བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས།

བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས།)

འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི་བསྟོད་རྩོམ་འདི་རུ། ཆོས་ཀྱི་རྒྱལ་བོ་ཀུན་གཟིགས་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོའི་མཛད་འཕྲིན་མཐའ་དག་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་མཐར་ཐུག་དོན་དམ་བདེན་པ་དང་། ཚུ་རོལ་མཐོང་བ་དག་གི་སྤྱོད་ཡུལ་ལ་སྣང་བ་ཇི་སྙེད་ཀུན་རྫོབ་ཀྱི་བདེན་པར་སྦྱར་ཏེ་ཐར་ཆགས་སུ་བདེན་གཉིས་འགལ་མེད་ཟུང་འཇུག་གི་ལམ་ནས་བསྟོད་པ་གནང་བ་ཞིག་གོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།
ཡབ།
ཟངས་ཚ་བསོད་ནམས་རྒྱལ་མཚན།
འཁྲུངས་ཡུལ།
ས་སྐྱ།
ཡུམ།
མ་གཅིག་ཀུན་དགའ་སྐྱིད།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1235-1280)ལོར།
1 ​མཛད་པ་པོ།

འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་བའི་ཤིང་ལུག་སྟེ་སྤྱི་ལོ1235ལོར་ས་སྐྱར་སྐུ་བལྟམས། ཁུ་བོ་ས་པཎ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་གསན། ཧུ་པི་ལི་སེ་ཆེན་གདན་གྱིས་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད་པས། རྒྱལ་བོ་འཁོར་དང་བཅས་པ་ལ་གསང་སྔགས་ཀྱི་དབང་ཐེངས་བཞི་གནང་བའི་ཡོན་དུ་བོད་ཡུལ་ཁྲི་སྐོར་བཅུ་གསུམ་དང་། ཏི་ཤྲཱིའི་གོ་གནས། རྒྱ་ཡི་མི་ཡུར་ཆེན་པོ་སོགས་དང་། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་བའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་ཕུལ་བ་དང་། ཧོར་ཡིག་གསར་བཟོ་གནང་བ་སོགས་ཆོས་སྲིད་གཉིས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ། དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་བའི་ལྕགས་འབྲུག་སྟེ་སྤྱི་ལོ1280ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གསུང་འབུམ་པོད་གསུམ་བཞུགས། 

2 བསྟོད་པའི་ཁུངས།

བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ་འདི་ནི་ས་སྐྱོང་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་བླ་མ་བདེ་བར་གཤེགས་པ་སྟེ། ཀུན་གཟིགས་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོ་ལ། ཆོས་གོས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བས་མཆོད་པར་བྱ་བའི་རབ་ཏུ་བསྔགས་པ་ལས་བརྩམས།

