ཏ་ལི་ཁྲི་ལོ་བཅུ་བཞི་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཏ་ལི་ཁྲི་ལོ་བཅུ་བཞི་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཏ་ལི་ཁྲི་ལོ་བཅུ་བཞི་པ།(སྤྱི་ལོ779པ)

(ཟླ་བརྒྱད་པ)གོང་མ་ཏའེ་ཙུང་གི་དུས་སུ་བོད་ཀྱིས་ཕོ་ཉ་ཐེངས་འགར་མངགས་ཏེ་འདུམ་པའི་རེ་བ་བཏོན་མོད་དམག་འདྲེན་མཚམས་བཞག་པས། གོང་མ་ཏའེ་ཙུང་གིས་ཕོ་ཉ་ཚང་མ་བཀག་ནས་ཕྱིར་མ་བཏང་། ཕོ་ཉ་སྔ་ཕྱི་ཁག་བརྒྱད་ཡོད་པ་དེའི་ནང་ན་སོ་རྒས་ནས་ཚེའི་འཕེན་པ་རྫོགས་ཏེ་ཕྱིར་ལོག་མ་ཐུབ་པའང་ཡོད། བཟུང་དམག་ཚང་མ་འབྲི་ཆུའི་ལྷོ་རྒྱུད་དང་ལིང་ནན1ས་ཆར་རྒྱང་འབུད་བཏང་ཡོད་པ་གོང་མ་འདི་བས་མཛད་པ་བཟང་པོས་བསྐྱང་བར་དགོངས་ནས་ཚེས་བརྒྱད་ཀྱི་ཉིན། སུའེ་ཀྲོའུ2ཡི་སི་མའི་གོ་ཐོབ་ཅན་ཝེ་ལུན་ཞེས་པ་ཐའེ་ཁྲང་ཧྲའོ་ཆིང(གུས་ལུགས་གསོལ་མཆོད་གཙོ་སྐྱོང་གཞོན་པ)དུ་བསྐོས་ནས་བོད་དུ་ཕོ་ཉར་མངགས། བོད་ཀྱི་བཟུང་དམག་ལྔ་བརྒྱ་ཡོད་པ་ཚང་མ་སྡུད་རུབ་ཀྱིས་གྱོན་གོས་ཆ་ཚང་བསྩལ་ནས་ཕྱིར་བསློགས།

(བམ་པོ226པའི་ཤོག་ངོས་དང་པོ། 7267-7268)

