རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་ཏམྦུ་རའི་རྒྱུད་མངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕགས་པ་འཇམ་དཔལ་དབྱངས་ལ་བསྟོད་པ་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་ཏམྦུ་རའི་རྒྱུད་མངས་ཞེས་བྱ་བ་འདི་ནི་དགའ་ཞིང་ཆོས་རྗེ་རྒྱ་ཡག་རབ་འབྱམས་པ་གྲགས་པ་རྒྱལ་མཚན་དང་། ཟུང་ཆོས་རབ་འབྱམས་པ་འཕྲིན་ལས་སོགས་ཀྱིས་བསྐུལ་ངོར། སློབ་དཔོན་དཎྜིའི་གཞུང་ལུགས་ལ་སྦྱངས་ནས་ཅུང་ཟད་ཤེས་པ་ལ་བརྟེན། སྙན་ངག་མཁན་པོར་རློམ་པ། ཟ་ཧོར་གྱི་རིགས་ལས་ཨ་ཝ་ངྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ། ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པའི་ལྡོམ་བུ་བས། རྣམ་རྒྱལ་ཞེས་པ་ཆུ་མོ་སྤྲུལ་གྱི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ཀྱི་ཉིན། རྒྱ་ནག་གི་སའི་ཆ་རི་བོ་རྩེ་ལྔ་དང་ལེ་བར་བདུན་བརྒྱས་བར་ཆོད་པའི་ཕོ་བྲང་པེ་ཅིང་གི་ཉེ་འདབས་སུ་ཇ་སྦྱོར་གསུམ་གྱི་ཡུན་ལ་གྲུབ་པར་སྦྱར་བའོ། །རྩོམ་ཡིག་འདིར་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་མཛད་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རྒྱལ་བ་བློ་བཟང་རྒྱ་མཚོ།
1 ​མ་ཡིག