3 བརྗོད་དོན་མདོར་བསྡུས།

འདིའི་ནང་གཙོ་བོར་ཆོས་ཀྱི་རྒྱལ་བོ་གང་གི་མཛད་འཕྲིན་མཐའ་དག་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་མཐར་ཐུག་དོན་དམ་བདེན་པ་དང་། ཚུ་རོལ་མཐོང་བ་དག་གི་སྤྱོད་ཡུལ་ལ་སྣང་བ་ཇི་སྙེད་ཀུན་རྫོབ་ཀྱི་བདེན་པར་སྦྱར་ཏེ་ཐར་ཆགས་སུ་བདེན་གཉིས་འགལ་མེད་ཟུང་འཇུག་གི་ལམ་ནས་བསྟོད་པ་གནང་ཡོད་པ་ཡིན། དེ་ཡང་མཚོན་ཙམ་ཞུས་ན་འདི་ལྟར། དམ་པའི་དོན་དེ་རང་གཞན་དོན་གཉིས་སོགས་འཇིག་རྟེན་ཀུན་རྫོབ་པའི་ངོར་སྣང་བ་བཞིན་འཕགས་པའི་གཟིགས་ངོ་ན་འགྲོ་བ་དང་འོང་བ་བྱ་བ་དང་བྱེད་པ་མེད་པར་སྐྱེ་འགྲོ་མཚན་འཛིན་གྱིས་འཆིང་བ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཕྱིར་ཆོས་རྒྱལ་རང་ཉིད་མཉམ་བཞག་གཡོ་མེད་ལ་རྩེ་གཅིག་ཏུ་གཞོལ་བ་ལགས་ནའང་གཞན་ཕན་གྱི་བརྩེ་ཆེན་དྲོན་མོས་ཆོ་འཕྲུལ་གསུམ་གྱི་མཛད་པ་སོགས་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་རྣམ་འཕྲུལ་སྟོན་པ་དང་། སྒྲ་རྟོག་དང་ཚུར་མཐོང་སོ་སོ་སྐྱེ་བའི་བློས་བསམ་དུ་མེད་ཅིང་། བུ་རམ་གྱི་རོ་དེ་ལྕེ་ཐོག་ནས་ཇི་ལྟར་མྱངས་པ་དེ་ཉིད་སྒྲས་ཇི་ལྟ་བ་བཞིན་བརྗོད་དུ་མི་ནུས་པ་བཞིན། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ཆོས་ཀྱི་དབྱིངས་དེ་ཡང་སྒྲ་དང་ངག་གིས་ཇི་ལྟ་བ་བཞིན་བརྗོད་དུ་མེད་པ་ཡིན་པར་ཡང་རང་ཅག་གིས་ཐུགས་སུ་ཆུད་པའི་སླད་དུ་ཆོས་ཀྱི་རྒྱལ་བོ་རང་ཉིད་རེ་ཞིག་ཅི་ཡང་མི་གསུང་བའི་བཞུགས་སྟངས་གནང་ནའང་། མི་འཇིགས་པ་བཞི་ལ་མངའ་བརྙེས་ཤིང་། སོ་སོར་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་གང་ཉིད་ཀྱིས་ཇི་སྐད་དུ། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། ། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ།  ། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིག་པ་བརྒྱ་དག་གིས་ནི་འཛུད་པར་མཛད། ། ཅེས་དང་། རྗེ་ཙོང་ཁ་བ་ཆེན་པོས་རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་པ། ། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག ། དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །  ཞི་འགྱུར་མིན་མཛད་ཁྱོད་ལ་མེད། ། ཅེས་གསུངས་པ་ལྟར། ཐབས་ཚུལ་སྣ་ཚོགས་ཏེ་དྲང་ངེས་ཀྱི་སྒོ་མི་འདྲ་བ་དུ་མའི་སྒོ་ནས་ཆོས་ཀྱི་ཆར་བ་རྒྱུན་མི་འཆད་པར་འབེབས་པར་མཛད་ཅིང་། དག་པ་གཉིས་ཏེ་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་དག་པ་གཉིས་ཀྱིས་ཡོངས་སུ་དག་པའི་དབྱིངས་ཏེ་རིམ་བཞིན་ཁོང་གི་ཐུགས་རྒྱུད་ཀྱི་ཆོས་ཉིད་དང་འགོག་བདེན་རྣམས་ཕན་ཚུན་རོ་གཅིག་པ་ཉིད་ཀྱི་ཕྱིར་ཕལ་བའི་སྐྱེ་བོས་མཚན་མར་འཛིན་པའམ་སྤྲོས་པ་རབ་ཏུ་ཞི་བའི་ཆེད་དུ་ཆོས་ཀྱི་རྒྱལ་བོ་གང་ཉིད་ཆོས་རྣམས་མཉམ་པ་ཉིད་དུ་གཟིགས་པའི་མི་རྟོག་པའི་ཡེ་ཤེས་ལ་ཐུགས་ཤིན་ཏུ་འབྱམས་པ་ལགས་ནའང་། ཁྱོད་ཉིད་ཀྱང་སྐྱེ་བའི་ཚེ་རབས་རྣམས་སུ་ཤེས་བྱ་རིག་པའི་གནས་ལ་སོགས་པར་སྦྱངས་ཤིང་། སྡུག་བསྔལ་རྒྱ་མཚོའི་གཏིང་ལ་བྱིང་བའི་སེམས་ཅན་ལ་ཐུགས་བརྩེ་བ་ཆེན་པོས་གཞན་དོན་སྒྲུབས་ཐབས་ལ་བརྩོན་པར་མཛད་པའི་སྨོན་ལམ་རྫོགས་པར་གྲུབ་པས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཀུན་མཁྱེན་པའི་བློ་གྲོས་རྣམ་པར་བཀྲ་བ་ལགས། དེ་ལྟར་ཕྱག་བྱ་བའི་འོས་སུ་གྱུར་པ་ཐུགས་སུ་ཆུད་པར་བྱས་ཏེ། ཆོས་ཀྱི་གོས་སོགས་མཆོད་རྫས་སྣ་ཚོགས་སྤྲིན་དུ་གཏིབས་ནས་མཆོད་པར་བྱས་ན་ཆོས་རྒྱལ་གང་ཉིད་འགྲོ་བའི་དཔལ་དུ་ཞབས་པད་བརྟན་ཅིང་ཆབ་སྲིད་ཆོས་བཞིན་བསྐྱངས་ཏེ། སྐྱེ་དགུ་ཀུན་ཆོས་དང་དཔལ་འབྱོར་གྱིས་རྫོགས་ལྡན་ཟླ་ལ་རག་པའི་ཐུགས་སྨོན་རྒྱ་ཆེན་གནང་ཡོད།

4 སྒྱུ་རྩལ་གྱི་ཁྱད་ཆོས།

རྩོམ་སྟངས་ཀྱང་རྐང་བ་རིང་ཐུང་མི་འདྲ་བ་སྤེལ་ཞིང་འབྱུང་བས་རྒྱ་མཚོའི་དབའ་རླབས་ཀྱི་ཕྲེང་བ་ལྟར་བརྗིད་ཆགས་ཤིང་ཉམས་སྟོབས་འབར་བའི་ལུགས་སུ་བརྩམས་པའི་སྡེབ་སྦྱོར་ཅན་དུ་རྩོམ་རང་གི་མཇུག་བྱང་ན་གསལ་བ་ལྟར་གཞན་དང་མི་མཚུངས་པའི་ཁྱད་ཆོས་འདུག་པས་བློ་གསལ་དག་གིས་བསླབ་གཞིར་བླང་བར་བྱ་བ་ཉིད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-26

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།