འཁྲུངས་རབས་ཀྱི་ཞིང་བཀོད་འབྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཁྲུངས་རབས་ཞལ་ཐང་གྲ་རྩར་ལ། བླ་མ་སོ་སོའི་མཛད་པ་འགངས་ཆེ་བ་འགའ་ཞིག་གི་ཞིང་བཀོད་ས་བོན་གྱི་ཐོ་དང་། དེ་ཁའི་བསྡུས་དོན་གྱི་ཚིགས་བཅད་ཐང་གར་བྲིས་ཆོག་པའི་རྩིས་དང་བཅས་པ་འདི་ནི། སྦུས་སྲང་པ་དཀོན་གཉེར་སྨྱོན་པས་བསྐུལ་བའི་ངོར། ཟ་ཧོར་གྱི་བན་ངྷེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་བ་ནི་ངག་དབང་དགེ་ལེགས་སོ། ། འདི་དག་ཐུགས་རྒྱུད་གཅིག་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ཡིན་གྱི། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ངེས་པ་ནི་མེད་དོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རྒྱལ་བ་བློ་བཟང་རྒྱ་མཚོ།
1 མ་ཡིག

སྭསྟི་པྲ་ཛ་བྷྱཿ   སྐུ་གསུམ་ངོ་བོ་དག་པའི་དབྱིངས་སུ་དབྱེར་མེད་དོན་དམ་མི་ཟད་འཁོར་ལོའི་རྒྱན་གྱི་མཛོད། ། དམིགས་མེད་སྙིང་རྗེའི1རླན་གྱིས་ཉེར་བསྒོས་མཚན་དཔེའི་ཁ་དོག་མ་འདྲེས་བབ་བཀྲའི་རི་མོ་ཅན། ། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུའི2དབང་པོའི་གཞུ་ཡི་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། ཞིང་ཁམས་རྒྱ་མཚོར་ངོ་མཚར་ཆོ་འཕྲུལ་འབྱམས་སུ་ཀླས་པའི་འཇིག་རྟེན་དབང་ཕྱུག་ཕྱག་གི་ཡུལ། ། སྲིད་དང་ཞི་བའི་གཙུག་ཏོར་མཐོན་པོའི་རྩེར། ། སྣང་བ་དམ་པའི་གཟི་བྱིན་ཆེར་འབར་བའི། ། སྔོན་མེད་ཉི་མ་གསར་བ་སྲོང་བཙན་རྗེའི། ། འོད་སྟོང་སྲིད་པའི་རྩེ་ལས་བརྒལ་ཏེ་སྤྲོ། ། ལྔ་བརྒྱའི་ཉེས་ཚོགས་ནགས་ཀླུང་ཕྱེར་འཐག་པའི། ། སྐྱེས་རབས་རལ་གྲིའི་རྩིབས་སྟོང་འཁོར་བའི་རྒྱུན། ། མ་དམད་ཐུགས་རྗེ་ཆེན་པོས་ཉེར་བསྐུལ་ཕྱིར། ། འཁོར་བའི་ཕ་མཐའ་ཇི་བཞིན་འཛད་མེད་རིང་། གཞན་ཕན་དོན་དུ་འགྱུར་ན་ངན་སོང་གནས། ། འཆི་མེད་ཚལ་དང་མཚུངས་པར་ལོངས་སྤྱོད་པའི། ། འཇིགས་བྲལ་སྙིང་སྟོབས་འཕགས་ཆེན་དམ་པའི་ཚུལ། ། དམན་ལམ་ཞི་བདེར་གོམས་རྣམས་སྐལ་ཕྲ་བ། ། རང་བདེ་འདོད་པའི་མཚན་མོར་ཉེར་གཞོལ་ཡང་། ། གཞན་དོན་ཕྱོགས་བརྒྱར་ངོམ་པའི་འདབ་མའི་ཁ། ། དཀའ་སྤྱད་ཉིན་བྱེད་ཤར་ཚེ་རབ་ཟུམ་པའི། ། འཁྲུངས་རབས་ཀུནྡའི་ཚོགས་ཀྱི་དོ་ཟླ་མིན། ། སྨྲ་བའི་བང་མཛོད་ལྕེ་ཡི་གློག་ཕྲེང་སྟོང་། ། རྣམ་པར་འཐུལ་ཡང་ཚུལ་འདི་བརྗོད་པའི་མཐར། ། བྲལ་ཕྱིར་རྫོགས་པར་གླེང་བའི་དཀའ་ཐུབ་དག ། བསྟེན་ན་ཚངས་པ་རྒན་པོ་གཉིད་ལ་ཡུར། ། འོན་ཀྱང་རང་བློའི་ཨ་མྲའི་ཚི་གུ་ཡིས། ། རྟོགས་བརྗོད་ཟླ་བའི་མ་མའི་ཆ་ཤས་ལས། ། ཇི་ཙམ་ལེན་པར་སློབ་ནུས་དེ་སྲིད་དུ། ། འཇུག་པའི་ཚུལ་ལ་རྒོལ་བའི་ཀླན་ཀ་སུ། །

ཡེ་ཤེས་སྣང་བ3དག་པའི་ཞིང་། ། ལག་མཐིལ་ལྟར་མཉམ་རིན་ཆེན་གཞིར། ། ནོར་བུའི་རྡུལ་བརྩེགས་རི་བོའི་ཚོགས། ། གཉིས་འཐུང་དལ་གྱིས་རྒྱུ་བ་བཞིན། ། སྣ་ཚོགས་རིན་ཆེན་ལས་བསྐྲུན་པའི། ། སྔོན་མེད་ལྗོན་པའི་དབང་པོ་ཅན། ། ཉོན་མོངས་གདུང་བ་ལས་སྐྱོབ་ཕྱིར། ། འདབ་མའི་ཚོགས་ཀྱིས་ཀླུབས་སམ་སྙམ། ། དལ་འབབ་ཆུ་ཀླུང་སྡིག་པའི་དྲི། ། འཁྲུད་པའི་ཆོ་ག་བསྟར་བ་ལ། ། ཆུ་སྐྱེས་ཚོགས་རྣམས་དགའ་བའི་འཛུམ། ། རྩེ་དགའ་ཁོང་ནས་རྒོད་པ་འདྲ། ། ལྷ་མིའི་འབྱོར་བ་ཇི་སྙེད་པས། ། དཔེ་ཟླར་འོས་མིན་ངོ་མཚར་གྱི། ། བཀོད་པ་རྒྱ་མཚོའི་འབྱུང་གནས་ནི། ། བདེ་བ་ཅན4ཞེས་གྲགས་པ་དཀར། ། ས་གཞི་དང་རི་དང་ཤིང་ཐམས་ཅད་ཀྱང་རིན་པོ་ཆེ་ལས་གྲུབ་ཅིང་། མཚོ་རྫིང་འབབ་ཆུ་མེ་ཏོག་བྱ་སྐད་སྙན་སྒྲོག་པ། འཕན་གདུགས་རྒྱལ་མཚན་རོལ་མོ་སོགས་ངོ་མཚར་དང་ལྡན་པའི་བདེ་བ་ཅན་གྱི་ཞིང་དེའི་དབུས་སུ་ཁང་བཟང་དང་བྱང་ཆུབ་ཤིང་གི་ལྗོན་པ་ཡོད་དོ། །

ཞིང་དེའི་དབང་ཕྱུག་འོད་དཔག་མེད5། ། འཁོར་མིན་མིག་སྨན་ལྟར་གནག་པ། ། མཐར་བྱེད་སྐུ་གསུང་ཐུགས་ཀྱི་གཟི། ། གཏན་བདེའི་རང་སྣང་འོད་དུ་འབར། ། ངག་ཡིད་འདུ་བྱེད་དང་བྲལ་བེམ་པོའི་ཁམས6། ། ཉི་འོད་འབུམ་གྱིས་འཁྱུད་པའི་པད་རག་གི ། ལྷུན་པོ་འཇིག་རྟེན་མེས་པོས་ཉེར་བསྐྲུན་ཀྱང་། ། མགོན་ཁྱེད་དཔེ་ཟླར་འོས་པའི་གོ་སྐབས་ཅི། ། དེ་ཡི་དྲུང་དུ་རྒྱལ་སྲས་པད་དཀར་འཆང་། ། སྔོན་ནས་ཚོགས་གཉིས་དཀྱིལ་འཁོར་ཉ་གང་ཡང་། ། རིས་བྲལ་འགྲོ་ལ་བརྩེ་བས་སྨོན་འཇུག་གི ། སེམས་བསྐྱེད7ཟླ་ཚེས་ཆ་ཤས་གོང་དུ་འཕེལ། ། འཁོར་བ་ཨེ་རཎྜ8ཡི་སྙིང་པོ་ལ། ། གཏན་བདེའི་ངལ་གསོར་རེ་བའི་འཁྲུལ་བའི་འགྲོ། ། མ་ལུས་ཁྱོད་ཀྱིས་འདྲེན་པར་དམ་བཅའ་ན། ། འཕགས་ཆེན་གཞན་རྣམས་ཞི་བདེར་མནལ་ལམ་ཅི། ། མགོན་པོ་འོད་དཔག་མེད་བྱང་ཆུབ་ཀྱི་ཤིང་གི་དྲུང་ན་བཞུགས་པའི་མདུན་དུ། ། སྤྱན་རས་གཟིགས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར། པུས་མོ་ས་ལ་བཙུགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་ལོ། །

སྙན་པའི་སྒྲ་དབྱངས་ཉམས་དང་འགྱུར་བའི་དཔྱིད། ། དབྱར་གྱི་རྔ་གསང་ལྟར་སྒྲོག་ས་སྤྱོད9ཀྱི། ། རིགས་སྲས་འཇིག་རྟེན་ལས་འདས་དབང་ཕྱུག་བརྒྱད། ། ཀུན་ཚང་ཡོན་ཏན་གཏེར་གྱུར་མི་ཡི་བདག ། བཅུ་དྲུག་བགྲང་བྱའི་ན་ཚོད་ཆེས་ཕྲ་ཡང་། ། མ་དམད་མཛད་བཟང་རྒན་པོའི་བློ་འཆང་བས། ། རྣམ་འདྲེན་འོད་མཛད་ཡེ་ཤེས་ཏོག་གི་དྲུང་། ། གཏན་གྱི་སྐྱབས་གསོལ་ཞུར་བགྲོད་ཤུལ་ལམ་དུ། ། ཉི་ཟླ་ནམ་མཁའི་སྒྲོན་མར་ཉེར་འབོད་པའི། ། འཆི་མེད་ལུས་ཕྲའི་ཁེངས་འཕྲོག་མཛེས་མ་ཟུང་། ། འཁོར་བར་འཁྲུལ་བའི་གཏན་འདུན་འཆའ་འདོད་ནས། ། གཏོང་མིན་མཛའ་གཅུགས་རྩེ་དགའི་བརྡ་ཐབས་བསྟན། ། དེ་ཚེ་ཡིད་འོང་ཆུ་སྐྱེས་འདབ་རྒྱས་དང་། ། རི་སྐྱེས་དོང་རྩེའི་དངོས་པོ་ཉེར་ཕུལ་ཏེ། ། བླ་མེད་བྱང་ཆུབ་སེམས་བསྐྱེད་ཆར་རྒྱུན་གྱིས། ། གཏན་བདེའི་མྱུ་གུ་བསྐྲུན་པའི་ཆོ་ག་བསྟར། ། ཡུལ་སྒྲ་ཅན་ན་རྒྱལ་པོ་སྒྲ་དབྱངས་རྔ་སྒྲའི་སྲས་སུ་འཇིག་རྟེན་དབང་ཕྱུག་འཁྲུངས་པའི་ཚེ། ལོ་བཅུ་དྲུག་ལོན་པ་ན། སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་དྲུང་དུ་བྱོན་པའི་ལམ་ཁར་ཉི་ཟླའི་སྒྲོན་མ་དང་ནམ་མཁའི་སྒྲོན་མ་གཉིས་ཀྱིས་བཙུན་མོ་བྱ་བར་གསོལ་ཞིང་། སངས་རྒྱས་ལ་ཨུཏྤ་ལ་དང་དོང་རྩེ་ཕུལ་ཏེ་སེམས་བསྐྱེད་དོ། །