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་ཏམྦུ་རའི་རྒྱུད་མངས།

ན་མོ་ཨཱ་རྱ་མཉྫུ་ཤྲི་ཡེ། མཁའ་ཁྱབ1དོན་དམ་ཆོས་སྐུ2ལྷ་ཡི་ལམ། ། བཅུ་དྲུག་བདེ་ཆེན་མཚན་བཟང་དབང་པོའི་གཞུ། ། གཉིས་མེད་གཉིས་སུ་འཆར་བའི་སྒྱུ་དྲའི་གར། ། སྟོན་མཛད་འཇམ་མགོན་ཟུར་ཕུད་ལྔ་བར3འདུད། ། ཆུ་སྐྱེས་འདབ་བརྒྱ་རྒོད་པའི་ཟེའུ་འབྲུའི་རྩེར། ། རབ་གསལ་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་སྟེང་། ། གུར་ཀུམ་རྡུལ་མང་བརྩེགས་པའི་ལྷུན་པོ་ནི། ། ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་བཞིན། ། བཅུ་དྲུག་ལང་ཚོ་དར་བའི་འཇོ་སྒེག་ཅན། ། རྒྱལ་སྲས་གཞོན་ནུར་སྟོན་འདི་རིང་པོ་ནས། ། རྣམ་འདྲེན་ཀུན་གྱི་ཡབ་ཅེས་རྒན་པོའི་མཚན། ། འཆང་བའི་གཏམ་འདི་ཐོལ་གྱིས་སྒྲིབ་པ་བཞིན། ། མཚམས་སྤྲིན་གངས་ཀྱི་རི་བོ་པདྨ་རག ། མདངས་དབྱིབས་གཟུགས་སྐུའི་བཀོད་པ་བྱེ་བའི་ཚོགས། ། མཐའ་མེད་འཁོར་བའི་རྒྱ་མཚོ་མ་བསྐམས་བར། ། གྲངས་མེད་འགྲོ་བའི་དོན་དུ་བསྟན་ལས་ཅི། ། མིག་གི་བདུད་རྩིར་སྤྱོད་པའི་མཛེས་སྡུག་སྐུ། ། ཕུན་ཚོགས་མཚན་དཔེའི་རི་མོ་བཀྲ་བ་གང་། ། མཐོང་ཐོས་དྲན་དང་རེག་པས་རྣལ་གྲོལ་བ། ། འདི་ཀོ་སྐལ་བཟང་གདུལ་བྱའི་བསོད་ནམས་དཔྱིད། ། དེ་དོན་རྟོགས་པའི་བློ་གྲོས་ཆེས་ཕྲ་རྣམས། ། སྣ་ཚོགས་རིན་ཆེན་ཕྲེང་བའི་དོ་ཤལ་དང་། ། པཉྩ་ལི་ཀའི་དར་གྱི་ཤམ་ཐམས་ལ། ། བསྔགས་བརྗོད་དར་དིར་སྒྲོག་པ་ངལ་བའི་གནས། ། སྲིད་ཞིའི་རྒུད་པ་མིག་སྨན་ལྟར་གནག་པ། ། མཐར་བྱེད་ནཱ་དའི་སྒྲ་དབྱངས་རྟ་ལྗང་ཅན། ། རྒོལ་ངན་སྨྲ་བའི་ཀུ་མུད་ཟུམ་པ་དང་། ། དཔྱོད་ལྡན་བློ་གྲོས་པད་དཀར་འཛུམ་གྱིས་བསུ། ། དམ་པའི་ཆོས་ཀྱི་རྒྱུད་མངས་འཁྲོལ་བའི་གླུ། ། སྐལ་བཟང་རྣ་བར་འཇེབས་པ་ཚངས་པའི་གསུང་། ། ཆེས་ཆེར་རྨོངས་པའི་འགྲོ་ལ་བྲག་ཅའི་སྒྲ། ། མི་བཟད་བདུད་སྡེའི་སྙིང་ལ་ཚེར་མ་བཞིན། ། ཆུ་ཀླུང་གཅིག་ལ་སྣག་ཁྲག་བདུད་རྩི་སོགས། ། སྣ་ཚོགས་དུ་མར་སྣང་ཞིང་དོན་བྱེད་པ། ། ཀུན་རྫོབ་འཁྲུལ་བའི་ཆོས4ཀུན་དོན་དམ་དབྱིངས། ། མ་རྙེད་དབུ་མའི་ལམ་བཟང་སྟོན་པ་བཞིན། ། སྐད་ཅིག་ཙམ་ལ་རྒྱ་ཆེན་ཤེས་བྱའི་མཐའ། ། འཇལ་ནུས་ཟབ་ཡངས་ཐུགས་ཀྱི་རྒྱ་མཚོ་ཆེར། ། གྲངས་མེད་ཆོས་ཀྱི་རི་བོང་འཛིན་པའི་གཟུགས། ། མི་འཆར་ལྐོག་ཏུ་གྱུར་དེ་ད་ག་རེ། ། ཕུལ་བྱུང་ཐུགས་རྗེའི་ལངྐའི་བདག་པོའི5གཟུགས། ། བློ་ལྡན་སྙིང་གི་རིན་ཆེན་རྩིག་ངོས་ལ། ། ཤར་ཚེ་ལྔ་རིག་ཧ་ནུ་མནྠ6དང་། ། དགའ་བའི་ཟློས་གར་སྒྱུར་ལ་ཅི་ཡང་བྲེལ། ། ཆོས་བརྒྱད་འབོད་སྒྲོགས7འཕྲུལ་གྱིས་ཉེར་དྲངས་པའི། ། དམ་པའི་ཆོས་ཀྱི་སི་ཏཱ་འདོར་བྱས་ནས། ། འདིར་སྣང་རི་དྭགས་སྙེག་ལ་མགོན་ཁྱོད་ཀྱིས། ། མི་ཕན་བྱང་བསྟན་ཕུག་པར་ཉི་གཟེར་བཞིན། ། གཏན་གྱི་སྐྱབས8སུ་གསོལ་ན་སྨོས་ཅི་འཚལ། ། ཅུང་ཟད་དྲན་པས་ཕན་བདེའི་ལེགས་ཚོགས་རྣམས། ། སྩོལ་མཛད་འདོད་པའི་རེ་སྐོང་དབང་གི་རྒྱལ། ། སྔོན་མེད་ཡིད་བཞིན་ནོར་བུ་གཞན་ན་སུ། ། འགྲོ་བའི་དབང་པོར་འཚམ་པའི་འཕྲིན་ལས་ཀྱི། ། ཕ་མཐའ་ཀུན་གསལ་བུ་མོའི་འགྲམ་པ་ལ། ། འཇལ་བྱེད་འཛད་པ་མེད་པའི་ཞགས་པ་ཡིས། ། སྲིད་དང་ཞི་བའི་དངོས་ཀུན་གཅིག་ཏུ་བཅིངས། ། ཕྲ་ཞིབ་རྣམ་པར་དཔྱོད་པའི་མཁྱེན་པའི་སྤྱན། ། དཀྱུས་རིང་ཟུར་གྱིས་འཕངས་པའི་ཉག་ཕྲན་གྱིས། ། མཐའ་མེད་ཁེངས་ལྡན་ཤེས་བྱ་ལུས་ཕྲ་མ། ། ཀུན་ཡིད་དགའ་བའི་འཛུམ་དང་བཅས་ཏེ་བསུ། ། བརྩེ་ཆེན་དཔྱིད་ཀྱི་དཔལ་མོའི་མངལ་ཡངས་ནས། ། ལྷག་བསམ་ཆུ་འཛིན་གསར་བའི་ལང་ལོང་ཅན། ། རླབས་ཆེན་སྤྱོད་པ9མཆོག་གི་ཆར་རྒྱུན་གྱིས། ། ཕན་དང་བདེ་བའི་མྱུ་གུ་གཡུར་དུ་ཟ། ། དབང་ཕྱུག་མིག་ལས་སྦར་བའི་མེ་དཔུང་གིས10། ། ཉག་ཕྲན་བདག་པོ་བཅོམ་པ་ངེས་པར་རྫུན། ། བདེན་ན་ཁྱོད་ཀྱི་ནུས་མཐུའི་ཐོག་མདའ་ཡིས། ། ནག་པོའི་ཕྱོགས་རྣམས་ཅིག་ཅར་བཅོམ་མིན་ནམ། ། ཁྱོད་དང་མ་ལ་ཡར་སྐྱེས་ལྗོན་པ་གཉིས། ། མི་ཤེས་ཚ་གདུང་འཇོམས་ལ་མཚུངས་ན་ཡང་། ། མགོན་ཁྱེད་ཉེས་པའི་སྐྱོན་བྲལ་ངག་གི་ལྷ། ། ཙནྡན་ཤིང་དེ་གདུག་པའི་སྦྲུལ་གྱིས་འཁྲིལ། ། ཨེ་མ་ངོ་མཚར་མཁའ་ལ་ཉི་ཟླ་ཟུང་། ། ཆོས་བཟང་ལྷ་ཡི་མདུན་སར11མིག་སྟོང་ཅན། ། གྲངས་མེད་རྐང་འཐུང་ཁྲོད་ན་ཡོངས་འདུའི་ལྗོན། ། རྒྱལ་སྲས་འཕགས་ཚོགས་དབུས་ན་འཇམ་དབྱངས་ཁྱོད། ། མཆོག་དམན་ཀུན་ལ་ཉེ་དང་རིང་མེད་པར། ། གསོལ་བ་བཏབ་པ་ཙམ་གྱིས་འབོད་པའི་དོན། ། ལྷུན་གྲུབ་རེ་བ་མ་ལུས་སྐོང་བྱེད་པའི། ། ཡིད་བཞིན་ནོར་བུ་ཀླུ་དབང་གཙུག་ན་མཛེས། ། རྣམ་པར་འབྱེད་པའི་ཤེས་རབ་རལ་གྲི་ཡིས། ། མི་ཤེས་རྨོངས་པའི་དྲ་བ་བཅད་པ་དང་། ། ལྷན་ཅིག་འཁོར་བ་སྡུག་བསྔལ་ཀུན་གྱི་རྒྱ། ། དྲལ་ཏེ་འགྲོ་རྣམས་བདེ་བ་ཆེན་པོར་འཁྲིད། ། གང་གི་གསང་གསུམ12བྱིན་རླབས་བདུད་རྩིའི་རྒྱུན། ། སྐྱེ་དགུའི་ཡིད་ཀྱི་ཡོལ་གོར་འཁྱིལ་བ་ན། ། ཤེས་ལྡན་དད་པའི་བསྟོད་བསྔགས་ཟིལ་མངར་ཆུ། ། མགོན་ཁྱོད་ཐུགས་ཀྱི་པདྨའི་ཟེའུ་འབྲུར་འབབ། ། མཐའ་བྲལ་རླབས་ཆེན་མཛད་པ་མཆོག་གི་ནོར། ། ཕྱུར་བུར་སྤུངས་པ་གཅིག་ཏུ་ཤོང་བའི་སྣོད། ། སྤྲུལ་ལ་འཇིག་རྟེན་མེས་པོ་ངལ་གྱུར་ན། ། སྲིད་གསུམ་འདི་ཡང་ད་དུང་ཆུང་ངུར་ཁུམས། ། ཆོས་ཕུང་རྒྱ་མཚོར་ཤར་བའི་པུསྟི་ཀ13། ། ཕྲག་གོང་ཨུཏྤལ་འདབ་སྟེང་མངོན་ཆགས་པ། ། བལྟ་ཕྱིར་ལྷུན་པོས་ཉི་ཟླའི་སྒྲོན་མེ་ཟུང་། ། བཏེག་ནས་ངལ་མེད་ལྟ་བར་ཆས་པ་བཞིན། ། ཐབས་ཤེས་ཟུང་འཇུག14རྒྱུད་ལས་དྲངས་པའི་མདས། ། གཏི་མུག་སྙིང་ག་ཕུག་པའི་ཁྲག་གི་རྒྱུན། ། འགྲོ་ལ་རྗེས་ཆགས་དམར་བའི་འོད་གཟི་ལ། ། ཐུན་མཚམས་མདངས་སུ་བྱེད་པོས་བཏེགས་སམ་སྙམ། ། རྒོད་མ་ཁ་ལ་འགྲན་བཟོད་ཞབས་སེན་གྱིས། ། འཇམ་མཉེན་ཆུ་སྐྱེས་འདབ་མ་སྲེག་གོ་ཞེས། ། རི་བོང་འཛིན་དེ་ཚ་བའི་གདུང་སེལ་སླད། ། མཁའ་ལས་བབས་ནས་སྟན་དུ་འོང་བ་བཞིན། ། ཆོས་ཀུན་མཁྱེན་ཡང་སློབ་པ་འཕགས་པའི་ཚུལ། ། དྲང་པོའི་སྐུ་ཡང་འཁྱོག་པོའི་འགྱིང་བག་ཅན། ། ཞི་ཞིང་དུལ་ཡང་བདུད་སྡེའི་ཚོགས་ལ་ཁྲོ། ། ཀུན་ལ་བརྩེ་ཡང་སྐལ་ལྡན་རྗེས་སུ་འཛིན། ། མགོན་ཁྱོད་ཐུགས་རྗེའི་ཟེགས