སྙན་ངག་གི་མཛེས་པའི་ངོ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྙན་ངག་གི་མཛེས་པའི་ངོ་བོ་ཞེས་པ་འདིར་གནའ་དེང་གི་རྩོམ་རིག་གཞུང་ལུགས་དང་འབྲེལ་ནས། སྙན་ངག་གི་མཛེས་པ་ཅི་འདྲ་ཞིག་ཡིན་པ་དང་། དེའི་ངོ་བོ་དང་བྱེད་ནུས་ཇི་ལྟར་ཡིན་ཚུལ་གསལ་བོར་བྲིས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་ངག།
1 ​མཛེས་པའི་ངོ་བོ།

འཇིག་རྟེན་གྱི་སྐྱེ་བོ་ཐམས་ཅད་ཀྱང་མཛེས་པ་ལ་མི་དགའ་བ་གཅིག་ཀྱང་མེད་ལ། དངོས་པའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཐམས་ཅད་ཀྱང་མཐར་གཏུགས་ན་མཛེས་པ་ལ་རེ་སྙེག་དང་། མཛེས་པ་གསར་དུ་གཏོད་པར་དམིགས་པ་ཡིན། སྒྱུ་རྩལ་པ་རྣམས་ལ་མཚོན་ནའང་ནམ་རྒྱུན་ཡུན་རིང་བའི་དཀའ་སྡུག་གི་ངལ་རྩོལ་བརྒྱུད་དེ་མཛེས་སྡུག་གི་ཆོས་ཉིད་སྣ་ཚོགས་འཚོལ་ཞིབ་དང་། ཕུགས་རེ་བའི་མཛེས་རྩལ་དེ་བརྩམས་ཆོས་སྣ་ཚོགས་སུ་སྤྲས་ཏེ། མི་རྣམས་ཀྱི་དྲན་དབང་དང་ཡིད་སེམས་དབང་མེད་དུ་འགུགས་བཞིན་ཡོད། རང་རེ་ཁ་བ་ཅན་གྱི་སྙན་ངག་རྣམས་ཀྱང་དེ་ལས་མ་འདས་ཏེ། བོད་མཁས་པ་སོགས་ཀྱིས། རྨོངས་པའི་མུན་འཕྲོག་འཁོར་བའི་གདུང་སེལ་གཉེན། ། འཇིག་རྟེན་ཀུན་ལ་དགའ་བསྐྱེད་གྲགས་པའི་གཏེར། ། ཆོས་རབ་གསལ་བྱེད་བྱང་ཆུབ་སྙིང་བོའི་ལམ། ། སྟོན་ནུས་སྙན་ཚིག་ཟླ་བ་གསར་བ་བཞིན། ། ཞེས་པ་ལྟ་བུ་ལས། ཀློག་མཁན་དང་མྱོང་རོལ་བྱེད་མཁན་ལའང་། སྙན་དང་འགྱུར་བག་སྟོང་གི་བསེར་བུའི་རྒྱུན། ། ཡིད་ཀྱི་ཤེས་པ་བསིལ་བའི་བརྟེན་དུ་འབབ། ། ཅེས་གྲགས་པ་ལྟར་སྙན་ཉམས་འགྱུར་བག་ཕུན་སུམ་ཚོགས་པའི་སྙན་ངག་གིས་མི་རྣམས་ལ་མཛེས་སྡུག་གི་ལོངས་སྤྱོད་དང་ཕན་པའི་བདེ་བ། དགའ་བའི་སྤྲོ་སེམས་སོགས་སྟེར་བས་མྱོང་མཁན་རྣམས་ཀྱི་ཡིད་ནི་རབ་ཏུ་སིམ་ཞིང་། བདེ་བའི་དཔལ་སྐྱེད་པར་བྱེད། དེ་བས་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྗེ་ཙོང་ཁ་བའི《བྱམས་བསྟོད་ཚངས་པའི་ཅོད་པན》ཀློག་བཞིན་ཐུགས་དྲག་ཏུ་གཡོས་ཏེ་སྤྱན་ཆབ་ཡང་ཡང་བསིལ་བ་ལྟ་བུའོ། ། འདི་དག་ལས་བོད་ཀྱི་སྙན་ངག་ཀྱང་རྩོམ་མཁན་གྱི་མཛེས་དཔྱོད་དང་ཡིད་འགྱུར་ལས་བྱུང་ཞིང་། ཀློག་མཁན་གྱིས་ཀྱང་མཛེས་དཔྱོད་ཀྱི་མྱོང་བ་བརྒྱུད་ནས་ཡིད་སེམས་གཡོ་ཞིང་བདེ་བའི་ཚོར་བ་ཁྱད་པར་ཅན་ཞིག་མྱོང་བ་ལགས་ན། སྙན་རྩོམ་ལ་མཛེས་དཔྱོད་ཀྱི་རིན་ཐང་རྒྱ་ཆེན་པོ་ལྡན་པ་བསྙོན་དུ་མེད་ལ། མཛེས་སྡུག་ཅེས་པའི་བོད་ཀྱི་སྙན་ངག་གི་ཁྱད་ཆོས་གཟེངས་སུ་ཐོན་པ་ཞིག་ཡིན་པ་སྨོས་མ་དགོས།

2 མཛེས་དཔྱོད་ཀྱི་བྱེད་ལས།

མཛེས་དཔྱོད་ཀྱི་བྱེད་ལས་ལྡན་པ་ནི་རྩོམ་རིག་སྒྱུ་རྩལ་ཐམས་ཅད་ཀྱི་ཁྱད་ཆོས་ཡིན་ལ། སྙན་ངག་ནི་སྒྱུ་རྩོམ་གྱི་ཁོངས་སུ་གཏོགས་པས་མི་ཚད་དེ་དག་གི་སྐྱེད་ཡུམ་དང་ཡང་རྩེར་གནས་ཤིང་། དེ་ལ་དམིགས་བཅས་ཀྱི་མཛེས་པའི་ངོ་བོ་ལྡན་ཕྱིར་མཛེས་དཔྱོད་ཀྱི་བྱེད་ལས་དེ་གཞན་པའི་བྱེད་ལས་གཉིས་ལས་གཞི་རྩར་གྱུར་ཅིང་གལ་ཆེ་བར་མངོན་ཡོད་དེ། 《མཁས་འཇུག》ལས། རང་བཞིན་ཡོན་ཏན་ལས་རྣམས་ལ། །  ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ། ། དྲང་བོ་ཟུར་མིག་ཚིག་དང་དོན། །  དངོས་ཤུགས་དཔེ་ཡི་སྒོ་ནས་དེ། ། སྒྲོ་བཏགས་ནས་ནི་ཚིག་གི་རྒྱན། །  ཉམས་དགའི་རོ་དང་སྦྱར་ཏེ་སྤེལ། ། ཞེས་བརྗོད་བྱའི་དངོས་པོའི་རང་བཞིན་ནམ་ཡོན་ཏན་འགྲོ་འོང་སྨྲ་བ་ལ་སོགས་པའི་བྱ་བ་རྣམས་བསྟོད་སྨད་དང་སྒྲོ་འདོགས། དྲང་བོ་དང་འཁྱོག་བརྗོད། དངོས་ཤུགས་གང་རུང་གིས་བརྗོད་ཚེ་མཛེས་ཤིང་ཡིད་འཕྲོག་པའི་སྒེག་པ་དང་། འཇིགས་པ་མེད་པའི་བརྟུལ་ཞུགས་འཛིན་པའི་དཔའ་བ་སོགས་སྙན་ངག་གི་ཉམས་དགུ་བོ་བླ་ལྷག་ཏུ་ཐོན་དགོས་པར་གསུངས་པ་དང་། དགེ་བཤེས་ཤེས་རབ་རྒྱས་མཚོས། སྐྱེས་སྦྱངས་སྤོབས་པ་རྨད་བྱུང་ཉམས་འགྱུར་བརྒྱས། ། ཡིད་འཕྲོག་ཚིག་སྦྱོར་ཚངས་པའི་གླུ་དབྱངས་འཇེབས། ། ཞེས་གསུངས་པ་ཐམས་ཅད་ངག་གི་སྦྱོར་བ་ཕུན་སུམ་ཚོགས་པའམ་རྨད་དུ་བྱུང་བའི་སྐད་ཆའི་སྒྱུ་རྩལ་གྱི་མཛེས་ཉམས་ཁྱད་པར་བ་དེར་བཤད་པ་ལགས། སྙན་ངག་གི་གདགས་གཞི་ཕུང་བོ་ཡོངས་ལ་མཛེས་དཔྱོད་ཀྱི་བྱེད་ལས་ལྡན་པ་བསྙོན་དུ་མེད་ཅིང་། ཁྱད་པར་དུ་མྱོང་རོལ་གྱི་ཆ་ནས་དཔྱད་ནའང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། ཐོས་པ་ཙམ་གྱིས་ཁོང་འཛུམ་སྤྲོ་བྱེད་ཅིང་། ། དཔེ་བྲལ་སྙན་འཇེབས་རྣ་བའི་བཅུད་ལེན་གང་། ། ཚིག་སྦྱོར་རྨད་བྱུང་འཇོ་བའི་འབྱུང་གནས་ཆེ། ། སྙན་ངག་ཕུལ་བྱུང་སྲིད་འདིའི་རིན་ཆེན་གཅིག ། ཞེས་སྙན་འཇེབས་ངག་གི་སྒྱུ་རྩལ་གྱི་རོ་ཉམས་ཡིད་བཞིན་དུ་འཇོ་བའི་སྙན་ངག་ནི་ས་སྟེང་གི་རིན་པོ་ཆེར་བགྲངས་པ་ལྟ་བུའོ། །

