུལ་འདིར་འབད་པའི་དགེ་བའི་མཐུས། ། ལུག་གཉིས་བསླབ་བྱ་རླུང་བཞིན་དུ། ། འཇིག་རྟེན་ཀུན་ལ་ཡོངས་གྲགས་ནས། ། བླང་དོར་བྱེད་ལ་མཐུ་ལྡན་ཤོག །

ཅེས་ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་ཅོས་ཞེས་བྱ་བ་འདི་ནི་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཆུའི་བསྟན་བཅོས་དེ་ཉིད་མིག་ལམ་དུ་གྱུར་ཅིང་། བླ་མ་རིན་པོ་ཆེ་རྣམ་རྒྱལ་བཟོད་པ་དེ་ཉིད་ཀྱིས་མཛད་པའི་ས་དང་མེའི་བསྟན་བཅོས་ཀྱང་ཡོད་པར་གྲགས་པས་ད་དུང་དེ་དག་གི་སྟེང་དུ་རླུང་གི་བསྟན་བཅོས་ཤིག་ཀྱང་བྱུང་ན་འབྱུང་བ་བཞིའི་བསྟན་བཅོས་ཆ་ཚང་བའི་རྐྱེན་གྱིས་བློ་གསལ་རྣམས་སྤྲོ་བ་སྐྱེས་ནས་བསྟན་བཅོས་དེ་དག་ལ་ཐོས་བསམ་གྱི་སྒོ་ནས་འཇུག་འདོད་ཆེ་བ་ཡོད་རེའི་བསམ་པས་ཀུན་ནས་བསླངས་ཏེ་བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་ཁྲི་འཛིན་པ་དགེ་སློང་བློ་བཟང་སྦྱིན་པ་བདག་གིས་བྲིས་པ་ཡིན་པས་འདི་ལ་ནོར་འཁྲུལ་གང་མཆིས་པ་ཐམས་ཅད་མཁས་པ་རྣམས་ཀྱིས་དག་པར་མཛད་དུ་གསོལ། 

2 མཆན་འགྲེལ།

1.དཔག་བསམ་ལྗོན་པ། ཡོངས་འདུ་ས་བརྟོལ་ཏེ། ལྷ་ཡུལ་དུ་སྐྱེས་པའི་ཟས་གོས་སོགས་དགོས་འདོད་ཐམས་ཅད་འཇོ་ཐུབ་པའི་ལྷའི་ལྗོན་ཤིང་ཞིག

2.སྙིགས་དུས། དུས་མཐར་ཚེ་དང་བསོད་ནམས་སོགས་ཀྱི་དྭངས་མ་རིམ་གྱིས་ཟད་དེ་ངན་སྙིགས་སུ་ལྷག་པའི་དུས་ནི་སྙིགས་དུས་ཡིན་ལ། དཔལ་བརྩེགས་ལོ་ཙཱ་བས། ནས་འབྲས་ལ་སོགས་པ་རྨོ་བརྐོ་མི་དགོས་པར་བརྔས་མ་ཐག་ཏུ་ནང་ནུབ་ཏུ་རང་སྐྱེ་བ་དང་། རྡེག་འཚོག་དང་འཐབ་རྩོད་མེད་པ་ལས་ཉམས་ཏེ་མུ་གེའི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མཚོན་ཆའི་བསྐལ་པ་དག་གིས་གདུངས་པ་ནི་དུས་ཀྱི་སྙིགས་མའོ་ཞེས་གསུངས།

2.གསང་གསུམ། སྐུ་གསུམ་ཐུགས་གསུམ་གྱི་གསང་བའོ། ། 

4.འགྲོ་བ་གཉིས། ངན་འགྲོ་དང་བདེ་འགྲོ་གཉིས་ཏེ། དམྱལ་བ་དང་ཡི་དྭགས། དུད་འགྲོ་གསུམ་ངན་འགྲོ་དང་། ལྷ་དང་མི། ལྷ་མིན་གསུམ་ནི་བདེ་འགྲོའོ། ། 

5.མཆོག་གསུམ། སངས་རྒྱས་དང་། དགེ་འདུན་དང་། ཆོས་ཏེ་དཀོན་མཆོག་གསུམ།

6.ཡིད་ཆེས་དད་པ། རྗེ་འདིའི《ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་ལ་བསྟོད་པ་དད་པའི་ཆུ་གཏེར་སྤེལ་བའི་བདུད་རྩིའི་ཆུ་རྒྱུན》ཞེས་བྱ་བའི་མཆན་རྟགས་ཨང25པར་གཟིགས།

7.སྟོབས་བཞི། སྡིག་པ་བཤགས་པའི་སྟོབས་བཞི་སྟེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི《ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་བྱ་བའི་མཆན་རྟགས་ཨང21པར་གཟིགས། 

8.ནག་པོ་བརྩེགས་པ། དུག་གི་མིང་། རྒྱས་པར་འདོད་ན་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི《རྒྱལ་པོ་རཱ་མ་ནཱའི་གཏམ་རྒྱུད》ཀྱི་མཆན་རྟགས་ཨང69པར་གཟིགས། 

9.མ་མོས་འཕེལ། རླུང་སྤྱིའི་མིང་། 

10.ཐེག་ཆེན་སེམས་བསྐྱེད། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱི་བྱང་ལ་དམིགས་པའི་ཟུར་ཏེ། ཟུར་གཉིས་སམ་དོན་གཉིས་ལྡན་པའི་སེམས་བསྐྱེད་དོ། ། 

11.བྱིང་རྒོད། རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་པའི《སྤང་གཉེན་སྦྱོར་ཚུལ་ལས་བརྩམས་པའི་གདམས་པ》ཞེས་པའི་མཆན་རྟགས་ཨང15པར་གཟིགས།

12.ཏིང་འཛིན། ས་ཆེན་ཀུན་དགའ་སྙིང་པོས་མཛད་པའི《ཞང་སྟོན་ལ་བསྟོད་པ》ཞེས་པའི་མཆན་རྟགས་ཨང2པར་གཟིགས། 

13.ཟུང་འཇུག་གོ་འཕང་། སྐུ་གཉིས་ཟུང་དུ་འཇུག་པ་རྡོ་རྗེ་འཆང་གི་གོ་འཕང་། 

14.ལེགས་བཤད་ཆུ་ཡི་བསྟན་བཅོས། གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི《ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླངས་ཕྲེང་བརྒྱ་ལྡན》ཞེས་པའི་བྱ་བ་ལ་ཟེར་བའོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།