་མ་མ་འདྲིས་པའི། ། ལུས་ཅན་རྣམས་ལ་འཇུག་ས་རྫུན་གཏམ་སྟེ། ། ཙནྡྲ་གོོ་མི15མཁས་པའི་མཐར་སོན་ཡང་། ། ད་དུང་སྐྱེ་དགུ་ཕལ་ཆེར་རྣམ་པར་རྨོངས། ། འགྲོ་ཀུན་འཛུམ་གྱིས་བསུ་བའི་ཞལ་ཁྱིམ་ལ། ། གུར་ཀུམ་གསར་བའི་མདངས་ལ་དམར་འོད་ཅན། ། འཁོར་བའི་རོ་ལ་འཚོལ་བའི་སྤྱན་གྱི་དཀྱུས། ། སྲིད་དང་ཞི་བའི་མཐའ་ལས་རྣམ་པར་བརྒལ། ། ཡིད་འོང་གདུབ་སིལ་འཁྲོལ་བའི་སྙན་པོའི་སྒྲ། ། རྣ་བའི་བདུད་རྩིར་བྱེད་པའི་འོད་དཀར་ཅན། ། ཡིད་བཞིན་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས། ། རྩེད་འཇོར་རོལ་བའི་འདབ་ཆགས་ངང་བ་སུ། ། རྒྱལ་བ་རྣམས་ཀྱི་མཁྱེན་པའི་ཕུང་བོ་དང་། ། ཁྱོད་ཀྱི་རྣམ་པར་ཡངས་པའི་བློ་གྲོས་གཉིས། ། འཇིག་རྟེན་མེས་པོས་སྲང་ལ་བཏེག་པ་ན། ། ལྕི་དང་ཡང་བའི་གོ་སྐབས་མེད་འདི་མཚར། ། དཔལ་ལྡན་སྟོབས་བཅུའི་རྩལ་འཆང་འདྲེན་པ་ཀུན། ། ཀུན་དགའི་ལེགས་བཤད་སྤེལ་ཕྱིར་རྒྱལ་བའི་སྲས། ། སྲས་བཅས་རྣམས་ཀྱི་གཙུག་ན་མཐོ་བའི་ལྷ། ། ལྷ་མཆོག་འཇམ་དཔལ་དབྱངས་ཞེས་གྲགས་པ་འབར། །  ངག་གི་དབང་པོ་དབང་ཕྱུག་བརྒྱད་ལྡན16པ། །  ཐམས་ཅད་མཁྱེན་དེ་མཁྱེན་བརྩེ་ནུས་པའི་དཔྱིད། །  སྒྲིབ་གཉིས་ལས་བྲལ་ལས་ཅན་འགྲོ་བའི་མགོན། ། མཆོག་གི་དངོས་གྲུབ་དངོས་སུ་སྩོལ་ལ་མཁས། ། མཚམས་སྤྲིན་མདངས་འཛིན་འཛིན་མ་ཡོངས་ཀྱི་རྒྱན། ། རྒྱན་ཕྲེང་གིས་མཛེས་མཛེས་སྡུག་གཞོན་ནུའི་གཟུགས། ། གཟུགས་སྐུ་ངོ་མཚར་མཚར་སྡུག་འཛིན་པའི་མགོན། ། མགོན་པོ་འཇམ་དབྱངས་དབྱངས་བདུན་ལེགས་བཤད་འཁྲོལ། ། དུང་དུང་ཡིད་ཀྱིས་རྟག་ཏུ་ལྷར་བསྟེན་ན། ། བརྟན་བརྟན་སྙིང་གི་པད་མཚོར་ལེགས་ཞུགས་ནས། ། འགྲིག་འགྲིག་གསུང་གི་སྣང་བ་ལེགས་སྩོལ་ཞིང་། ། ཡང་ཡང་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་མཛད། ། ལྡེམ་ལྡེམ་པདྨའི་འདབ་མ་རྒྱས་པའི་དབུས། ། དཀར་དཀར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། ། མཛེས་མཛེས་གཅིག་ཏུ་བསྡུས་པའི་མཚན་དཔེའི་སྐུ། ། གསལ་གསལ་ཀུན་རྟོག་པིར་གྱིས་ཅི་ཡང་འབྲི། ། ཕ་མཐའ་མི་མངོན་ཚང་ཚིང་རྣམ་པར་འཁྲིགས། ། ཁ་དོག་རབ་དཀར་ཁ་བའི་རེག་བྱས་གདུངས། ། ཚ་གྲང་མི་སྙོམས་ཐ་པ་ག་ཡི་ཡུལ། ། ཋ་ཀ་ར་ལ་འཐོབ་བྱར་འཛིན་པ་རྣམས། ། མི་ཤེས་རྨོངས་པའི་མུན་པས་ཉེར་བསྒྲིབས་པས། ། མུ་མེད་སྡུག་བསྔལ་རྒྱ་མཚོའི་རྒྱུ་སྒྲུབ་པར། ། མེ་ཏོག་བཅུད་ལ་བུང་བ་ལྟར་འཁོར་བའི། ། མ་ལུས་འགྲོ་བ་དྲོངས་ཤིག་འཇམ་དཔལ་དབྱངས། ། ཀ་མ་ལ་ལྟར་འཇམ་མཉེན་གཟུགས་ཀྱི་སྐུའི། ། ཁ་དོག་རྣམ་པར་བཀྲ་བའི་བཀོད་པ་དང་། ། ག་བུར་ངད་ལྟར་གདུང་སེལ་ཐུགས་རྗེའི་ཕྱག ། ང་རྒྱལ་ཅན་གྱི་འགྲོ་བའི་གཙུག་ན་ཁྱོངས། ། ཅ་ཅོ་ལེགས་པར་བཤད་པའི་དབྱངས་སྙན་པོ། ། ཆ་ཤས་རེས་ཀྱང་ཡིད་དང་རྣ་བ་ལ། ། ཇ་དཀར་བཏུང་བས་རིག་པའི་མདངས་གསལ་ལྟར། ། ཉ་རྒྱས་ཟླ་ལྟར་བློ་གྲོས་འཕེལ་བར་མཛོད། ། ཏ་ལའི་གླེགས་བམ་རྒྱ་གར་མཁས་པའི་གཞུང་། ། ཐ་ན་ཆུང་ངུའི་དཀའ་གནད་ཙམ་ལ་ཡང་། ། ད་ལྟ་ཐོགས་མེད་སྨྲ་བའི་སྤོབས་པ་མཆོག ། ནཱ་གཱ་རྫུ་ནའི17རྣམ་དཔྱོད་ལྟར་མཚུངས་མཛོད། ། པ་སངས་ལྟར་དཀར་མཁས་པའི་བྱ་བ་ཀུན། ། ཕ་རོལ་རྒོལ་བ་ཟིལ་གྱིས་གནོན་ནུས་པ། ། བ་གླང་དབུས་ན་ཁྱུ་མཆོག་ཇི་བཞིན་དུ། ། མ་ལུས་ཤེས་ལྡན་རྣམས་ཀྱི་མགོན་དུ་མཛོད། ། ཙ་ན་ཡིན་ཀྱང་དངོས་སུ་ཞལ་བསྟན་ནས། ། ཚ་ཟེར་སྤྱན་ངང་པདྨ་ཇི་བཞིན་དུ། ། ཛ་ཡའི18གསུང་རབ་ཀུན་ལ་ལྟ་བའི་མིག ། ཝ་ལེར་གསལ་བའི་ཤེས་རབ་གསལ་བར་མཛོད། ། ཞ་ཡིག་ལྟར་འཁྱིལ་འཁོར་བའི་རྒྱ་མཚོའི་ནང་། ། ཟ་བྱེད་ཉོན་མོངས་ཆུ་སྲིན་གདུག་པས་གཙེས། ། འ་འུར་མི་བཟད་སྡུག་བསྔལ་ལྡན་པ་རྣམས། ། ཡ་མཚན་དག་པའི་ཞིང་དུ་ཁྱོད་ཀྱིས་དྲོངས། ། ར་བ་མེད་པའི་ཕུག་པའི་བླུན་སྒོམ་དང་། ། ལ་ལུང་འཁྱམ་པའི་རྟོག་གེ19ཁ་བཤད་མཁན། ། ཤ་ཕྲག་སྡུག་ལ་རོལ་བའི་ཀླ་ཀློའི་སྡེ། ། ས་ཡི་རྡུལ་ལྟར་ཁྱབ་རྣམས་རྗེས་སུ་ཟུངས། ། ཧ་ཅང་དུས་ངན་སྙིགས་མའི་མཐར་ཐུག་འདིར། ། ཨ་དོན20སྐྱེ་མེད་རྟོགས་པ་ཉིན་དཀར་ཙམ། ། ཧ་ལའི་དུག་འདྲའི་གནས་ངན་ལེན21གྱི་རྒྱུ། ། ཨ་མྲའི་འབྲས་ལྟར་མྱོང་རྣམས་རྗེས་བརྩེར་མཛོད། ། དེ་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། ། རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ངག་གི་ལྷ། ། དྲན་པས་རྣམ་འདྲེན་རིན་ཆེན་གླིང་མཆོག་ཏུ། ། འཁྲིད་པའི་དེད་དཔོན་བརྟན་པའི་འཁོར་ལོ་དགོངས། ། མི་འཕྲོག་དད་པའི་ཤིང་རྟས་རབ་དྲངས་པའི། ། ཤུགས་དྲག་སྨོན་ལམ་དཀྱིལ་འཁོར་རྟ་ལྗང་ཅན། ། སྙན་འགྱུར་ཚིག་གི་མཁའ་ལ་ཉེར་འཕགས་ན། ། ཐུགས་རྗེའི་པད་དཀར་འདབ་མ་འཛུམ་ལས་ཅི། ། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། ། ཉོན་མོངས་དུག་གསུམ་དྲག་པོའི་ནད་ཀྱིས་གཙེས། ། གནས་ངན་ལེན་པའི་རྒྱུ་ཡི་ཁུར་ཆེན་བླངས། ། བླང་དང་དོར་བྱར་ལྟ་བའི་བློ་མིག་ལྡོངས། ། མངོན་མཐོ་ངེས་ལེགས་ལམ22ལས་རྒྱབ་ཀྱིས་ཕྱོགས། ། མི་བཟད་ངན་སོང་གཡང་སར་གོམ་པ་འཕྱན། ། དགེ་བའི་ལས་ཀྱི་འཁར་བའི་རྟེན་དང་བྲལ། ། ཉམ་ཐག་སྙིང་རྗེའི་གནས་སུ་གྱུར་རྣམས་ལ། ། མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། ། གཏན་གྱི་སྐྱབས་གནས་དམ་པ་སུ་ལ་རེ། ། བདག་གཞན་བརྗེ་བའི་བྱང་ཆུབ་སེམས23ལྡན་པའི། ། སྙན་པའི་གཏམ་ཡང་མིང་གི་ལྷག་མར་ཟད། ། ཆེས་ཆེར་སྙིགས་མ་ལྔ24ཡིས་ཉེར་སྦགས་པས། ། ཧ་ཅང་གདུལ་བར་དཀའ་ཞེས་བཏང་སྙོམས་སུ། ། འཇོག་ན་བགྲོད་པར་དཀའ་བའི་ཆུ་བོ་ལ། ། མི་ཕན་གྲུ་དང་ཟ་བས་ཅི་ཞིག་བྱེད། །  འགྲོ་བའི་ཁམས་དང་བསམ་པ་བག་ལ་ཉལ25། ། ཇི་བཞིན་རྟོགས་ནས་རྗེས་སུ་འཛིན་པ་ལ། ། རྨད་བྱུང་ཆེན་པོའི་ཡོན་ཏན་མཐའ་ཡས་པ། ། རྒྱལ་སྲས་དམ་པ་ཁྱོད་ལ་ལྷག་པར་མངའ། ། འགྲོ་བ་ཀུན་ལ་རང་གི་བུ་གཅིག་ལྟར། ། རྣམ་པར་བརྩེ་བས་ཅུང་ཟད་ཙམ་དུ་ཡང་། ། ཡལ་བར་མི་འདོར་སྙིང་རྗེ་ཆེན་པོ་ནི། ། རྗེ་བཙུན་ཁྱོད་ཀྱི་རྒྱུད་ལ་རྟག་ཏུ་ལྡན། ། གཞན་ལ་ཕན་ན་དམྱལ་བའི་མེ་དོང་དུ། ། འཇུག་པ་མཚོ་དང་རྫིང་བུར་ངང་བ་ལྟར། ། དགའ་ཞིང་སྤྲོ་བའི་ནུས་ལྡན་ལྷག་པའི་སེམས། ། འཕགས་ཆེན་དམ་པའི་ཡུལ་ལས་གཞན་དུ་ཅི། ། སྐྱེ་དགུའི་མགོན་སྐྱབས་དཔུང་དང་གཉེན་གྱུར་པའི། ། ཡོན་ཏན་ཀུན་ཚང་དམ་པ་ཁྱེད་རྣམས་ཀྱིས། ། འགྲོ་རྣམས་ཡལ་བར་འདོར་ན་སྐྱབས་གནས་མཆོག །གསུང་རབ་མང་པར་བཤད་པ་རྫུན་དུ་བས། ། དེ་ཕྱིར་ཐུགས་རྗེ་ཆེན་པོའི་ཞགས་པ་ཡིས། ། ལུས་ཅན་མཐའ་དག་མི་གནས་མྱང་འདས26མཆོག ། རང་གཞན་དོན་གཉིས་གྲུབ་པའི་གཏན་བདེའི་གཞིར། ། ཁྲིད་ཅིག་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས། ། ལུགས་གཉིས་ཨུཏྤལ་འཁྲིགས་པ་རྫིང་བུ་ལ། ། རྨོངས་པའི་གླང་ཆེན་རྒྱུ་བའི་གོམ་སྟབས་ཀྱིས། ། ཕན་བདེའི་ཡབ་འདབ་འདམ་ལྟར་རྫི་བ་ལ། ། དྲན་འཛིན་ལྕགས་ཀྱུས་ཐུལ་ཞིག་འཇམ་དཔལ་དབྱངས། ། མེ་ཏོག་མདའ་ཡིས་དགེ་བའི་སེམས་ཀྱི་སྙིང་། ། མངོན་པར་ཕུག་པའི་རི་དྭགས་ཤ་ར་ཁྱུ། ། ཕུལ་བྱུང་བྱིན་རླབས་དཔྱད་ཀྱིས་རབ་ཕྲལ་ནས། ། ལོག་སྤྱོད་ཟུག་རྔུ་ཆོམས་ཤིག་འཇམ་དཔལ་དབྱངས། ། སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་། ། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གཞུང་། ། སྐར་རྩིས་བཅུ་ཕྲག་རིག་པའི་གནས་རྣམས་ཀུན། ། འཆད་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། ། མཐའ་ཀླས་གཙུག་ལག་མངོན་པར་འཁྱིལ་བའི་ཆུ། ། ལོག་རྟོག་ཉེས་བཤད་རྙོག་མའི་ལང་ལོང་ཅན། ། རིགས་ལམ་ནོར་བུ་ཀེ་ཏ་ཀས་བགྲུངས་པའི། །  རྩོད་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། །  ཕྱི་ནང་གསང་བའི་གཞུང་ལུགས་མ་ལུས་པ། ། ཉུང་ངུ་སྤེལ་དང་རྒྱ་ཆེན་སྙིང་པོར་བསྡུ། །  མ་ཚང་ཁ་འགེངས་ཤབ་དཀྲུགས་སྡེབ་པ་སོགས། །  རྩོམ་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། ། བློ་གྲོས་དྲི་མ་མེད་པའི་ཨཱ་དརྴར27། ། ཅུང་ཟད་ཙམ་ལ་གསུང་རབ་བྱེ་བའི་གཟུགས། ། ཐོགས་མེད་འཆད་པའི་འཛིན་དང་མི་བརྗེད་པའི། ། གཟུགས་ཀྱི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། ། ཕྱོགས་རེས་མི་མངོན་ལེགས་པར་བཤད་པའི་ཚིག ། ལུས་ཕྲའི་འགྲམ་པའི་ཆང་གི་ཐིགས་པས་ཀྱང་། ། ཡོན་ཏན་བ་ཀུ་ལ་ཡི་ཁ་འབྱེད་པའི། ། ཐོས་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། ། སྡེ་སྣོད་གསུམ་དང་རྡོ་རྗེའི་རྣལ་འབྱོར28སོགས། ། ཟབ་མོའི་ལམ་རྣམས་རྒྱུད་ལྡན་བླ་མ་ཡི། ། མན་ངག་ཇི་བཞིན་ཉམས་སུ་རབ་ལེན་པའི། ། སྒོམ་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། ། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག ། དབྱར་གྱི་ལྗོན་པའི་ལོ་འདབ་ལྟར་རྒྱས་ཤིང་། ། སེམས་ཅན་ཐ་དག་སྐྱིད་པའི་གྲིབ་བསིལ་ལ། ། ཡུན་རིང་འཚོ་ཞིང་སྤྱོད་ཅིག་འཇམ་དཔལ་དབྱངས། ། གསོལ་འདེབས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། ། དུས་གསུམ་དགེ་བའི་སྒྲ་དབྱངས་སྙན་པོ་ཅན། ། འགྲོ་རྣམས་ཡིད་ཀྱི་གདུང་སེལ་བདུད་རྩིའི་བཅུད། ། རྒྱལ་ཀུན་མཆོད་པའི་རོལ་མོས་མཉེས་གྱུར་ཅིག །