གཟི་ཆེན་སྟོང་འབར་རིན་ཆེན་ཅོད་པན་མཆོག ། ཡབ་རྗེས་རིགས་སྲས་དབུ་ལ་ཉེར་བཀོན(བསྐོན)ནས། ། ས་དབང་རྒྱལ་བའི་གོ་སར་མངའ་གསོལ་ཏེ། ། ཁྲིམས་གཉིས་གདུགས་དཀར་ཡུ་བ་བུ་ལ་གཏད། ། རང་གི་ལུས་སྲོག་འགྲོ་ལ་གཏོང་བའི་སེམས། ། སྦྱིན་པའི་རྩེ་དགའ་ལྷུར་ལེན་ཉལ་འགྲོའི་རྒྱུན། ། སྔོན་གོམས་རི་གཟར་རྩེ་ལས་ཉེར་འབབ་པ། ། སེར་སྣའི་རགས་ཀྱིས་གྱེན་དུ་བཟློག་ནུས་མིན། ། སྦྱིན་པའི་གཏམ་སྙན་ལུས་ཕྲའི་འགྲམ་པའི་ཆང་། ། ཟེགས་མ་གྲངས་མེད་ཕྱོགས་བརྒྱར་འཐོར་བ་ཡིས། ། མཆོག་དམན་སྐྱེ་བོའི་སྒྲ་འཛིན་བ་ཀུ་ལ། ། འཛུམ་ཚེ་ཀུན་རྟོག་ཟེའུ་འབྲུ་ཅི་ཡང་རྒོད། ། ཕྲག་དོག་རླུང་གིས་བསྐྱོད་པའི་ནགས་ཀྱི་མེས། ། ནོར་མཆོག་ཙནྡན་ལྗོན་པ་བསྲེགས་པའི་ཤུལ། ། སྒྲ་ཅན་རྗེ་འབངས་སེམས་ཁོང་ཆུད་པའི10བཞིན། ། བརྣགས་པའི་སོལ་བའི་མགལ་དུམ་ཆེས་ཆེར་སྤུངས། ། དེ་ཚེ་གཡོ་མེད་ཁྲིམས་ཀྱི་རླུང་། ། ཤུགས་དྲག་གིས་བདས་རྒྱལ་བའི་སྲས། ། ཟླ་གཞོན་མཐའ་འཁོབ་ཆུ་ལྷ་ཡི། ། ཕང་བར་སོང་ཡང་འཇིགས་པ་མེད། ། བསླུ་མེད་བདེན་པའི་སྐྱ་རེངས་ཀྱི། ། ཕན་བདེའི་བྱ་མ་རྟ་ཤར་བས། ། རིང་མིན་སླར་ཡང་ལྷ་ཡི་སྲས། ། ཉིན་བྱེད་རང་ཡུལ་མཁའ་ལ་འོངས། ། ཨེ་མ་དེ་ཚེ་ལུས་ཅན་ཀུན། ། མི་དབང་ཡིད་བཞིན་ནོར་བུ་འདི། ། རང་གི་བསོད་ནམས་བགོ་སྐལ་གྱིས། ། ཐོབ་ཅེས་དགའ་བའི་གར་གྱིས་བྲེལ། ། དུས་དེར་རྗེ་འབངས་ཡིད་ལ་བདེ་བའི་རོ། ། མྱོང་དང་ལྷན་ཅིག་མཐའ་འཁོབ་དྲེགས་ལྡན་ཡིད། ། དཀར་མིན་སྔོན་བསགས་ལས་ལ་ཆེར་མནོང་བ། ། ལྷན་ཅིག་ཕན་ཚུན་འགྲན་པ་བཞིན་དུ་བྱས། ། སྲས་འཇིག་རྟེན་དབང་ཕྱུག་རྒྱལ་སར་བསྐོས་ཏེ་སྦྱིན་པ་རྒྱ་ཆེན་པོ་བཏང་བས། ཕྲག་དོག་དང་ལྡན་པའི་རྒྱལ་པོ་ཤིང་ཁྲི་ཅན་གྱིས། ནོར་བུ་དགོས་འདོད་འབྱུང་བ་སློང་བར་བཏང་བ་བཞིན་བྱས་པས། སྲས་ཡབ་ཡུམ་རྣམས་བདུད་རི་ནག་པོ་བྱ་རོག་སྒྲ་གཅན་ཞེས་བྱ་བར་སྤྱུགས། དེའི་ཚེ་ལམ་དུ་ཡང་བཞོན་པ། རྒྱན་གོས་རྣམས་ཀྱང་སློང་མོ་ལ་བྱིན། ཤུལ་ལམ་ཞིག་ཏུ་ལྷས་གཞལ་ཡས་ཁང་སྤྲུལ་ནས་མཆོད་པས། བཙུན་མོ་གཉིས་དེར་བཞུགས་པར་འདོད་ཀྱང་ཡབ་ཀྱི་བཀའ་མི་བཅག་པའི་སླད་དུ་བྱོན། དེར་བྱེ་མ་ཤིང་དྲུང་ནས་འོངས་པའི་བྲམ་ཟེ་ལ་སྲས་མིང་སྲིང་ཡང་བྱིན། དེ་ལ་བརྟེན་ནས་ཡབ་ཡུམ་རྣམས་དང་། ཡུལ་དེའི་ལྷ་ཀླུ་གཞི་བདག་རྣམས་ཀྱིས་འདུས་ཤིང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱན་ཆབ་བཏོན་པ་གཅིག་ཏུ་འཁྱིལ་བ་མཚོར་གྱུར་པའི་དབུས་སུ་པད་སྡོང་གི་མེ་ཏོག་རྣམས་ལ་སངས་རྒྱས་རེ་རེ་བཞུགས་པ་དང་། འཇའ་འོད་འཁྱིལ་བའི་ལྟས་ཡ་མཚན་དུ་བྱུང་། བརྒྱ་བྱིན་གྱིས་ཉམས་ཚོད་སད་པར་བཙུན་མོ་བྱིན་ཀྱང་སླར་ཕུལ། མི་རིང་བར་རང་ཡུལ་དུ་སྤྱན་དྲངས་ཏེ་སྲས་འོད་ཟེར་ཏོག་རྒྱལ་སར་བསྐོ་བ་སོགས་དགའ་སྟོན་བྱས་སོ། །

འཕགས་ཡུལ་ལྷོ་ཕྱོགས་འཛིན་མའི་རྒྱན་གཅིག་པུར། ། བྱེད་པོས་ཉེར་བསྐྲུན་དཀོན་མཆོག་གསུམ་གྱི་འབངས། ། འགྲོ་བའི་གཉེན་དུ་ས་དབང་རྒྱལ་པོའི་ཚུལ། ། འཛིན་མཁས་གང་གི་སྒྱུ་འཕྲུལ་དེ་རྨད་བྱུང་། ། སྲིད་འབྱོར11སྙིང་མེད་དབུ་བའི་དོ་ཤལ་དང་། ། ངག་གཡོ་འཐོར་རླུང་དྲག་པོས་ཉེར་བཅོམ་པའི། ། ཡུལ་གཞན་དལ་མེད་རྒྱུ་བའི་རླབས་ཕྲེང་དེ། ། མཐའ་ཡས་དགེ་ཚོགས་འབྱུང་ལ་ཡོལ་བ་མེད། ། ལེགས་བྱས་འབྲས་ལྡན་དུས་ཀྱི་རབ་དྭངས་མཁར། ། མཛེས་སྡུག་ལང་ཚོའི་བསིལ་ཟེར་སྟོང་འཕྲོ་བ། ། བདེ་སྤྱོད་ཡིད་ཀྱི་ཀུནྡ་དབང་མེད་དུ། ། ཕྲོགས་པའི་བཞིན་རས་འདབ་མ་འཛུམ་ཞིང་འདར། ། དེའི་ཚེ་རི་དྭགས་མིག་ཅན་མར། ། མཆོག་གསུམ་དམ་པས་བྱིན་བརླབས་པའི། ། མི་ལས་འདས་པའི་ཁྱེའུ་ནི། ། ཁས་བླངས་ཇི་བཞིན་དུས་སུ་བཙས། ། ལས་ཀྱི་ཐགས་སུ་ཉེར་བཏགས་པའི། ། བགྲང་ཡས་སྐྱེ་བའི་ཟ་འོག་གོས། ། བདེ་སྡུག་སྣ་ཚོགས་རི་མོ་ཡི། ། རང་མཚང་སྟོན་པའི་སློབ་དཔོན་བཞིན། ། ཆེར་འབད་གཡོ་སྒྱུའི་གྲུ་རྫིངས་དག ། བདེན་པའི་པི་ཝང་རྒྱུད་སྒྲ་ཡིས། ། ས་དབང་མདུན་སའི་ཆུ་གཏེར་དབུས། ། ཞིག་ཚེ་བྲན་མོ་ལྷ་ཡུལ་སོང་། ། བྷི་ཏའི་ཡུལ་གྱི་རྒྱལ་པོའི་བུ་མོ་ཀུན་ཏུ་བཟང་མོ་བྲན་མོས་བསླད་དེ་གསེར་གཞོང་ཆུ་ལ་བསྐུར་པའི་རྐྱེན་གྱིས། ཡུལ་ལྷོ་ཕྱོགས་སུ་འོངས་པ་ན་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོར་བླངས། བུ་སྟོད་གསེར་རྐེད་པ་གཡུ། སྨད་དུང་ལས་བྱས་པ་ཞིག་སྐྱེ་ཞེས་བཙུན་མོས་སྨྲས་པ་ལྟར་བཙས་ཀྱང་། བྲན་མོས་རྗེ་མོ་ལ་སྨྱོ་ཆུ་བླུད། སྲས་སྦས། ཁྱི་གུའི་རོ་ཞིག་བསྟན་ཏེ། འདི་བྱུང་ཞེས་དྲིལ་བསྒྲགས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར། རིང་བོར་མ་ལོན་པར་སྲས་ཀྱིས་དྲིལ་བསྒྲགས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར། རིང་བོར་མ་ལོན་པར་པར་སྲས་ཀྱིས་ཕོ་བྲང་ཆེན་པོ་ཞིག་སྤྲུལ་ཏེ་རྒྱལ་བོ་འཁོར་བཅས་གང་ན་དྲངས། སྔར་གྱི་བྱུང་ཚུལ་རྣམས་ཞིབ་པར་གླེང་། བྲན་མོ་གཉིས་རྣམ་ཤེས་པོ་ཏ་ལར་འཕངས་སོ། །

ཐ་མལ་ཁྱིམ་ཐབ་འཁོར་བ་ཡི། ། ཐར་མེད་རྒྱ་རུ་ཡོངས་རིག་སྟེ། ། ལྟས་ངན་གཡང་ལེན་ཉེ་བའི་ལམ། ། མཁའ་འགྲོའི་ཕོ་ཉ་བསྟེན་ལ་ཆས། ། མི་ཞུམ་སྙིང་སྟོབས་བརྩོན་འགྲུས་ཀྱིས། ། དཀའ་བའི་ལས་མངས་ཉེར་བསྒྲུབས་པས། ། མི་བསྲུན་སྲིན་གཡག་སྙིང་འདར་ནས། ། མཐོང་བ་ཙམ་གྱིས་ས་ལ་འགྱེལ། ། དེ་ཚེ་སྐྱེ་བ་མང་བོའི་དགེ་བའི་བཤེས། ། དྲི་མེད་མཚོ་སྐྱེས་རིག་འཛིན་དཔའ་བོ་ཆེས། ། གསང་བའི་མཁའ་འགྲོ་གནས་བཅས་ཉེར་བསྟན་ཞིང་། ། འབྱུང་འགྱུར་གསུང་གི་གསང་བ་དུ་མ་སྩལ། ། ཀུན་གསལ་དབྱིངས་སུ་སྙེགས་འདྲའི་བྲག་གི་རི། ། རྡོ་རྗེ་ལྟ་བུར་རབ་མཛེས་ལྟེ་བའི་དབུས། ། གསང་བ་བདེ་ཆེན་མཁའ་འགྲོའི་གཞལ་མེད་ཁང་། ། ཡེ་ཤེས་ལྷ་ཚོགས་འདུ་བའི་གནས་དེར་བྱོན། ། ཐབས་ཤེས་ཟུང་དུ་འཇུག་པའི12རེ་བ་ཀུན། ། རྫོགས་པའི་འཁོར་ལོ་ཀུན་གྲོལ་བདེ་བའི་དཔྱིད། ། སྟོང་ཆེན་དག་པའི་རང་བཞིན་སྙན་པའི་གླུ། ། རྡོ་རྗེའི་ཚིག་ཏུ་དཔལ་གྱི་མགྲིན་པར་ལེན། ། ཨོོ་ཌི་ཡ་ནའི་ཡུལ13ནས་སྐད་ཅིག་ལ། ། ཡབ་ཡུམ་བདེ་ལྡན་ཁབ་ཏུ་ཉེར་བགྲོད་ནས། ། ངོ་མཚར་བཀོད་པ་རྒྱ་མཚོའི་དགེ་མཚན་གྱིས། ། ཕྱོགས་དེའི་འགྲོ་རྣམས་ལེགས་པའི་ལམ་ལ་སྦྱར། ། དེ་ནས་དཀོན་མཆོག་འབངས་ཀྱིས་གསང་བ་ཡེ་ཤེས་ལེན་པར་ཨོ་རྒྱན་གྱི་ཡུལ་དུ་བྱོན་པས། ལམ་དུ་མཁའ་འགྲོ་མ་ཞིག་གིས་ལུང་བསྟན་པ་ལྟར། སྲིན་གཡག་ཁམ་པའི་སྙིང་ལེན་པར་ཆུ་དང་ནགས་སོགས་ལམ་བགྲོད་དཀའ་མང་པོ་སྤྱད་དེ་བྱོན། དེར་མཁའ་འགྲོ་ཞིག་དང་ཕྲད་དེ་ལུང་བསྟན་པ་ལྟར། བྲག་ཁུང་ཞིག་གི་སྒོ་བརྡུངས་པས་རྣལ་འབྱོར་མ་རྒན་མོ་ཞིག་དང་ཕྲད། དེས་ཟེར་བ་བཞིན་རི་ནག་པོའི་གཙུག་ལག་ཁང་དུ་མཁའ་འགྲོའི་ཚོགས་འཁོར་གྱི་སར་བྱོན་པས། དེའི་རྡོ་རྗེ་སློབ་དཔོན་མ་དེས་ལུང་བསྟན་ནས་སྲིན་ཡུལ་དུ་མི་སྙིང་བཅུ་དྲུག་ལེན་པར་བྱོན། དེར་རྣལ་འབྱོར་མ་ཞིག་གིས་ཁྱེད་རང་རྒྱལ་པོ་མཚོ་སྐྱོང་གི་ཕོ་བྲང་གི་ལྷོ་ནས་ལྔ་རྩིས་པའི་ཕྱོགས་དེར་སྡོད་ཅིག མི་སྙིང་ངས་ཁྱེར་ཡོང་ཟེར་བ་ལྟར་བྱས་པས། རྒན་མོ་གཅིག་དང་བུ་མོ་བཅོ་ལྔ་བྱུང་ནས་ཚོགས་ཀྱི་དགའ་སྟོན་བྱས། རྒན་མོ་དེས་བླ་མ་དྲི་མ་མེད་པའི་དྲུང་དུ་བཏང་བ་བཞིན་བྱོན། དེ་ནས་བླ་མས་གསུང་བ་བཞིན་བྱོན་པས་གསང་བ་ཡེ་ཤེས་དང་མཇལ་ཞིང་། མ་འོངས་ལུང་བསྟན་སོགས་རྒྱས་པར་གསུངས་པའི་མཐར་རང་ཡུལ་དུ་ཕེབས་སོ། །