3 མཛེས་ཉམས་གལ་ཆེ་ཚུལ།

ཨ་ལ་ཤ་ངག་དབང་བསྟན་དར་མཆོག་གིས། ཤེས་རབ་ལང་ཚོ་སྨིན་པའི་ལུས་ཕྲ་མ། ། འཆད་རྩོད་རྩོམ་པའི་གོས་བཟང་བཀླུབས་གྱུར་ཀྱང་། ། སྙན་ངག་ཚིག་གི་རྣ་རྒྱན་མ་བཏགས་ན། ། སྐྱོན་གཅིག་གིས་ནི་ཀུན་གྱི་གླེང་བར་འགྱུར། ། ཞེས་གསུངས་ཏེ། སྙན་ངག་གི་མཛེས་ཉམས་དེ་གཞན་པའི་མཁས་བྱའི་གནས་ཀུན་ལས་ལྷག་པར་བསྟན་ཞིང་། སྙན་ངག་གི་མཚན་ཉིད་སོགས་རྗོད་སྐབས་ཀྱང་ངག་གི་རྒྱུན་གང་ཞིག་སྒྲ་དོན་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ལ་སྙན་ངག་ཅེས་དང་། སྙན་ངག་དམ་པའི་རྒྱན་ལྡན་ནི། ། བསྐལ་བའི་བར་དུ་གནས་པར་འགྱུར། ། ཞེས་སོགས་གསུངས་ཏེ། སྙན་ངག་གི་སྒྲ་དོན་སྦྱོར་ཚུལ་མཛེས་པའམ་རྒྱན་དེ་སྙན་ངག་གི་ཁྱད་ཆོས་ཡོན་ཏན་ཁྱད་པར་ཅན་ནམ་ཚེ་སྲོག་ལྟ་བུ་ཡིན་པར་བསྟན་ཡོད། དེ་བཞིན་དུ་དབྱིན་ཇིའི་མིང་དུ་གྲགས་པའི་སྙན་ངག་སྨྲ་བ་ཞེ་ལེ་ནས་ཀྱང་སྙན་ངག་གིས་ནི་ཡོད་ཚད་མཛེས་སྡུག་ལྡན་པར་བྱེད་དེ། མ་གཞི་མཛེས་པ་མཐའ་དག་དེ་ལས་ཀྱང་ལྟ་ན་སྡུག་པར་བྱེད་ཅིང་། ཡིད་དུ་མི་འོང་བ་བདག་ལའང་མཛེས་པའི་ཆ་དག་སྟེར་བར་བྱེད། རྒྱའི་སྙན་ངག་སྨྲ་བ་ཞེ་བུན་ལེ་ནས་ཀྱང་གཞན་པའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་དང་བསྡུར་ན། སྙན་ངག་ལ་དམིགས་བསལ་གྱི་མཛེས་ཉམས་ཁྱད་འཕགས་ལྡན་ཞེས་གསུངས་ནས། ཐམས་ཅད་ཀྱིས་སྙན་ངག་ལ་ནང་དོན་དང་རྣམ་པའི་ཆ་ཀུན་ནས་མཛེས་རྩལ་ཐུན་མོང་མ་ཡིན་པ་ལྡན་ཞིང་མཛེས་ཉམས་དེ་སྙན་རྩོམ་གྱི་རྩ་བའི་ངོ་བོ་ཡིན་པར་བསྟན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-26

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།