2 མཆན་འགྲེལ།

1.མཁའ་ཁྱབ། ནམ་མཁའ་ཕྱོགས་ཀུན་ཁྱབ་པ་ཞེས་པ་སྟེ་རྒྱ་ཆེ་བའི་དོན།

2.དོན་དམ་ཆོས་སྐུ། སྟོང་བ་ཉིད་མངོན་སུམ་དུ་མཁྱེན་པའི་མཐར་ཐུག་པའི་ཟག་མེད་ཡེ་ཤེས།

3. འཇམ་དབྱངས་ཀྱི་མཚན་གྱི་རྣམ་གྲངས།

4.ཀུན་རྫོབ་འཕྲུལ་བའི་ཆོས། 《དབུ་མ་འཇུག་པ》ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ་ཞེས་གསུངས་པ་ལྟར་མ་རིག་པའི་དབང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའམ་དེ་ཁོ་ན་ཉིད་ཀྱི་དོན་སྒྲིབ་པར་བྱས་ནས་སྒྲོ་བཏགས་པའམ་བཅོས་པའི་ངོ་བོ་མཐོང་བ་རྫུན་པ་མ་དཔྱད་བྱིས་པའི་བློ་ངོར་རྙེད་པ་ནི་འཕྲུལ་པའི་ཆོས་ཡིན་ནོ། །

5.ལངྐའི་བདག་པོ། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ།

6.ཧ་ནུ་མནྠ། རིག་བྱེད་ཀྱི་གཏམ་རྒྱུད《རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད》ལས་རྒྱལ་བོ་རཱ་མ་ཎས་སྲིན་པོ་དང་འཐབ་སྐབས་ཀྱི་འཐབ་གྲོགས་ཁྱབ་འཇུག་གི་སྤྲུལ་བ་སྤྲེལ་རྒྱལ་རྫུ་འཕྲུལ་ཅན་ཞིག

7.ཆོས་བརྒྱད་འབོད་སྒྲོགས། འཇིག་རྟེན་ཆོས་བརྒྱད་སྲིན་པོ་རྒྱལ་པོ་འབོད་སྒྲོགས་ཀྱི་གཟུགས་སུ་བཀོད་པ།

8.གཏན་གྱི་སྐྱབས། མཐར་ཐུག་གི་མགོན་སྐྱབས།

9.རླབས་ཆེན་སྤྱོད་པ། བླ་ན་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ།

10. དབང་ཕྱུག་མིག་ལས་སྦར་བའི་མེ་དཔུང་གིས། དེ་ཡང་རིག་བྱེད་གཏམ་རྒྱུད་ལས། ལྷ་དབང་ཕྱུག་རི་བོ་གངས་ཅན་ལྷ་མོ་གོོ་རི་མཆོད་ཅིང་དཀའ་ཐུབ་ལ་གནས་པ་ན། ལྷ་རྣམས་ཐེ་ཚོམ་དུ་གྱུར་ཏེ། གོོ་རི་དང་ལྷན་ཅིག་དཀའ་ཐུབ་སྤྱོད་པ་བདེན་ནམ་ཟེར། དེར་ཉག་ཕྲན་བདག་པོ་སྟེ་འདོད་ལྷ་ལྟ་བར་བཏང་དང་འདོད་ལྷས་མདའ་ལྔ་བ་རིམ་གྱིས་འཕངས་པས། དང་པོ་གཉིས་པ་ལ་རྟོག་པ་ཙམ་ཡང་མ་བྱུང་། གསུམ་པ་བཞི་བ་ལ་རྟོག་པ་ཙམ་དུ་གྱུར་ཏེ། ལྔ་བ་འཕོག་པ་དང་གོོ་རི་དང་ལྷན་ཅིག་གནས་པས་དཀའ་ཐུབ་ཞིག་གོ ། སྐད་ཅིག་ཕྱི་མ་ལ་འགྱོད་པ་སྐྱེས་ནས་ཅིས་ཉེས་སྙམ་དུ་བསམས་པས། ། འདོད་ལྷས་ཉེས་པར་ཤེས་ཏེ་མིག་གསུམ་པ་ནས་མེ་ཕྱུང་སྟེ་འདོད་པའི་ལྷ་བསྲེགས་སོ། ། ཞེས 《མཁས་པའི་རྣ་རྒྱན》ལས་གསུངས།

11.ཆོས་བཟང་ལྷ་ཡི་མདུན་ས། ལྷའི་དབང་པོ་བརྒྱ་བྱིན་གྱི་གནས།

12.གསང་གསུམ། སངས་རྒྱས་གསང་གསུམ་གྱི་ཡོན་ཏན་ཏེ་སྐུའི་གསང་བ་དང་། གསུང་གི་གསང་བ། ཐུགས་ཀྱི་གསང་བ་སྟེ་གསུམ།

13.པུསྟི་ཀ གླེགས་བམ།

14.ཐབས་ཤེས་ཟུང་འཇུག ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་པ་ཉིད་དབྱེར་མེད་པར་ཟུང་དུ་འཇུག་པ།