ཟླ་ཤེལ་འབད་པ་མེད་པར་གཟུགས་བརྙན་གྱིས། ། ཅིག་ཅར་བགྲང་ཡས་རྫིང་བུར་འཆར་བ་ལྟར། ། རྒྱལ་རྣམས་སྒྱུ་འཕྲུལ་དྲ་བའི་རོལ་གར་དག ། སྟོན་འདི་བྱིས་བློས14གཞལ་བའི་ཡུལ་ལས་འགོང་། ། ཁྲིམས་གཉིས་དྲང་པོར་སྲོང་བའི་སྲུབ་ཤིང་གིས། ། ལེགས་ལམ་སྣང་བའི་ཆུ་གཏེར་ལས་བཏོན་པའི། ། ཕན་བདེའི་ས་བསྲུང15སྣ་ཞགས་རིང་བརྐྱང་ཡང་། ། ཆེས་བཙན་བསྙེམས་མེད་སྒམ་པོའི་བློ་ཆེན་ལྡན། ། གངས་ཀྱི་རི་བོས་བསྐོར་པའི་རབ་དཀར་ལྗོངས། ། བདུད་རིགས་ནག་པོའི་ར་རིའི་དྲི་མ་ཅན། ། དྲུངས་འབྱིན་ཐུགས་རྗེའི་ཞུགས16ཀྱིས་བཞུ་བའི་ཆབ། ། གྲགས་སྙན་ལྷུང་ལྷུང་སྒྲར་བཅས་ཅི་ཡང་འབབ། ། མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། ། སྤངས་དང་རྟོགས་པའི་ཡོན་ཏན17ཀུན། ། ཡི་དམ་ལྷ་དང་དབྱེར་མེད་ཀྱང་། ། གཞན་ངོར་སྒྲུབ་པའི་ངང་ཚུལ་བསྟན། ། དེ་ཚེ་ཐུགས་རྗེའི་འདྲེན་བྱེད་མེས། ། མི་མཐུན་འདོད་ལྷའི་ལུས་བསྲེགས་དང་། ། ལྷན་ཅིག་གྱ་གྱུའི་མ་རུངས་སེམས། ། མྱ་ངན་ཁང་བུར་བརྒྱལ་བ་བཞིན། ། འཆི་མེད་ཕོ་བྲང་ས་གཞི་ལ། ། འཕྲོས་འདྲའི་ལྷ་ལྡན་གཙུག་ལག་ཟུང་། ། རླུང་གི་རྒྱལ་མཚན་ལྟར་བཀྲ་བ། ། བསོད་ནམས་པིར་གྱིས་རོལ་མོར་བྱས། ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཉང་བྲན་ཕ་བོང་ཁར། མཁར་དགུ་ཐོག་བརྩིགས་ཏེ། དེར་སྒྲུབ་པ་མཛད་པས། རིགས་གསུམ་མགོན་པོ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། ལྷ་ས་དང་ར་མོ་ཆེའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལེགས་པར་བཞེངས་སོ། །

གངས་ཅན་རིན་ཆེན་རྩིག་པའི་ངོས། ། ཐུབ་བསྟན་རི་མོར་བྲིས་པའི་གཟུགས། ། གབ་པ་སླར་ཡང་གསལ་བའི་ཕྱིར། ། དབོན་སྲས་སུ་སྤྲུལ་ལྷའི་མེ་ཏོག ། དབུས་འགྱུར་མ་ལ་ཡ་ཀློང་ནས། ། སྨོན་ལམ་བསེར་བུས་བསྐུལ་པ་ཡིས། ། མཁན་སློབ་ཙནྡན་དྲི་བསུང་དག ། ཕན་དང་བདེ་བའི་གསོས་སུ་འཇེབས། ། ལུགས་ཟུང་མི་འགྱུར་གཙུག་ལག་ཁང18། ། ལྷུན་གྱིས་གྲུབ་པའི་དགེ་མཚན་གྱིས། ། སྒྱུ་མས་སྤྲུལ་པའི་གྲོང་ཁྱེར་དང་། ། འཆི་མེད་ཚལ་གྱི་ཁེངས་པ་འཕྲོག ། དམ་ཚིག་རྟེན་གྱི་རྫིང་བུ་ལ། ། ཡེ་ཤེས་གྲུ་ཆར་ཉེར་ཕབ་པའི། ། མཐའ་ཀླས་དཔག་དཀའི་རྫུ་འཕྲུལ་དང་། ། ལྷ་མིའི་དགའ་སྟོན་འགྲན་པ་འདྲ། ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་སྤྱན་དྲངས། ས་གཞི་བཏུལ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས། རབ་གནས་ཀྱི་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང་། རབ་གནས་ཀྱི་དགའ་སྟོན་རྒྱ་ཆེར་བཏང་ངོ་། །

བསྟན་ལ་མ་དམད་ཕུ་དུད་བསྒྲུབས་པའི་གྲགས། ། མགོ་སྐྱེས་ཉག་མར་ཤད་དེ་ལན་བུ་རུ། ། གྱུར་པས་རལ་བའི་ཅོད་པན་འཛིན་འདི་ཡིས། ། གསར་བཅད་སྐད་ཀྱི་ཐུབ་བསྟན་བྱི་དོར་བྱས། ། དཔའ་རྟགས་དཔུང་གིས་རྒྱ་ནག་དམག་ཚོགས་ཀུན། ། སྙིང་དབུགས་དང་བཅས་ནམ་མཁའི་ཕ་རོལ་ལ། ། བསྐྲད་པའི་ཤུགས་ཀྱིས་མགྲིན་བཅུའི་སྲོག་བྲལ་བར། ། ར་གྷུའི་བུ་ཡིས་བསད་ཅེས་གཏམ་དུ་གླེང་། ། སྔགས་དང་རྫས་ཀྱིས་བསླད་མིན་འདྲེན་བྱེད་ལ། ། རྒྱ་ཕིབས་གདུགས་ལྟར་འཁོར་བའི་སྤྲུལ་བསྒྱུར་གྱིས། ། སྔོན་མེད་གཙུག་ལག་གཟིགས་མོར་དུས་གསུམ་གྱི། ། རྣམ་འདྲེན་ཀུན་ཀྱང་ངང་གིས་བྱོན་ནམ་སྙམ། ། མངའ་བདག་ཁྲི་རལ་གྱིས་ལོ་པཎ་རྣམས་སྤྱན་དྲངས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དབོན་ཞང་མ་མཐུན་པའི་ཚེ་རྒྱ་དམག་བཅོམ། འུ་ཤིང་རྡོའི་གཙུག་ལག་ཁང་སྟེང་གི་རྒྱ་ཕིབས་གདུགས་ལྟར་འཁོར་བའི་ངོ་མཚར་ཅན་བཞེངས་སོ། །

རྒྱལ་གསུང་དཔངས་སུ་བླངས་པའི་སྒྲ་སྙན་པོར། ། བྱང་གི་ཕྱོགས་སུ་དམ་པའི་ཆོས་འཕེལ་བར། ། འགྱུར་ཁུགས་ལུང་དུ་བསྟན་པའི་མུ་ཏིག་གི ། ཕྲེང་བའི་དོ་ཤལ་རིང་པོ་རྒྱན་དུ་འཆང་། ། ཐབས་མཁས་འཕྲུལ་ལྡན་གཡོན་མིག་ནེ་རུ་ཀས། ། བསྐུལ་པས་ལྷ་གཅིག་བི་ཤྭ་ཀརྨ་ཡིས། ། བོད་སྟོན་གྲུབ་མཐའི་ཉི་མ་བཅུ་གཉིས་འཆར། ། བདར་བས་ཐུབ་བསྟན་དྲི་མེད་དཀྱིལ་འཁོར་རྒྱས། ། ལུང་མང་བརྒལ་བའི་གངས་ཅན་བྱང་གི་ཆར། ། ལུང་བསྟན་གྱིས་ཟིན་རྭ་སྒྲེང་གཙུག་ལག་ཁང19། ། ལུང་དང་རྟོགས་པའི་བསྟན་པ20ཆེར་འཕེལ་བའི། ། ལུང་རིགས་སྨྲ་བའི་འདུས་པའི་སྡེ་ཆེན་བསྐྲུན། ། བཀའ་ཆེན་མདོ་དང་རྒྱུད་སྡེའི་གཞུང་ལུགས་ཀུན། ། བཀའ་བབས་རིམ་པ་གསུམ21ལས་ཉེར་འོངས་པའི། ། བཀའ་རྒྱུད་ཆད་མེད་ཇོ་བོའི་རིང་ལུགས་པ། ། བཀའ་གདམས་བསྟན་པས22ནོར་འཛིན་ཁྱོན་ཀུན་ཁྱབ། ། འབྲོམ་སྟོན་གྱིས་མངའ་རིས་སུ་བྱོན་ནས་ཇོ་བོ་སྤྱན་འདྲེན་པའི་དོ་དམ་མཛད། ཡེར་བ། སྙེ་ཐང་། བསམ་ཡས། མཆིམས་ཕུ་རྣམས་སུ་ཇོ་བོ་ཡུན་རིང་དུ་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། སྐུ་ཚེའི་མཇུག་ཏུ་ལུང་བསྟན་བཞིན་དཔལ་གྱི་རྭ་སྒྲེང་བཞེངས་པ་བཞིན་ནོ། །

རང་གིས་སྔོན་བསྐྲུན་འཕྲུལ་སྣང་གཙུག་ལག་ཁང་། །  གསོ་ཕྱིར་འདོད་དགུའི་དཔལ་སྟེར་རྣམ་ཐོས་བུ། །   ཟངས་མཁར་ལོ་ཙཱར་གཏད་ནས་འདི་ཡི་དོན། །  བསྒྲུབ་པར་བསྐུལ་མཛད་ཁ་ཆེ་དགོན་པ་བ། ། དེ་ཚེ་ལྷ་ལྡན་གནོད་སྦྱིན་ཕྱོགས་། །  གསེར་གྱི་ཕུག་པར་སྐད་གཉིས་པས། །  མིག་སྐྱ་བསྒྲུབས་ཚེ་མཁོ་དགུ་ཡི། །  འབྱོར་བ་རི་བོའི་རྗེས་འགྲོ་རྙེད། ། རང་གི་འདྲེན་པ་མཆོག་དེ་ཡིས། །  བཀའ་སྩལ་མལླི་ཀ་ཡི་གོས། ། སྟོད་དུ་གྱོན་ནས་ལྷ་ལྡན་གྱི། ། བཀུར་སྟིའི་གར་གྱིས་རྣམ་པར་བྲེལ། ། ཁ་ཆེ་དགོན་པ་བས་ཟངས་མཁར་ལོ་ཙཱ་ལ་རྣམ་སྲས་གནང་སྟེ། ལྷ་འདི་བསྒྲུབས་ལ་ངའི་གཙུག་ལག་ཁང་ལ་ཞིག་གསོས་གྱིས་ཞེས་བཀའ་སྩལ། ཉང་བྲན་ཕ་བོང་ཁའི་གསེར་ཕུག་ཏུ་གྲུབ་པ་ཐོབ་ནས་ལྷ་སའི་ཞིག་གསོས་མཛད་དོ། །

ས་བཅུའི་བྱང་སེམས་རྣམས་ཀྱིས་བསྐྲུན་མིན་པའི། །  ས་མཆོག་རྡོ་རྗེ་འཛིན་པ་མངོན་གྱུར་ནས། །  ས་ལ་གནས་པའི་འོག་མིན་ཞིང་ཁམས་སུ། །  ས་སྐྱ་པར་གྲགས་བླ་ཆེན་སྙིང་པོའི་ཞབས། །  སྒྲིབ་གཉིས་ལས་འཁོན་འཁོན་པར་སྐྱེས་ཀྱི་རྒྱུད། ། འཇམ་དཔལ་དབྱངས་དངོས་དངོས་གྲུབ་མ་ལུས་ཐོབ། ། ཤེས་བྱ་ཀུན་མཁྱེན་མཁྱེན་བརྩེའི་ནུས་མཐར་ལྡན། །  རྡོ་རྗེ་འཆང་དབང་དབང་ཕྱུག་བརྒྱད་ལྡན་པ། ། དགེ་བཅུའི་ཡོན་ཏན་ཀུན་ཚང་བའི། །  ཡུལ་གྲུར་དཔལ་ལྡན་ས་སྐྱ་ཞེས། །  གསང་བ་སྔགས་ཀྱི་ཆོས་ཚུལ་ལ། །  ཨོ་རྒྱན་མཁའ་འགྲོའི་གླིང23དང་མཚུངས། །  འགྲོ་བའི་ཡིད་ཀྱི་རྩིག་ངོས་ལ། །  གཟུགས་སྐུའི་སྣང་བརྙན་བྱེད་པ་དག །  ཏིང་འཛིན་པིར་གྱིས་ཅིག་ཅར་དུ། །  བྲིས་ཚེ་མེས་པོའི་སྙེམས་པ་འཕྲོག །  བླ་མ་ས་ཆེན་གྱིས་ས་སྐྱར་བཞུགས་ཏེ་གསང་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གསུངས་ཤིང་།  བྱེ་བྲག་ཏུ་མཚན་ཁར་བཞུགས་ནས་ལོ་གསུམ་གྱི་ཁྲི་བསྐྱངས་པ།  ས་སྐྱར་བཞུགས་ནས་ལམ་འབྲས་གསུངས་པ།  གུང་ཐང་དུ་བླ་མ་མལ་གྱི་ཉེ་གནས་མཛད་ཅིང་བདེ་མཆོག་དྲིལ་བུ་བའི་ཆོས་གསན་པ།  འབྲི་མཚམས་སུ་འགྲོན་ལ་ལྕམ་ལྷ་ཁང་དུ་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད་པ།  བཟང་རྟོག་འབྲོག་གསེབ་ཏུ་ལམ་འབྲས་གསུངས་པ། །  ཤབ་སྒོ་ལྔར་ཆོས་འཁོར་བསྐོར་པའི་བཀོད་པ་རྣམས་དུས་གཅིག་ཏུ་བསྟན་པ་ཡིན་ནོ། །

ཡབ་ཡུམ་ཟག་མེད་བདེ་བའི་དགའ་བ་བཞི། ། རྫོགས་པའི་ལང་ཚོའི་སྙིང་པོ་དར་བའི་དཔལ། ། ཞང་སྟོན24གསང་སྔགས་འཆང་བའི་རིགས་རྒྱུད་དུ། ། སྲིད་ཞིའི་སྒྱུ་འཕྲུལ་ངོམ་པའི་ཆོ་ག་བཞིན། ། སྐྱིད་ཤོད་ནོར་འཛིན་ལུས་ཕྲའི་བཞིན་རས་ངོས། ། ཚལ་གུང་གཙུག་ལག་ཁང25གི་འདྲེན་བྱེད་ཀྱིས། ། སྡེ་བཞིའི་གཟུགས་ཀུན་མཐོང་བའི་དཔེ་ཟླ་རུ། ། འཆི་མེད་གཙོ་དེས་མིག་སྟོང་སྤྲུལ་མིན་ནམ། ། པདྨ་སཾ་བྷ་སྲོང་བཙན་སྒམ་པོ་སོགས། ། བགྲང་ཡས་རྒྱལ་བ་རྣམས་ལ་མངོན་སུམ་དུ། ། ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལེན་བྱེད་ན། ། མི་ཤེས་ལྐོག་གྱུར་གནས་དེ་གང་དུ་མཆིས། ། ཞང་འགྲོ་བའི་མགོན་པོས་ཚལ་གུང་གི་གཙུག་ལག་ཁང་བཞེངས། ལྷ་སར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བསམ་ཡས་སུ་ཨོ་རྒྱན་རིན་པོ་ཆེ་ཞལ་གཟིགས་པར་གསང་སྔགས་ཀྱི་དབང་སོགས་ཆོས་མང་དུ་གསན་ནོ། །

ཚེ་དབང་རིག་འཛིན26གསུང་གི་རྡོ་རྗེའི་ཚིག ། འགྱུར་མེད་རྟགས་སུ་ཁྲི་སྲོང་སྤྲུལ་བའི་སྐུ། ། ཉང་རིགས་ལས་སོན་རིག་སྔགས་འཆང་བ་ཡི། །འཁོར་ལོས་སྒྱུར་བའི་སྙན་པ་སྲིད་ན་འབར། ། ལས་འབྲེལ་སྨོན་ལམ་ལྡེ་མིག་གིས། ། སྲ་བརྟན་ཟབ་མོ་གཏེར་གྱི་སྒོ། ། ཕྱེ་བའི་ཐེག་མཆོག་བང་མཛོད་ལས། ། དངོས་གྲུབ་ནོར་བུའི་ཚོགས་རྣམས་རྙེད། ། མརྒད་གོས་སུ་ཉེར་ཀླུབས་པའི། ། ཡིད་དུ་འོང་བའི་ནེའུ་གསིང་ངོགས། ། གཡོ་མེད་ཏིང་འཛིན་འོད་གསལ་དུ། ། ཐུན་གཅིག་མནལ་བའི་དུས་ཀྱི་ཚེ། ། མཚོ་རྒྱལ་སྤྲུལ་པའི་ཞིང་སྐྱེས་མས27། ། འདི་ཡི་བདག་པོ་ཁྱོད་ཡིན་ཞེས། ། ཡང་ཟབ་ཐུགས་ཀྱི་མན་ངག་གི ། ངོམ་སྒྲོ་ནག་པོ་ངོས་སུ་གཏད། ། མངའ་བདག་རང་གིས་བྲག་སྲིན་མོའི་སྤར་རྗེས། མཁོ་མཐིང་ལྷ་ཁང་། ལྷ་སའི་གཙང་ཁང་བྱང་མ་སོགས་ནས་ཟབ་གཏེར་མང་དུ་བཞེས། ཐེངས་གཅིག་ནེ་ཁ་ཞིག་ཏུ་མནལ་བས། བུད་མེད་རྟ་ཞོན་པ་ཞིག་གི་སྤང(པང)ནས་ངོམ་སྒྲོ་ཞིག་བོག ཐོད་ཕྲེང་གིས་ལྕག་བརྒྱབ་བྱུང་བ་དང་བརྒྱལ། བརྒྱལ་སངས་ནས་ངོམ་སྒྲོ་ལ་གཟིགས་པས་སློབ་དཔོན་པདྨའི་ཟབ་ཆོས་ཁོ་ནར་འདུག་གོ །

དཔལ་ལྡན་ཚངས་དབང་དབང་བོ་ལ་སོགས་པའི། ། གཙུག་ཏུ་རབ་བསྔགས་བསྔགས་འོས་དོན་ལྡན་པ། ། ལྷ་སྲས་སྐྱེ་མཐའ་མཐའ་འཁོབ་འགྲོ་བའི་གཉེན། ། རྗེ་དཔོན་རིགས་ལས་ལས་ལྡན་དགེ་བ་འབུམ། ། པུར་རྒྱལ་བོད་ཀྱི་བསོད་ནམས་གཞི། ། འཕྲུལ་སྣང་ཡིད་བཞིན་ནོར་བུ་མཆོག ། ཀླུ་དབང་གཙུག་གི་ཅོད་པན་དུ། ། འདྲེན་པའི་ཉལ་འགྲོའི་བཟློག་ལ་བརྩོན། ། དཀར་མིན་ལས་རླུང་གིས་བསྐྱོད་རླབས་ཀྱི་ཕྲེང་། ། ཆུ་ཡི་ལྷ་མོ་དབུ་བའི་དོ་ཤལ་ཅན། ། གཙུག་ལག་མགྲོན་དུ་བསུ་བའི་ཉེར་བསྡོགས་ལ། ། མཐོན་མཐིང་བཞིན་རས་མཁའ་ལ་ངོམ་བཞིན་འོངས། ། དེ་ཚེ་འཇིག་རྟེན་དབང་ཕྱུག་སྲོང་བཙན་ལ། ། ར་མདར་སྦྲན་པའི་གདུང་ཤུགས་དྲག་པོའི་དབྱངས། ། བདེན་པའི་ཚིག་གིས་སྨྲེང་དུ་གསོལ་བ་ན། ། མཆོག་གསུམ་ཐུགས་རྗེ་འགྲོ་ལ་ངོམ་པ་བཞིན། ། ཉེ་འདབས་ས་འཛིན་ངོས་སུ་གནས་པའི་རྡོ། ། རྫུ་འཕྲུལ་སྟོབས་ཀྱིས་སེམས་ལྡན་ཇི་བཞིན་དུ། ། གཙང་ཆབ་གནོད་པ་བཟློག་པའི་ཆུ་ལོན་ལ། ། དེང་ཚེ་ཀུན་གྱིས་སྲོང་བཙན་སྤྲུལ་པར་གླེང་། ། ལྷ་རྗེ་དགེ་བ་འབུམ་གྱིས་ལྷ་སའི་ཞིག་གསོས་དང་ཆུ་བཟློག་མང་དུ་མཛད། ། ཁྱད་པར་ཁྱི་ལོ་ཞིག་ཆུའི་གནོད་པ་ཤིན་ཏུ་ཆེ་བ་བྱུང་བར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་ར་མདའ་མཛད་པས་ཆུ་བྲི། ཉང་ངོག་མལ་གྲོང་རག་གར་བ་ཚུན་གྱི་རི་རྔོ་ནས་རྫུ་འཕྲུལ་གྱིས་དེང་སྟེ□གས་ལ་བསྐྱལ་ལོ། །

དགེ་ལེགས་རབ་དཀར་གཡས་སུ་འཁྱིལ་བའི་དུང་། ། མི་ཟད་ཆོས་ཀྱི་དབྱངས་སུ་འདུན་པའི་སྒྲ། ། སྐལ་བཟང་རྣ་བར་སྒྲོག་ལ་ཟླ་བྲལ་བའི། ། མཁས་ཤིང་གྲུབ་པའི་གཙུག་ན་མངོན་པར་མཐོ། ། གང་དེའི་ཕྱག་ཏུ་རང་གི་དྲི་མེད་ཀྱི། ། བསྟན་པའི་གསེར་གྱི་རྩིབས་སྟོང་ལེགས་གཏད་ནས། ། ཁྱོད་ཀྱིས་སྲིད་མཐར་བསྐོར་ཞེས་ཉེར་གདམས་ཏེ། ། འཇམ་དཔལ་སྙིང་པོ་དགའ་ལྡན་གནས་སུ་གཤེགས། ། མཇའ་ཚོན་ལྟར་བཀྲའི་འདུས་པའི་སྡེ། ། ལེགས་པའི་མཚན་མར་རབ་ཤིས་པའི། ། ཐོས་བསམ་གཡོ་མེད་ལྷུན་པོ་ཆེ། ། ཐུབ་བསྟན་གླིང་བཞིའི་དབུས་ན་མཛེས། ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་དགུང་ལོ་ཉེར་ལྔ་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོ་དང་མཇལ། བསྟན་པ་ཡོངས་སུ་གཏད། བཀྲ་ཤིས་ལྷུན་པོའི་ཆོས་སྡེ་བཏབ་བོ། །

ཡང་ཡང་བསམས་ཀྱང་གང་གི་མཁྱེན་པའི་མཐའ། ། ངལ་ངལ་བགྲོད་ཀྱང་རྟོགས་པར་མི་ནུས་པའི། ། མཁས་མཁས་ཡང་རྩེ་བཞད་པའི་རྡོ་རྗེ་ཁྱོད། ། འགྲིག་འགྲིག་ཤེས་བྱ་འཆད་ལ་འགྲན་ཟླ་མེད། ། ཀུན་དགའི་མཛའ་བ་ནམ་ཡང་གཏོང་མིན་པའི། ། རྣམ་མིན་དཀར་པོར་འཛག་པའི་དགེ་བའི་རྔ། ། དགྲ་ཟླའི་གཡུལ་ལས་རྒྱལ་ཏེ་ཉེར་ཐོབ་ནས། ། བརྡུངས་ཚེ་འདོད་ལྷ་ལུས་མེད་རྫུ་ལ་བརྟེན། ། མཆོག་གི་དངོས་གྲུབ་ཤིང་རྟ་ཡིས། ། འོག་མིན་གནས་ཀྱང་མ་དག་པའི། ། ཞིང་དུ་དྲངས་ཚེ་ཤེས་བྱ་ཀུན། ། སེམས་ཀྱིས་བཏགས་པའི་རོལ་བར་ཁུམས། ། དམ་པའི་ཆོས་ཀྱི་འཁོར་ལོའི་མཛོད། ། རྒྱལ་བོས་ལུང་དུ་བསྟན་པའི་གནས། ། ས་ལ་གནས་པའི་མཁའ་སྤྱོད་དེ། ། ཧེ་རུ་ཀ་རྣམས་འདུ་བའི་གླིང་། ། ཨོ་རྒྱན་ཤཾ་བྷ་ལ་དང་འོག་མིན་སོགས། ། གྲངས་མེད་གནས་ཀྱིས་བསྒྲུན་པར་མ་ནུས་པས། ། གང་གི་དཔེ་ཟླ་འཚོལ་ལ་པད་དཀར་མིག ། མཁའ་ལྡིང་ཞོན་ནས་ཕྱོགས་ཀུན་དལ་མེད་ཉུལ། ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་ཀྱི་མཁན་ཐོག་ཏུ་ཕེབས་འཕྲལ། ལྷ་ས་སྨོན་ལམ་སླར་རང་ཕྱོགས་ལ་བྱུང་། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཆེན་པོ་བསྐྲུན་ནོ། །