15.ཙནྡྲ་གོོ་མི། བོད་སྐད་དུ་བསྒྱུར་ན་དགེ་བསྙེན་ཟླ་བ་ཞེས་པ་སྟེ། སྤྱི་ལོ་དུས་རབས་བདུན་པའི་སྐབས་རྒྱ་གར་ཤར་ཕྱོགས་བྷང་ག་ལར་རྒྱལ་རིགས་ཀྱི་པཎྚི་ཏ་བི་ཤེས་ཀ་ཞེས་པའི་སྲས་སུ་འཁྲུངས། ལོ་བདུན་གྱི་སྟེང་མུ་སྟེགས་ཀྱི་པཎྚི་ཏ་མཆོག་ཏུ་གྱུར་པ་ཞིག་བཏུལ་ནས་ནང་པར་བཅུག་ཅེས་གྲགས། སྒྲ་མདོ《ཙནྡྲ་བྱཱ་ཀ་ར་ཎ་ཡན་ལག་དང་བཅས་པ》དང་། ཟློས་གར་གྱི་བསྟན་བཅོས《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར》། རང་གི་སློབ་མ་རྒྱལ་བུ་རིན་ཆེན་གྲགས་ལ་གདམས་པ《སློབ་སྤྲིངས》ཞེས་སོགས་མདོ་སྔགས་ཀྱི་ཕྱོགས་དང་རིག་གནས་ཀྱི་བསྟན་བཅོས་མང་པོ་བརྩམས། འཕགས་ཡུལ་དུ་འགྲོ་དོན་རྒྱ་ཆེར་མཛད་ནས་མཐར་པོ་ཏ་ལར་གཤེགས་ཞེས་གྲགས།

16.དབང་ཕྱུག་བརྒྱད་ལྡན། ཐུན་མོང་གི་ཡོན་ཏན་ནམ་ཐུན་མོང་གི་དངོས་གྲུབ་བརྒྱད་དེ། རིན་སྤུངས་པས་མཛད་པའི《ས་པཎ་རྟོགས་བརྗོད》ཀྱི་མཆན་རྟགས་ཨང10ལ་གཟིགས།

17.ནཱ་གཱ་རྫུ་ན། ཀླུ་སྒྲུབ། རྗེ་འདིའི་ལོ་རྒྱུས་བསྡུས་པ་རྗེ་དགེ་འདུན་རྒྱ་མཚོའི《ཀླུ་སྒྲུབ་ལ་བསྟོད་པ》ཞེས་པའི་མཆན་རྟགས་ཨང1ལ་གཟིགས།

18.ཛ་ཡ། རྒྱལ་བ།

19.རྟོག་གེ གཏན་ཚིགས་ལ་བརྟེན་ནས་ལྐོག་དོན་སྨྲ་བ་སྟེ་རྟོག་པས་བཏགས་པའི་རིག་པ།

20.ཨ་དོན། སྐྱེ་མེད་དམ་སྟོང་ཉིད།

21.གནས་ངན་ལེན། སྐྱེ་གནས་མི་ལེགས་པར་སྐྱེ་བ་སྟེ། ད་ལྟ་སྡུག་བསྔལ་བར་བྱེད་པའི་གནས་ཡིན་པས་ན་གནས་དང་། སླར་སྡུག་བསྔལ་ཕྱི་མ་འདྲེན་པས་ན་ལེན་ཞེས་བྱའོ། །

22.མངོན་མཐོ་ངེས་ལེགས་ལམ། གནས་སྐབས་ཀྱི་བདེ་བ་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་གི་བདེ་བ་ངེས་ལེགས་ཐར་པའམ་བྱང་ཆུབ་ཀྱི་གོ་འཕང་གཉིས།

23.བདག་གཞན་བརྗེ་བའི་བྱང་ཆུབ་སེམས། བདག་གི་བདེ་བ་གཞན་ལ་སྟེར། གཞན་གྱི་སྡུག་བསྔལ་རང་གིས་ལེན་པར་བསྒོམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ཞིག

24.སྙིགས་མ་ལྔ། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ། སེམས་ཅན་གྱི་སྙིགས་མ། དུས་གྱི་སྙིགས་མ། ལྟ་བའི་སྙིགས་མ་སྟེ་ལྔའོ། །

25.བག་ལ་ཉལ། མི་མངོན་པར་གནས་པའམ་ལྐོག་ཏུ་གྱུར་པ།

26.མི་གནས་མྱང་འདས། 《མངོན་རྟོགས་རྒྱན》ལས། ཤེས་པས་སྲིད་ལ་མི་གནས་ཤིང་། ། སྙིང་རྗེས་ཞི་ལ་མི་གནས་པས། ། ཞེས་པ་ལྟར་ཤེས་རབ་ཟབ་པས་སྲིད་པའི་མཐའ་ལ་མི་གནས་པ་དང་། ཐབས་རྒྱ་ཆེ་བས་ཞི་བའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་འདོད་པའམ་སྒྲུབ་པའི་ཐེག་པ་ཆེན་པོའོ།

27.ཨཱ་དརྴ། མེ་ལོང་།

28.རྡོ་རྗེའི་རྣལ་འབྱོར། འདིར་རིག་འཛིན་གྱི་སྡེ་སྣོད་ལ་བཤད་པ་སྟེ། 《དཔུང་བཟང་གི་ཞུས་པ》ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། ། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། ། ཞེས་དང་། སློབ་དཔོན་ཤྲི་ངྷཱ་ཀ་རས། དེ་ལ་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ནི་ཐེག་པ་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་གྲགས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ་ཞེས་གསུངས་པ་ལྟར་མདོ་སྡེ་འདུལ་བ་མངོན་པ་གསུམ་དང་རིག་འཛིན་གྱི་སྡེ་སྣོད་དེ་བཞི་ཡོད་པར་གསུངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-11

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།