སྡེ་བཞིའི་དཔལ་གྱི་གླང་ཆེན་ཁར་འབབ་པའི། ། ལེགས་ལམ་ཆད་པ་མེད་པའི་གང་གཱའི་རྒྱུན། ། ལྔ་བརྒྱའི་ཉེས་ཚོགས་དྲི་མ་འཁྲུད་པ་ཡི། ། བསྟར་བའི་ཆོ་ག་མགོན་འདིའི་མཛད་པར་རྫོགས། ། གདུག་ཅན་དགྲ་བགེགས་བསད་པའི་ཁྲག་གི་བྲིས། ། མྱོས་པའི་ཆོས་བསྲུང་རྒྱ་མཚོ་འདུ་བའི་ས། ། དགའ་ཚལ་དབང་དྲག་རོལ་བའི་ཕོ་བྲང་ཆེ། ། བསིལ་བའི་ཚལ་གྱི་དུར་ཁྲོད་གཉིས་པར་བྱས། ། རྫུ་འཕྲུལ་རྐང་པས་མི་གནས་མྱང་འདས28སར། ། བགྲོད་དང་ལྷན་ཅིག་མཐའ་འཁོབ་ཧོར་ཡུལ་གྱི། ། གསེར་གྱི་རྒྱལ་པོའི་ཐོད་དུ་ཞབས་སེན་གྱི། ། ཨུ་དུམ་ཝ་རའི་ཆུན་པོའི་ཕྲེང་བ་བཅིངས། ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གནམ་བསྐོས་ལྷ། ། འཇམ་དབྱངས་ཝན་ལི་རྒྱལ་པོའི29ལུང་ལས30ཀྱིས། ། ས་གསུམ་འགྲོ་བའི་འདྲེན་པར་དབང་བསྐུར་པས། ། མཆོད་སྦྱིན་བརྒྱ་བ་སྙིང་ཁར་ལག་པད་ཟུམ། ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས། གླེགས་བམ་གྱི་ལུང་བསྟན་བཞིན་དགའ་ཚལ་གྱི་གཙུག་ལག་ཁང་བཏབ། ཨལ་ཏན་རྒྱལ་པོས་མཐའ་འཁོབ་ཀྱི་ཡུལ་དུ་སྤྱན་དྲངས་ཏེ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། རྒྱ་ནག་ཝན་ལི་རྒྱལ་པོའི་ལུང་གིས་ལྷ་ཡི་ལྷ་ཞེས་མངོན་པར་མཐོ།

མཐོན་པོའི་རིགས་ལྡན་ཚེ་རིང་གནམ་གྱི་རྒྱུད། །  ཇིང་གིར་གན་གྱི་གདུང་ལས་ཉེར་འོངས་པ། །  སྲིད་གསུམ་དབང་ཕྱུག་ཀུན་གྱི་ཅོད་པན་མཆོག ། ཐུགས་རྗེའི་རྩལ་གསུམ་ཡོངས་རྫོགས་གདོང་ལྔའི་དབང་། །  དྲེགས་པའི་གདེངས་ཀ་ཆེར་གཡོ་ཞིང་། །  འཇིགས་པའི་ཕུད་སྒྲ་སྒྲོག་པ་རྣམས། །  གཟི་བརྗིད་མཁའ་ལྡིང་དབང་པོ་ཡིས། །  ཐལ་བར་མ་བྱས་སུ་དག་མཆིས། །  རྩོལ་བ་མེད་པར་སྲིད་ཞི་ཡི། །   ཡོན་ཏན་ཆུ་ཀླུང་མ་ལུས་པ། །   ལེགས་པར་འདུ་བའི་རྒྱ་མཚོ་ནི། ། དོན་གཉིས་ནོར་བུའི་འབྱུང་གནས་མཆོག །  ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ།  མཐུ་སྟོབས་ཆེན་པོས་ནག་ཕྱོགས་བདུད་རིགས་ཐམས་ཅད་ཚར་བཅད་དོ། །

འཕགས་ཆེན་དམ་པའི་སྐྱེས་རབས་མུ་ཏིག་གི ། ཕྲེང་བ་ལྷག་བསམ་སྲད་བུ་ལ་བརྒྱུས་པ། ། འགྲོ་ཀུན་དགའ་བ་བསྐྱེད་པའི་དོ་ཤལ་དུ། ། རིང་བོར་འཆང་བའི་ཕ་མཐའ་རྟོགས་ནུས་མིན། ། ཐུབ་བསྟན་ལྷ་ཡི་ལམ་ཡངས་པར། ། མཁས་གྲུབ་མཁའ་ལྡིང་བགྲོད་པའི་ཤུལ། ། གྱི་ནར་སྤྱོད་པའི་ཕྱེ་མ་ལེབ། ། བགྲོད་རློམ་ངལ་བ་བསྒྲུབ་པར་ཟད། ། འོན་ཀྱང་སྔོན་བསགས་ལེགས་བྱས་ཀྱིས། ། རྙེད་པའི་དལ་འབྱོར་ཡིད་བཞིན་ནོར། ། ཐོས་བསམ་སྒོམ་པའི་བྱི་དོར་གྱིས། ། དོན་གཉིས་འདོད་དགུའི་དཔལ་ལ་སྤྱད། ། དེ་ཕྱིར་རང་གི་རྟོགས་བརྗོད་ཀྱི། ། སྤྱོད་ཚུལ་རྫུན་གྱི་རྙོག་མ་དང་། བྲལ་བའི་གཏམ་གྱི་གང་གཱའི་རྒྱུན། ། མགྲིན་པའི་ལམ་གསུམ་པ31ལས་འོངས། །

དཔལ་རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་མཆོག ། ལྷ་ཕྱག་ན་པདྨས་བྱིན་བརླབས་པའི། ། གནས་གངས་ཅན་འཛིན་མའི་མཐིལ་གྱི་ལྗོངས། ། ས་མཐོ་རིས་ཡོན་ཏན་བདུན32ཚང་བ། ། ཡུལ་གཡང་ཆགས་ཡར་ཀླུང་ནུབ་ཀྱི་ཆ། ། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས། ། བློན་རིག་ཅན་འབྱུང་བའི་ས་དཔྱད་ཀྱི། ། རི་གླང་ཆེན་དལ་གྱིས་རྒྱུ་འདྲའི་ངོགས། ། སྟེང་འཆི་མེད་ཀྱི་ཡུལ་གྲུར་ཅོ་འདྲི་བའི། ། གྲོང་རྒྱུ་སྐར་ས་ལ་བཀྲམ་འདྲའི་དབུས། ། རྫོང་འཕྱིང་བར་སྟག་རྩེའི་ཕོ་བྲང་ཆེར། ། ལས་རྣམ་དཀར་གྱིས་བསྐྲུན་པའི་ལུས་རྟེན་བཙས། ། ལར་སླུ་མེད་རྟེན་ཅིང་འབྲེལ་འབྱུང33མཐུས། ། མགོན་པདྨའི་རྒྱལ་ཚབ་བྱང་བ་རྫས། ། དཔལ་འཆི་མེད་ལྷ་དང་དྲག་དམར་གྱི། ། རྒྱུད་ཐོག་མར་སྨིན་པའི་བཀའ་དྲིན་ནོད། ། གནས་འཕགས་ཡུལ་གྱི་འཇམ་དཔལ་བཤེས་གཉེན་ཞབས། ། བོད་པུར་རྒྱལ་འདིར་གནུབས་བན་སངས་རྒྱས་ཀྱང་། ། ལར་མཁྱེན་བརྩེ་ནུས་པའི་བྱེད་པོ་ལ། ། རྗེ་རིག་འཛིན་འདི་བའི་ལྷག་མིན་སྙམ། ། དེར་གཞན་དབང་གིས་བསྐྱོད་པའི་བསེར་བུ་ཡིས། ། རང་འཕྱིང་བྱེད་ཀྱི་ཕ་ཡུལ་སྤྲིན་ཚོགས་དང་། ། ཡོངས་སོ་སོར་ཕྲལ་བས་དམ་ཆོས་ཀྱི། ། མདངས་ཉི་འོད་གསལ་བའི་གཡང་དུ་ལོན། ། དུས་རིང་ཞིག་ཡུལ་མང་བགྲོད་པའི་མཚམས། ། ལར་སྐྱེ་བོའི་གཏམ་གྱི་ཅ་ཅོའི་སྒྲ། ། ཕྱོགས་སོ་སོར་ཁྱབ་ཚེ་ཐག་ཁྲ་ལ། ། སྤྲུལ་འཛིན་པའི་ཀུན་རྟོག་རི་མོ་ཤར། ། ཆེས་ན་ཚོད་ཕྲ་བ་ལོ་ལྔའི་དུས། ། དཔལ་འཛིན་མའི་ཐིག་ལེ་སྐྱིད་ཤོད་ཀྱི། ། གནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེར34། ། མགོན་རྒྱལ་བསྟན་སྒོ་རུ་ཐོག་མར་ཞུགས། ། དེར་མཁན་ཆེན་དམ་པའི་ཞབས་དྲུང་དུ། ། དཔལ་དི་པཾ་ཀ་རའི་ལམ་ཡིག་དང་། ། ལྷ་ཞི་དྲག་འགའ་ཡི་རྗེས་གནང35སོགས། ། ཆོས་རྣམ་གྲངས་དུ་མའི་བཀའ་དྲིན་མནོས། ། ལོ་བརྒྱད་དུ་སླེབས་ནས་དགེ་ཚུལ་གྱི། ། ཚིགས་སྔ་མའི་ཆོ་ག་ཉེར་བསྟར་ཏེ། ། རང་ཀློག་པ་ཐོས་བསམ་བྱ་བ་ལ། ། བློ་བརྩོན་པས་གང་ནུས་ཉམས་སུ་བླངས། ། དུས་རིང་མིན་བགྲང་བྱ་བཅུ་གཅིག་ནས། ། ཁོང་འཇམ་དབྱངས་གཞོན་ནུ་ངུར་སྨིག་གི ། ཟོལ་ཉེར་འཛིན་དཀོན་མཆོག་ཆོས་འཕེལ36དྲུང་། ། ཆེས་ཕྲ་ཞིབ་བསྡུས་ཚད་ཀྱི་རིག་པ་རྩིས། ། རྒྱ་རྣམ་པར་ཆེ་བ་ཐོགས་མེད་ཀྱི། ། གཞུང་ཕ་རོལ་ཕྱིན་པའི་སྦས་དོན་དང་། ། ཆེས་ཡང་ཟབ་སྟོང་ཉིད་ཀླུ་སྒྲུབ་ཀྱི། ། སྲོལ་ཟླ་གྲགས་བཞད་པ་ཇི་བཞིན་སྦྱངས། ། བླང་དོར་བྱའི་གནད་སྟོན་འདུལ་བའི་སྡེ། ། ཆོས་གཞི་ལྔ37གཙོར་བརྗོད་མངོན་པ་མཛོད38། ། སྔོན་རྒྱ་བོད་ཀྱི་མཁས་གྲུབ་གཞུང་འགའ་ལ། ། ལས་སྐལ་བཟང་གི་བག་ཆགས་ཅུང་ཟད་བཞག ། གཞུང་ཀུན་ལ་མཁས་པར་མ་གྱུར་ཀྱང་། ། དེར་རིག་པ་སྨྲ་བའི་ཁྲོད་ནང་དུ། ། མདོག་དཀར་པོའི་བྱ་རོག་མིན་འདི་ཡང་། ། རྗེ་བླ་མ་དེ་ཡི་དྲིན་དུ་འཁུམས། ། ཡུལ་ཉེར་བཞིའི39ཡ་གྱལ་ལྷ་མོ་མཁར40། ། རྗེ་སྲོང་བཙན་སྒམ་པོའི་སྒྲུབ་གནས་སུ། ། ཡོངས་རིགས་རྗེའི་བདག་པོ་རྡོ་རྗེ་འཆང་། ། འཁོན་དཔལ་འབྱོར་ལྷུན་གྲུབ41དྲུང་དུ་སྙེགས། ། མགོན་འཇམ་དཔལ་སྙིང་པོའི་གདམས་པའི་བཅུད། ། དཔལ་འདུས་པའི་སྙན་བརྒྱུད་ཞལ་གདམས་དང་། ། སྔགས་གསར་རྙིང་གི་དཀྱིལ་འཁོར་མཐའ་ཀླས་པར། ། རྒྱུད་སྨིན་བྱེད་དབང་གི་ཆོ་ག་མནོས། ། ལུང་མན་ངག་ཕྱག་བཞེས་ཇི་སྙེད་པའི། ། གནད་དཀའ་བའི་འཕྲང་ལ་ཞུན་ཐར་བཅད། ། ཡེ་དགེ་བའི་རིག་པ་ཀུན་ཏུ་བཟང་། ། ངོ་རྗེན་སྤྲོད་ཐེག་པའི་ཡང་རྩེ་བསྟན། ། ཆོས་སྙིང་ནས་བསྒྲུབ་བློའི་མྱུ་གུ་འདི། ། དྲིན་འཁོར་ཐབས་མེད་དེའི་ཐུགས་རྗེར་ངེས། ། ལོ་ཉེར་གཉིས་དུས་སུ་ཚིགས་སྔ་མའི། ། མཁན་སློབ་དཔོན་དགེ་འདུན་བཅུ་ཚོགས་དབུས། ། གནས་འཕྲུལ་སྣང་ཤཱཀྱ་མུ་ནེའི་དྲུང་། ། ཁྲིམས་ཚངས་སྤྱོད་ཀྱི་གཙོ་བོ་བསྙེན་པར་རྫོགས། ། དེར་མཁན་ཆེན་འགྲོ་བའི་བླ་མའི42དྲུང་། ། དཔལ་རྒྱལ་བ་བློ་བཟང་གྲགས་པ་ཡི། ། གསུང་དྲི་མེད་འགའ་སོགས་ལུང་གི་རིགས། ། འགྲོ་གང་ཆེ་སྣ་ཚོགས་ཁ་ཡར་ཐོབ། ། ཕྱི་ཐ་སྙད་མཁྱེན་པའི་སློབ་དཔོན་འགར། ། རྩིས་དཀར་ནག་སྙན་ངག་སྡེབ་སྦྱོར་དང་། ། མིང་མངོན་བརྗོད་ཀ་ཙན43བརྡའ་སྤྲོད་གཞུང་། ། དོན་ཕྱོགས་ཙམ་རིག་པའི་བསླབ་སྦྱངས་བགྱིས། ། ཟུར་རིག་འཛིན་པདྨ་རྡོ་རྗེའི་དྲུང་། ། དོན་ཡང་ཟབ་ཐུགས་སྒྲུབ་རྣམ་གསུམ་དང་། ། ལྷ་མ་གཤིན་གཟའ་གདོང་དྲེགས་པ་སོགས། ། ལས་རྣམ་བཞིའི་མན་ངག་མཐའ་ཀླས་ཐོབ། ། བློ་མི་བསྲུན་བསྟན་འགྲོའི་ཕན་བདེ་རྣམས། ། ཐབས་དུ་མས་འཇོམས་པའི་དགྲ་སྡེའི་ཚོགས། ། དོན་བདེ་ཆེན་རང་སྣང་མི་བསྐྱོད་པའི། ། ཞིང་དག་པའི་མགྲོན་དུ་བོས་སྙམ་བགྱིད། ། བརྡའ་འདོད་རྒྱལ་ཙམ་གྱིས་བཏགས་མིན་པའི། ། དོན་གནས་ལྔ་རིག་པའི་པཎྚི་ཏ། ། བོད་གངས་ཅན་ཡུལ་གྱི་དགེ་བའི་དབང་། ། སྐད་རྣམ་གཉིས་སྨྲ་བའི་སྨོན་འགྲོ་བར44། ། ལྷ་གཞོན་ནུ་གདོང་དྲུག་བཞེད་སྲོལ་གྱི། ། གཞུང་དྲི་མ་མེད་པའི་ཆ་བསགས་མདོ45། ། དཔལ་བཙུན་པ་ཟླ་བའི་ཙནྡྲ་པ། ། གནད་ཞིབ་མོར་རི་མོ་གཏན་ལ་ཕབ། ། ཡུལ་དབུས་འགྱུར་དུ་ཟླ་བྲལ་ཤནྟི་པའི། ། སྐྱོན་ཀུན་བྲལ་སྡེབ་སྦྱོར་རིན་ཆེན་འབྱུང་། ། མིང་ཟད་པ་མེད་པའི་འཆི་མེད་མཛོད། ། ཚུལ་དགོངས་དོན་མ་ལུས་ལྷུག་པར་བཀྲོལ། ། ཉམས་འགྱུར་བ་སྟོང་གི་འཛུམ་ཞལ་ཅན། ། ངག་སྨྲ་བའི་འབྱུང་གནས་མེ་ལོང་གི ། དོན་སྔ་ན་མེད་པའི་ལེགས་བཤད་ཀྱི། ། མི་ཁོ་བའི་རྣ་བར་བདུད་རྩི་བྱིན། ། དཔལ་དུས་འཁོར་དབྱངས་འཆར་རྩིས་ཀྱི་གཞུང་། ། ཐོན་སམྦྷོ་ཊ་ཡི་སུམ་རྟགས་སོགས། ། བོད་ཆེར་རློམ་ཕལ་གྱིས་ཤེས་མིན་པའི། ། ཡིད་ཀུན་དགའ་བསྐྱེད་པའི་ལྟད་མོ་མཐོང་། ། ཡུལ་རྒྱ་བལ་བོད་འདིར་བསོད་ནམས་ཀྱི། ། ཞིང་དམ་པར་བསྐྲུན་པའི་སྐུ་གཟུགས་དང་། ། ཧོར་རྒྱ་ནག་གི་རོལ་ཆ་གན་གོས་སོགས། ། ཡོངས་དངོས་པོའི་བརྟག་ཐབས་ཇི་སྙེད་རིག ། ཚིག་དམ་དུམ་བཅད་པའི་རྩོམ་པ་དང་། ། སྐད་རྡོ་ཆག་བསྒྲིགས་ཀྱི་ལེགས་སྦྱར་ལ། ། ངང་མཁས་པར་སྒྲུབ་པའི་རེ་བ་དག ། བྱེད་མ་དགོས་མཁས་དབང་ཁྱོད་ཀྱི་དྲིན། ། རྗེ་བླ་མ་དཀོན་མཆོག་ཆོས་འཕེལ་ལ། ། དཔལ་བྱང་ཆུབ་ལམ་རིམ་འདུས་པ་ཡི། ། གནད་འཁྲུལ་མེད་རྒྱལ་དབང་ཙོང་ཁ་པའི། ། ལུགས་ཇི་བཞིན་ཞིབ་མོར་ཉན་པའི་ཚེ། ། ཆོས་མཐའ་དག་མངོན་སུམ་ལག་མཐིལ་ནང་། ། ད་སྟོན་པར་འདུག་སྙམ་བྱེད་ནུས་པའི། ། འཆད་མཁས་ལ་ཟླ་བྲལ་རྣམ་དཔྱོད་མཆོག ། དེ་བསམས་ཀྱིན་མཁས་པའི་ཡང་རྩེར་འཁུམས། ། རིགས་ཀུན་ཁྱབ་པདྨ་བཛྲ་ལས། ། དཔལ་ཐེག་པའི་ཡང་རྩེ་བཟང་ཐལ་སོགས། ། དབང་རིག་གཏད་ཉམས་འཁྲིད་རྒྱབ་བརྟེན་ལུང་། ། ཟབ་རྒྱ་ཆེའི་བདུད་རྩི་རྨད་དུ་བྱུང་། ། མགོན་རྡོ་རྗེ་འཆང་དབང་བསོད་ནམས་དྲུང་། ། ཆོས་ཡང་ཟབ་གསུང་ངག་སློབ་བཤད་མཆོག ། དབང་རྡོ་རྗེ་ཕྲེང་སོགས་སྤྱི་བཀའ་དང་། ། གཞན་ཟུར་བཀའ་མང་པོའི་སྨིན་གྲོལ་མཛད། ། ལར་གསང་ཆེན་གྱི་བསྟན་པ་འཛིན་པ་ལ། ། ཕ་རྡོ་རྗེ་འཆང་དབང་རྣམ་པ་གཉིས། ། ཡོངས་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། ། བོད་གངས་ཅན་འདི་འོག་མིན་ཞིང་དུ་བྱས། ། ཁས་ཉེས་བླངས་བསླབ་ལ་ནན་ཏན་དང་། ། ཡིད་ལྷག་བསམ་གྱིས་རབ་དྲངས་བཤད་སྒྲུབ་སོགས། ། གང་ཅི་ནུས་སུ་བྱེད་པར་རློམ་འདི་ཡང་། ། རྟེན་དལ་འབྱོར་དོན་ལྡན་དུ་བྱས་སམ་སྙམ། ། བློ་ནང་དུ་བཀུག་ནས་ཉེར་བསམས་ན། ། དོན་གོ་ཡུལ་དུ་ལུས་པའི་ཁ་བཤད་ཀྱིས། ། གཞན་འགྲོ་ཕན་དུ་རློམ་པའི་རྣམ་གཡེང་འདི། ། ཀུན་ཐབས་མཁས་ཀྱིས་ཕོངས་པའི་བསླུ་བྲིད་མཁན། ། གནས་ངན་སོང་གི་སྡུག་བསྔལ་མེ་འོབས་དོང་། ། སྲིད་འཁོར་བའི་བཙོན་དོང་མཐའ་མེད་ནགས། ། སྲོག་མི་རྟག་གློག་གི་རོལ་གར་མཁན། ། འདི་མཐོང་བཞིན་སྒྲུབ་ལས་གཡེལ་བས་ནོངས། ། སྔོན་ཆོས་བརྒྱད་གདོན་གྱི་དབང་སོང་བའི། ། ཚེ་དོན་མེད་དུ་འདས་པའི་མ་ལྷག་ལ། ། ལྷ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། ། དུས་གཏན་འདུན་འགྲུབ་པའི་བཀའ་དྲིན་ཞུ། ། གོང་གི་ཞིང་བཀོད་རྣམས་ཀྱི་འཕྲོས་ལས། མགྲིན་བཟང་གཟིག་པགས་གྱོན་པའི་ངང་ཚུལ་ལྟར། བདག་གི་སྤྱོད་ཚུལ་ཅུང་ཟད་བྲི་བར་འདོད་ན། བཤད་མ་ཐག་པའི་ཚིགས་བཅད་རྣམས་ཧ་ཅང་མང་པར་འགྱུར་བས། པོ་ཏ་ལའི་ས་འདུལ་ལ་ཡོང་སྐབས། འཕགས་པ་ལོ་གི་ཤྭ་ར་ཕེབས་པའི་འཕགས་པའི་བྱིན་རླབས་ཀྱིས་ངོ་མཚར་བ་བྱུང་ཚུལ་དང་། ལྷ་སའི་གསེར་ཐོག་གི་རབ་གནས་ལ་ཡོང་ཚུལ་ཙམ་བྲིས་ན་རྒྱས་བསྡུས་འཚམ་པར་མངོན་ནོ། །

ཨེ་མ་སྲིད་པའི་མེ་ལོང་ངོས། ། སྐྱེས་རབས་གཟུགས་བརྙན་གྲངས་མེད་པ། ། ཤར་བའི་ངོ་མཚར་ལྟད་མོ་ལ། ། བློ་ལྡན་ཕལ་ཆེར་ཡེངས་སམ་སྙམ། ། སྙན་ངག་སྲད་བུ་ལ་བརྒྱུས་པའི། ། དོན་གྱི་རིན་ཆེན་ཕྲེང་བ་འདི། ། དཔྱོད་ལྡན་མཛེས་བྱེད་མགུལ་རྒྱན་དུ། ། བློ་གྲོས་བི་ཤྭ་ཀརྨས་སྤེལ། ། དགེ་དེས་འགྲོ་ཀུན་མ་ལུས་པ། ། ཕྱག་ན་པདྨོས་རྗེས་བཟུང་སྟེ། ། གྲུ་འཛིན་དག་པའི་ཞིང་ཁམས་སུ། ། བདེ་ཆེན་དཔལ་ལ་སྤྱོད་པར་ཤོག །

2 མཆན་འགྲེལ།

1.དམིགས་མེད་སྙིང་རྗེ། དམིགས་ཡུལ་སེམས་ཅན་ཚད་མེད་ལ་དམིགས་པ་ཡིན་པས་ན་དམིགས་མེད་སྙིང་རྗེའོ། །

2.ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ།སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་སྟེ། ལོངས་སྤྱོད་རྫོགས་པའི་ཡན་ལག་དང་། ཁ་སྦྱོར་གྱི་ཡན་ལག བདེ་བ་ཆེན་པོའི་ཡན་ལག རྒྱུན་མི་འཆད་པའི་ཡན་ལག འགོག་པ་མེད་པའི་ཡན་ལག་རྣམས་སོ། །

3.ཡེ་ཤེས་སྣང་བ། སྐུ་དང་ཞིང་ཁམས་སུ་དག་པར་སྣང་བའོ། །

4.བདེ་བ་ཅན། ནུབ་ཕྱོགས་བདེ་བ་ཅན་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས།

5.འོད་དཔག་མེད། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་ཨ་མི་ཏཱ་བྷཿ།

6.བེམ་པོ་ཁམས། ཤེས་པའམ་རིག་པ་མི་ལྡན་པའི་ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་དོ། །

7.སེམས་བསྐྱེད། 《མངོན་རྟོགས་རྒྱན》ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་གསུངས་བ་ལྟར། རང་རྒྱུད་གཞན་ཕན་དོན་གཉེར་གྱི་འདུན་པས་དྲངས་ཤིང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་འཇུག་སྒོར་གྱུར་པའི་ལམ་གྱི་རིགས་སུ་གནས་པས་རབ་ཏུ་ཕྱེ་བའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན།

8.ཨེ་རཎྜ། དན་རོག་ཅེས་པའི་ཤིང་ཞིག་སྟེ། ཁོག་སྟོང་བ་ཡིན་པས་ཆུ་ཤིང་དང་སྨྱུག་མ་ཡིན་པར་བཤད། འོན་ཀྱང་མངོན་བརྗོད་ཀྱི་བསྟན་བཅོས་ལས་ཆུ་ཤིང་དང་། སྨྱུག་མ་དང་། ཨེ་རཎྜ་རྣམས་སོགས་སོ་སོར་བཤད་པ་ཡིན།

9.ས་སྤྱོད། རྒྱལ་པོའི་མིང་གི་རྣམ་གྲངས།

10.སེམས་ཁོང་དུ་ཆུད་པ། འདིར་སེམས་སྡུག་བསྔལ་བར་གྱུར་བའི་དོན།

11.སྲིད་འབྱོར། སྲིད་པའི་ཕུན་ཚོགས་ཞེས་པ་སྟེ། སྤྱད་པས་མི་ངོམས་པ་དང་། སྡུག་བསྔལ་ཀུན་གྱི་སྒོ་དང་། ཡིད་རྟོན་མི་རུང་བ་ནི་སྲིད་འབྱོར་གྱི་རང་བཞིན་ནོ། །

12.ཐབས་ཤེས་ཟུང་དུ་འཇུག་པ། གོང་གི 《འཇམ་དཔལ་དབྱངས་ཀྱི་བསྟོད་པ》ཡི་མཆན་རྟགས་ཨང14ལ་གཟིགས།

ཨོོ་ཌི་ཡ་ནའི་ཡུལ། རྒྱ་གར་གྱི་གྲོང་ཆེར་མཉན་ཡོད་ཀྱི་ནུབ་ཕྱོགས་དཔག་ཚད་ལྔ་བརྒྱ་བརྒལ་པ་ན་ཨོོ་ཌི་ཡ་ནའི་ཡུལ་ཡིན་ཏེ། འདིར་ཟུར་ཆག་པས་ཨུ་རྒྱན་ནམ་ཨོ་རྒྱན་ཞེས་བྱ། དོན་ནི་འཕུར་འགྲོ་བའམ་མཁའ་འགྲོ་ཞེས་པ། སངས་རྒྱས་བཅོམ་ལྡན་འདས་ཡུལ་དེར་བྱོན་ནས་རྒྱལ་བོ་ཨིནྡྲ་བྷཱུ་ཏེ་ཞེས་བྱ་བ་ལ་དབང་བསྐུར། འདོད་ཡོན་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཁྱད་པར་ཅན་སྟོན་པའི་རྒྱུད་བསྟན་ནས་རྗེས་སུ་གདམས་པར་མཛད་ཅེས་གྲགས།

14.བྱིས་བློ། བྱིས་པ་ལྟ་བུའི་གནས་ལུགས་ལ་རྨོངས་པའི་བློ། བྱིས་པ་ཞེས་པ་ནི་འདིར་བླུན་པོའམ་སོ་སྐྱེ་ཕལ་བའོ། །

15.ས་བསྲུང་། རྒྱལ་པོ་དང་། རྒྱ་མཚོ། ས་མཚམས་སྲུང་མཁན་བཅས་རྣམས་ལ་འཇུག་སྟེ། འདིར་ས་བསྲུང་བུ་སྟེ་བརྒྱ་བྱིན་གྱི་བཞོན་པ་གླང་ཆེན་གྱི་མིང་ངོ་། །

16.ཐུགས་རྗེའི་ཞུགས། སྙིང་རྗེའི་སེམས་མེའི་གཟུགས་སུ་བཀོད་པ། ཞུགས་ནི་མེའི་མིང་གི་རྣམ་གྲངས།

17.སྤངས་དང་རྟོགས་པའི་ཡོན་ཏན། སངས་རྒྱས་ཀྱི་སྤངས་པའི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་གཉིས་ཏེ། 《དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་དད་པའི་ལྕགས་ཀྱུ》ལས། བརྣབ་སེམས་དང་། གནོད་སེམས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ལྟ་ངན་མཆོག་འཛིན་ཏེ་མཉམ་བཞག་རྒྱུན་ཆགས་ལ་བར་དུ་གཅོད་པའི་མདུད་པ་རྣམས་ཤིན་ཏུ་རྒྱུན་བཅད་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་ལུས་སེམས་ཡོངས་སུ་གདུང་བར་བྱེད་པ་དག་ལས་རྣམ་པར་གྲོལ་བ་དང་། འདོད་སྲེད་དང་། འཇིག་སྲེད། སྲིད་སྲེད་དེ་འབྲལ་བར་དཀའ་བའི་སྲེད་པ་རྣམས་ལས་གྲོལ་བ་དང་། འདོད་པ་དང་སྲེད་པ་དང་ལྟ་བ་དང་མ་རིག་པ་སྟེ་སྡུག་བསྔལ་གྱི་རྒྱུན་ཡོངས་སུ་འཁྱེར་བའི་ཆུ་བོ་རྣམས་ལས་བརྒལ་བ་བཅས་སྤངས་པའི་ཡོན་ཏན་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཡོངས་སུ་རྫོགས་པ་ལ་ཁྱབ་པ་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་ཚེ་དང་འཕྲིན་ལས་དང་ཞིང་ཁམས་སོགས་ལ་ཁྱད་པར་ཡོད་ཀྱང་ཡེ་ཤེས་ཆོས་ཀྱི་སྐུ་ལ་མཆོག་དམན་མེད་པར་མཉམ་པ་ཉིད་བརྙེས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་གནས་པ་དང་། སྙིང་རྗེ་ཆེན་པོས་དམན་པའི་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་དང་། མཁྱེན་རབ་ཆེན་པོས་སྲིད་མཐའ་སྤངས་ནས་ཡང་དག་པའི་མཐའ་ཆོས་སྐུ་སྟོང་བ་ཉིད་ལ་སླར་མི་ལྡངབའི་ཚུལ་གྱིས་གནས་པ་ནི་རྟོགས་པའི་ཡོན་ཏན་ནོ་ཞེས་གསུངས།

18.མི་འགྱུར་གཙུག་ལག་ཁང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

19.རྭ་སྒྲེང་གཙུག་ལག་ཁང་། བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ཁོངས་ཀྱི་དགོན་པ་ཞིག་སྟེ། རབ་བྱུང་དང་པོའི་མེ་བྱ(སྤྱི་ལོ1057)ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཐོག་མར་བཏབ་ཅིང་དེར་གནས་གཞི་བཙུགས་ནས་བཀའ་གདམས་ཆོས་ལུགས་དར་བར་མཛད། རབ་བྱུང་བཅུ་གཉིས་པའི་ས་ལུག(སྤྱི་ལོ1739)ལོར་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས་རང་གི་ཡོངས་འཛིན་དགའ་ལྡན་ཁྲི་བ་ངག་དབང་མཆོག་ལྡན་ལ་དགོན་པ་དེ་འབུལ་བ་གནང་སྟེ་དགོན་བདག་ཏུ་མངའ་གསོལ། དེ་ནས་བཟུང་ཁྲི་ཆེན་གྱི་སྐུ་ཕྲེང་རིམ་བྱོན་ལ་རྭ་སྒྲེང་སྤྲུལ་སྐུ་ཞེས་པའི་མཚན་ཐོགས། དགོན་དེར་ཇོ་བོ་ཨ་ཏི་ཤ་རང་ཉིད་སྐུ་འཚོ་བཞུགས་སྐབས་ནས་དུས་རབས་རིམ་བྱོན་གྱི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་དང་རིན་ཐང་བྲལ་བའི་གནའ་ཤུལ་དངོས་རྫས་ཧ་ཅང་མང་བོ་ཡོད་པར་རྭ་སྒྲེང་ལོ་རྒྱུས་ལས་གསུངས།

20.ལུང་དང་རྟོགས་པའི་བསྟན་པ། ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་། རྟོགས་པའི་ཆོས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ།

21.བཀའ་བབས་རིམ་པ་གསུམ། འདིར་ལྟ་བ་གཙོ་བོར་སྟོན་པ་ཇོ་བོའི་གདམས་ངག་སྤྱན་སྔ་བ་ནས་བརྒྱུད་པའི་བདེན་བཞིའི་ཁྲིད། ཕུ་ཆུང་བ་ནས་བརྒྱུད་པའི་རྟེན་འབྲེལ་གྱི་ཁྲིད། རྣལ་འབྱོར་བ་ནས་བརྒྱུད་པ་བདེན་གཉིས་ཀྱི་ཁྲིད་བཅས་སོ། །

22.བཀའ་གདམས་བསྟན་པ། སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཚང་མ་གདམས་ངག་ཏུ་གོ་བའི་བོད་ཀྱི་ནང་བའི་གྲུབ་མཐའ་ཞིག་སྟེ། ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེས། པོ་ཏོ་བ་རིན་ཆེན་གསལ་དང་། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱིས་དར་ཞིང་རྒྱས་པར་མཛད། གླང་ཐང་པ་རྡོ་རྗེ་སེངྒེ་དང་། ཤ་ར་བ། བྱ་ཡུལ་བ་སོགས་ཀྱིས་དེ་བས་ཀྱང་རྒྱས་པར་མཛད། བཀའ་གདམས་པའི་སློབ་བརྒྱུད་ཡོངས་སུ་གྲགས་པ་ལ་གཞུང་པ་དང་གདམས་ངག་པ་གཉིས་སམ། ཡང་ན་མན་ངག་པ་དང་གསུམ་དུ་གྱེས་སོ། །

23.ཨོ་རྒྱན་མཁའ་འགྲོའི་གླིང་། རྒྱ་གར་ནུབ་ཕྱོགས་ཨོོ་ཌི་ཡ་ནའི་ཡུལ་ན། རེ་ཞིག་ལྷོ་ཕྱོགས་ཀྱི་མཚོ་ཞིག་ཡོད་པ་འཕེལ་ཏེ། ཀླུ་མང་པོ་དང་བཅས་པས་ཡུལ་དེ་གང་བར་གྱུར་ཏོ། ཀླུ་དེ་རྣམས་ལ་ལག་ན་རྡོ་རྗེས་རྒྱུད་ཀྱི་གླེགས་བམ་གཏད་ཅིང་ཀླུ་རྣམས་ཀྱིས་ཀྱང་མིར་གྱུར་ནས་མཚོ་དེའི་འགྲམ་དུ་གྲོང་ཁྱེར་བྱས་ཏེ་འཁོད་ཅིང་། ལམ་ཉམས་སུ་བླངས་པས་ཕལ་ཆེར་གྱིས་གྲུབ་པ་ཐོབ་པར་གྱུར་ཏོ། ། གྲུབ་པ་མ་ཐོབ་པ་རྣམས་ཀྱང་མིར་གྱུར་ནས་དེ་སྐྱོང་བའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པ་ཤ་སྟག་ཏུ་གྱུར་པ་དང་། ཕྱིས་མཚོ་བསྐམས་པའི་ཤུལ་དུ་ངྷར་ཀཉྫ་སྟེ་ཆོས་ཀྱི་མཛོད་ཅེས་སྔགས་རྒྱུད་ཐམས་ཅད་བཞུགས་པའི་ཕོ་བྲང་ལ་རིག་པ་འཛིན་པའི་དཔའ་བོ་དང་རྣལ་འབྱོར་མ་དུ་མ་གནས་པའི་གྲོང་ཁྱེར་གྱིས་བསྐོར་པ་རིམ་གྱིས་ཚོགས་པའི་རྒྱུ་ལས་ཡུལ་དེ་ཨོ་རྒྱན་མཁའ་འགྲོ་གླིང་ཞེས་གསང་སྔགས་རྡོ་རྗེའི་ཐེག་པའི་འབྱུང་ཁུངས་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་སྒཽ་མཆོག་ཏུ་འགྲིག་པར་གྱུར་ཏོ། །

24.ཞང་སྟོན། གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ་སྟེ། དེའི་ལོ་རྒྱུས་མདོར་བསྡུས་ས་ཆེན་ཀུན་དགའ་སྙིང་པོས་མཛད་པའི《ཞང་སྟོན་ལ་བསྟོད་པ》ཞེས་པའི་མཆན་རྟགས་ཨང1ལ་གཟིགས།

25.ཚལ་གུང་གཙུག་ལག་ཁང་། དགོན་པའི་མིང་སྟེ་ཚལ་དགོན་པ་དང་གུང་ཐང་དགོན་པ་གཉིས་ཀྱི་སྤྱི་མིང་ཡིན། རབ་བྱུང་གསུམ་པའི་ཤིང་ལུག(སྤྱི་ལོ1175)ལོར་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་ཐོག་མར་ཚལ་གྱི་དགོན་པ་བཏབ། དེ་ནས་ལོ་བཅུ་གསུམ་སོང་བའི་མེ་ལུག(སྤྱི་ལོ1187)ལོར་གུང་ཐང་དགོན་པ་བཏབ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་རབ་བྱུང་གསུམ་པའི་མེ་ལུག་ལོར་ཞང་གཡུ་བྲག་པ་དར་མ་གཞོན་ནུས་ཕྱག་བཏབ་པའི་གཙུག་ལག་ཁང་ཞིག་ཡིན་གསུངས།

26.ཚེ་དབང་རིག་འཛིན། སྔགས་རྙིང་མའི་ས་ལམ་བགྲོད་ཚུལ་རིག་འཛིན་བཞིའི་ཡ་གྱལ་ཞིག་སྟེ། མཐོང་བའི་ལམ་བསྡུས་ཏེ་ཆོས་མཆོག་ཐོབ་པའི་རྟེན་དེ་ཉིད་དྭངས་མའི་ལུས་རྡོ་རྗེ་ལྟ་བུར་འགྱུར་ཞིང་། སེམས་ཀྱང་མཐོང་བའི་ལམ་གྱི་ཡེ་ཤེས་སུ་སྨིན་པས་སྐྱེ་འཆི་མེད་པ་ཚེའི་རིག་འཛིན་བརྙས་པའོ། །

27.ཞིང་སྐྱེས་མ། ཡུལ་ཉེར་བཞིར་སྐྱེས་པའི་ཕོ་ཉ་མོའམ་རྫོགས་རིམ་གྱི་རྣལ་འབྱོར་མ།

28.མི་གནས་མྱང་འདས། རྒྱལ་དབང་ལྔ་བའི《རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་ཏམྦུ་རའི་རྒྱུད་མངས》ཞེས་པའི་མཆན་རྟགས་ཨང26ལ་གཟིགས།

29.ཝན་ལི་རྒྱལ་པོ། རྒྱ་ནག་གི་གོང་མ་ཞིག་གི་མཚན་ཏེ། མིང་རྒྱལ་རབས་ཀྱི་གོང་མ་བཅུ་བཞི་བ་ཡིན། སྤྱི་ལོ1573—1620ལོའི་བར་ལོ་ངོ་ཞེ་བརྒྱད་རིང་རྒྱལ་སྲིད་བཟུང་།

30.ལུང་ལས། གོ་གནས།

31.ལམ་གསུམ་པ། འདིར་ཆུ་བོ་གངྒཱ་སྟེ། མཐོ་རིས་དང་། མིའི་ཡུལ་དང་། ས་འོག་གི་ལམ་གསུམ་དུ་འབབ་པས་སོ། །

32.མཐོ་རིས་ཡོན་ཏན་བདུན། རིགས་བཟང་བ་དང་། གཟུགས་མཛེས་པ། ཚེ་རིང་བ། ནད་མེད་པ། སྐལ་བ་བཟང་བ། ནོར་ཕྱུག་པ། ཤེས་རབ་ཆེ་བ་སྟེ་བདུན་ནོ།

33.རྟེན་ཅིང་འབྲེལ་འབྱུང་། རྗེ་བུ་སྟོན་རིན་པོ་ཆེས་མཛད་པའི《འཕྲིན་ཡིག་ཆོས་ལྡན》ཞེས་པའི་མཆན་རྟགས་ཨང30ལ་གཟིགས།

34.འབྲས་སྤུངས་ཆོས་ཀྱི་སྡེ། དབུས་ཕྱོགས་དགེ་ལུགས་དགོན་ཆེན་གསུམ་གྱི་ཡ་གྱལ། ལྷ་སའི་ནུབ་རྒྱུད་དགེ་འཕེལ་དབུ་རྩེར་ཡོད། རབ་བྱུང་བདུན་པའི་མེ་སྤྲེལ(སྤྱི་ལོ1416)ལོར་རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བཏབ། ཐོག་མར་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་གཙོ་བོར་མཛད་དེ། འདུ་ཁང་། སྔགས་ཁང་། གྲྭ་ཤག་བཅས་བཞེངས། དེ་རྗེས་རིམ་བཞིན་ཆོས་རྗེའི་སློབ་མ་རྣམས་ཀྱིས་གྲྭ་ཚང་གཞན་རྣམས་བཏབ། གྲྭ་ཚང་སོ་སོའི་འོག་ཏུ་ཁང་ཚན་དང་འཚོ་ཁང་མི་འདྲ་བ་མང་པོ་ཡོད། ཀུན་གཟིགས་ལྔ་བ་ཆེན་པོའི་སྐབས། རི་བོ་དགེ་ལུགས་པའི་ཆོས་དང་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་བོད་ལྗོངས་ཡོངས་ལ་ཁ་ལོ་བསྒྱུར་པའི་ལམ་ལུགས་དེ་དགོན་པ་དེའི་དགའ་ལྡན་ཕོ་བྲང་དུ་ཐོག་མར་བཙུགས་སོ། །

35.རྗེས་གནང་། ལྷའི་སྒོམ་བཟླས་དང་འཆད་ཉན་བྱེད་པར་དབང་བའི་བྱིན་རླབས་གནང་བ།

36.དཀོན་མཆོག་ཆོས་འཕེལ། དགའ་ལྡན་ཁྲི་རབས་སོ་ལྔ་བ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ཡིན། རབ་བྱུང་བཅུ་བཞི་བའི་ཆུ་བྱ(སྤྱི་ལོ1573)ལོར་འཁྲུངས། དགུང་ལོ་བཅུ་གཅིག་པ་ཤིང་སྤྲེལ(སྤྱི་ལོ1584)ལོ་གྲུབ་མདའ་ཆོས་རྗེ་བློ་བཟང་ཆོས་འཕེལ་བའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དཀོན་མཆོག་ཆོས་འཕེལ་དུ་གསོལ། དགུང་ལོ་ཉེར་བཞི་བ་མེ་སྤྲེལ(སྤྱི་ལོ1596)ལོར་ཆོས་རྗེ་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་ལས་བསྙེན་པར་རྫོགས། ཆུ་སྟག་ལོར་ར་བ་སྟོད་ལ་འཆད་ཉན་དུ་ཕེབས། ཆུ་བྱི་ལོར་རྒྱུད་སྟོད་ཀྱི་ཁྲིར་ཕེབས། ཤིང་ཡོས་ལོར་རིན་ཆེན་གླིང་གི་ཁྲིར་ཕེབས། ས་ལུག་ལོར་གསུང་ཕུའི་ཁྲིར་ཕེབས། དགུང་ལོ་ང་བཞི་བ་མེ་སྟག(སྤྱི་ལོ1626)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཤིང་དེའི་ཕྱི་ལོར་རྒྱལ་དབང་ལྔ་བའི་དབུ་བླ་དང་སྨོན་ལམ་གྱི་ཚོགས་དབུ་མཛད། དགུང་ལོ་དོན་བཞི་བ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི(སྤྱི་ལོ1646)ལོར་སྐུ་གཤེགས།

37.ཆོས་གཞི་ལྔ། བྱེ་བྲག་སྨྲ་བ་ཤེས་བྱའི་ཆོས་ཐམས་ཅད་གཞི་ལྔའི་ནང་དུ་འདུས་པར་འདོད་ལ། གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ལྔའོ། །

38.མངོན་པ་མཛོད། 《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ》ཞེས་པའི་ཐེག་དམན་གྱི་གཞུང་ཞིག་སྟེ། རྒྱ་གར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་དམན་མངོན་པའི་གཞུང་གི་རྩ་བ་གནས་བརྒྱད་ཀྱི་རང་བཞིན་ཅན། གནས་བརྒྱད་ནི། ཁམས་བསྟན་པ་དང་། དབང་པོ་བསྟན་པ། འཇིག་རྟེན་བསྟན་པ། ལས་བསྟན་པ། ཕྲ་རྒྱས་བསྟན་པ། ལམ་དང་གང་ཟག་བསྟན་པ། ཡེ་ཤེས་བསྟན་པ། སྙོམས་པར་འཇུག་པ་བསྟན་པ་བཅས་སོ། །

39.ཡུལ་ཉེར་བཞི། འདི་ནང་པའི་སྔགས་ཀྱི་གཞུང་མང་པོ་ནས་མིང་ཙམ་འབྱུང་ཞིང་། བུ་སྟོན་རིན་པོ་ཆེའི《བདེ་མཆོག་ཆོས་འབྱུང》དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི《ཤམ་བྷ་ལའི་རྣམ་བཤད》ནས་བཤད་པ་ལྟར་མིང་ཙམ་འགོད་ན། (1)པཱུ་ལི་ར་མ་ལ་ཡ། (2)ཛ་ལནྔྷ་ར། (3)ཨོོ་ཌི་ཡ་ན། (4)ཨརྦུཏ། (5)གོོ་ད་ཝ་རི། (6)ར་མེ་ཤྭ་རི། (7)དེ་ཝི་ཀོ་ཧི། (8)མཱ་ལ་ཝ། (9)ཀཱ་མ་རུ་པ། (10)ཨོ་ཧྲེ། (11)ཧྲི་ཤ་ཀུ་ནེ། (12)ཀོ་ས་ལ། (13)ཀ་ལིངྐ། (14)ལམ་པ་ཀ (15)ཀཉྩི། (16)ཧི་མ་ལ་ཡ། (17)པྲེ་ཏ་པུ་རི། (18)གྲི་ཧ་དེ་ཝ་ཏ། (19)སོ་ར་ཥྜ། (20)སུ་ཝརྣ་དཱི་པ། (21)ནཱ་ག་ར། (22)སིན་ངྷུ། (23)མ་རུ། (24)ཀུ་ལུ་ཏ་བཅས་སོ། །

40.ལྷ་མོ་མཁར། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དེ་ཝི་ཀོ་ཧྲི་ཞེས་པ་དེ་ཡིན་ཏེ། དེ་ལ་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཡོད། གཅིག་ཀོང་པོའི་ཡུལ་དང་ཀློ་ཡུལ་གསུམ་གྱི་མཚམས་སུ་ཡོད་པའི་ཙ་རི་ལ་ངོས་འཛིན་པ་དང་། གཅིག་རྒྱ་གར་ཨ་སམ་གྱི་ཤར་ཕྱོགས་ཀང་ཚ་རངྒ་ཞེས་པའི་ནང་ཚན་ཏི་ར་ཕུར་ཞེས་པའི་རི་བོ་དེར་ངོས་འཛིན་པ་གཉིས་ཡོད་ལ་འདིར་དང་པོར་གོ་དགོས།

41.འཁོན་དཔལ་འབྱོར་ལྷུན་གྲུབ། རབ་བྱུང་དགུ་བའི་ལྕགས་བྱ(སྤྱི་ལོ1561)ལོར་འཁྲུངས། དགུང་ལོ་བཅུ་བ་རབ་བྱུང་བཅུ་བའི་ལྕགས་རྟ་ལོར་རྒྱལ་བ་བསོད་ནམས་རྒྱ་མཚོར་མཇལ། དགུང་ལོ་བཅུ་བདུན་པ་མེ་གླང(སྤྱི་ལོ1577)ལོར་རྒྱལ་བ་བསོད་ནམས་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་། ལྕགས་འབྲུག་ལོར་དྭགས་པོ་གྲྭ་ཚང་དུ་བྱོན། དགུང་ལོ་སོ་བཞི་བ་ཤིང་རྟ(སྤྱི་ལོ1594)ལོར་ཆོས་རྗེ་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་ལས་བསྙེན་པར་རྫོགས། ལྕགས་གླང་ལོར་ཉི་མ་ཐང་གི་འཆད་ཉན་པར་ཕེབས། ཤིང་སྤྲུལ་ལོར་སེ་ར་བྱེས་ཀྱི་འཆད་ཉན་པར་ཕེབས། ཤིང་སྟག་ལོར་བསྟན་རྩིས་མཛད། ས་ལུག་ལོར་ཕ་བོང་ཁར་བཞུགས། རབ་བྱུང་བཅུ་གཅིག་པའི་ཆུ་བྱ་ལོར་ལྔ་བ་ཆེན་པོ་ལ་གསང་སྔགས་གསར་རྙིང་གི་ཆོས་གནང་། དགུང་ལོ་དོན་བདུན་པ་མེ་གླང(སྤྱི་ལོ1637)ལོར་གཤེགས།

42.མཁན་ཆེན་འགྲོ་བའི་བླ་མ། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་གོ་དགོས་ཏེ། དེས་ལྔ་བ་ཆེན་པོ་བསྙེན་རྫོགས་ཀྱི་མཁན་པོ་མཛད་པས་སོ། །

43.ཀ་ཙན། འདིར་སྒྲ་རིག་པའི་བསྟན་བཅོས་ཀ་ལཱ་བ་བྱཱ་ཀ་ར་ཎ་དང་ཙནྡྲ་བྱཱ་ཀ་ར་ཎ་གཉིས་ལ་ཟེར།

44.སྨོན་འགྲོ་བ། སྨོན་འགྲོ་པཎྚི་ཏ་ཚེ་དབང་དོན་གྲུབ་སྟེ། རྒྱལ་དབང་ལྔ་བ་ཆེན་པོས་དེ་ལས་སྒྲ་སྙན་ངག་སྡེབ་སྦྱོར་སོགས་སྦྱངས་པ་མཐར་ཕྱིན་པ་མཛད་པར་བཤད།

45.ཆ་བསགས་མདོ། སྒྲ་མདོ་ཀ་ལཱ་བ་སྟེ་ཀ་ལཱ་བ་བྱཱ་ཀ་ར་ཎ་ཞེས་པའམ་སྒྲ་རིག་པར་ཉེ་བར་མཁོ་བའི་ཆ་ཤས་བསགས་པའི་བསྟན་བཅོས་ཞེས་པའོ། ། བསྟན་བཅོས་དེའི་རྩོམ་པ་པོ་ནི་རྒྱ་གར་གྱི་སློབ་དཔོན་སརྦ་ལརྨ་ཞེས་པ་སྟེ། དེས་གཞོན་ནུ་སྨིན་དྲུག་བསྒྲུབས་པས། སྨིན་དྲུག་ཞལ་བསྟན་ནས་ཅི་འདོད་ཟེར་བ་ལ། ། སྒྲ་ཤེས་པར་འཚལ་ལོ་ཞུས་པས། སིངྔྷ་ཝརྣ་ས་མི་ན་ཡེ་ཞེས་པ་ནས་ལེའུ་བཅོ་ལྔའི་བར་དུ་བཤད་པ་དང་། དེར་རློམ་པ་སྐྱེས་ཏེ། དེས་འཚལ་ལོ་སྨྲས་པས། སྨིན་དྲུག་གིས་བཞོན་པ་བསྐྱོད་དེ། རྨ་བྱའི་མཇུག་མ་ལོག་སྟེ་བྱུང་བ་དང་། ཀ་ལཱ་བ་བཟོད་པ་གསོལ་ཞེས་སྨྲས་སོ། ། ཀ་ལཱ་བ་ནི་ཆ་བསགས་ཏེ། རྨ་བྱའི་མདོངས་ལ་འཇུག་པས་དེ་བཞིན་གྲགས་སོ་ཞེས་རྗེ་འཇིགས་མེད་དབང་བོའི《བཀའ་འགྱུར་དཀར་ཆག་རྩོམ་འཕྲོས》ལས་གསུངས་པ་ལྟར་བྲིས་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།