(ཟླ་དགུ་པ)ནན་ཀྲའོ་ཡི་རྒྱལ་པོ་ཀག་ལ་བོང་ཚེ་ལས་འདས། དེའི་བུ་བོང་ཅ་དབྱི་ཕའི་སྔོན་དུ་འདས་པས་ཚ་བོ་དབྱི་མུའུ་ཞུན་རྒྱལ་ཁྲིར་བཀོད། དགུན་ཟླ་བཅུ་པའི་ཚེས་གཅིག་གི་ཉིན། བོད་དང་ནན་ཀྲའོ་གཉིས་ཀྱིས་དམག་མི་ཆིག་འབུམ་མཉམ་སྡེབ་ཀྱིས་ལམ་ཁག་གསུམ་དུ་བགོས་ནས་དམག་དྲངས། དེ་ཡང་དམག་དཔུང་ཁག་གཅིག་མའོ་ཀྲོའུ་དང་། ཁག་གཅིག་ཧྥུ་ཀྲོའུ་དང་ཝུན་ཀྲོའུ། ཁག་གཅིག་ལིས་ཀྲོའུ་དང་ཡ་ཀྲོའུ་རུ་དྲངས། སྨྲས་དོན། “ཁོ་བོས་ཧྲུའུ3ས་ཆ་བླངས་ནས་དེ་གར་གཞུང་ཤར་མ་འཛུགས་པར་འདོད”ཟེར། སྐབས་དེར་ཚུའེ་ཉིང་རྒྱལ་སར་ཡོད་པས་ཤུལ་སྡོད་དམག་དཔོན་རྣམས་ཀྱིས་འགོག་མ་ཐུབ། དགྲ་ཟླས་ཀྲོའུ་དང་རྫོང་བསྟུད་མར་བླངས་ཤིང་ཚི་ཧྲི་དཔོན་རྣམས་ཀྱིས་མཁར་བསྐྱུར་ནས་བྲོས། འབངས་རྣམས་རི་གྲོག་ཏུ་བྲོས་ནས་གབ། གོང་མས་དེར་ཐུགས་ཁྲལ་གནང་ནས་ཚུའེ་ཉིང་མྱུར་དུ་ཕྱིར་ལོག་ནས་བསྲུང་བར་བསྐུལ། ཚུའེ་ཉིང་གིས་གྱེས་མཇལ་ཞུས་ཏེ་ལམ་ལ་ཆས་ཁར་དབྱང་ཡན་ཟེར་བ་དེས་གོང་མར“ཧྲུའུ་ཡི་ཡུལ་གྲུ་འབྱོར་ཕྱུག་ལྡན་པ་ཡོད། ཚུའེ་ཉིང་གིས་དེ་བཟུང་བ་ནས་གོང་མའི་སྲིད་གཞུང་གིས་བདག་དམ་མ་ཐུབ་པར་ལོ་ངོ་བཅུ་བཞི་ཕྱིན། ཚུའེ་ཉིང་ཁོ་རང་ཕོ་བྲང་དུ་ལོག་ཀྱང་ཁོའི་དམག་དཔུང་གི་གྲྭ་མ་ཉམས་པར་ད་དུང་ཤུལ་དུ་བསྲུངས་ཡོད། དེའི་ཁར་ཁྲལ་ཡང་མི་འཇལ་བས་ཧྲུའུ་ཡི་ས་ཆ་རང་རེར་མེད་པ་དང་མཚུངས། དེར་མ་ཟད་ཚུའེ་ཉིང་དང་ཁོའི་ལག་འོག་གི་དམག་དཔོན་དག་མ་གཞི་གོ་གནས་མཉམ་པ་ལ། འཁྲུག་ཟིང་བྱུང་བ་དང་བསྟུན་ནས་ཁོར་གོ་གནས་མཐོན་པོ་ཐོབ་པ་ཡིན་པས་དེ་དག་གིས་ཁོའི་བཀའ་དང་དུ་མི་ལེན་པ་རེད། ད་ལམ་ཁོ་རང་མངགས་ཀྱང་ལག་རྗེས་འཇོག་མི་ཐུབ་ངེས་སྙམ། གལ་ཏེ་ཁོས་བྱས་རྗེས་བཞག་ཚེ་ཁོའི་དབང་ཆ་བླངས་ཀྱང་ལུགས་དང་མི་མཐུན། དེའི་སྟབས་ཀྱིས་དམག་ཕམ་ཚེ་ཧྲུའུ་ས་ཆ་འཆོར་བ་སྨོས་མ་དགོས་ལ་དམག་རྒྱལ་ཡང་རང་རེར་དབང་མི་ཐུབ། དེས་ན་གོང་མ་མཆོག་གིས་ཐུགས་གཞིགས་ཞིབ་ཏུ་གནང་རྒྱུ་མཁྱེན”ཞེས་ཞུས། གོང་མས“འོ་ན་ག་རེ་བྱ་དགོས་སམ”ཞེས་དྲིས་པའི་ལན་དུ“ཚུའེ་ཉིང་རྒྱལ་སར་སྡོད་དུ་འཇུག་པ་དང་། ཀྲུའུ་ཚིས་ཁྲིད་པའི་ཧྥན་དབྱང་ས་ཆའི་དམག་སྟོང་ཕྲག་འགའི་ཐོག་སྐུ་སྲུང་དམག་དཔུང་བསྣན་ནས་འཐབ་ཏུ་བཏང་ཚེ་རྒྱལ་ཁ་མི་ལོན་པར་ཐུགས་ཁྲལ་གནང་ག་ལ་དགོས། དེའི་རྗེས་སུ་སྐུ་སྲུང་དམག་དཔུང་དེ་གའི་གལ་འགངས་ཆེ་བའི་ས་ཆར་བཞག་ཚེ། ཧྲུའུ་ཡི་དམག་དཔོན་རྣམས་འགུལ་མི་ཕོད་ངེས། དེའི་རྗེས་སུ་དམག་སྤྱི་གཞན་ཞིག་བསྐོས་ཏེ་ལེ་དབར་སྟོང་གི་ཡུལ་གྲུ་བཟང་པོ་ཡང་བསྐྱར་རྒྱལ་ཁབ་ལ་དབང་བར་གྱུར་ཚེ། དེ་ནི་གནོད་སྐྱོན་ཆུང་ཆུང་ལས་ཕན་ཁེ་ཆེན་པོ་རག་པ་མིན་ནམ”ཞེས་ཞུས། གོང་མས“དེ་ལེགས”གསུངས་ཤིང་ཚུའེ་ཉིང་རྒྱལ་སར་བཞག

སྔར་ཅིང་ཡོན་གྱི་དམག་རྟའི་འགོ་འདོམས་པ་ཆེན་མོ་ལི་ཁྲེང་གི་གོ་ཐོབ་དང་སྙན་གྲགས་ལ་མ་ལིན་མིག་སེར་སྐྱེས་ཏེ་ལི་ཁྲེང་རྒྱལ་སར་མངགས་ཏེ་གཡས་རུའི་ཧྲེན་ཚེ་ཅུན་གྱི་དམག་དཔོན་ལ་བསྐོས་ཡོད་པས། གོང་མས་སྐུ་སྲུང་དམག་མི་བཞི་སྟོང་ལི་ཁྲེང་ལ་འཁྲིད་དུ་བཅུག་པ་དང་། པིན་ཉིང་དང་ལུང་ཡིའུ། ཧྥན་དབྱང་བཅས་ཀྱི་དམག་ལྔ་སྟོང་ཅིན་ཝུའུ་དམག་དཔོན་ཆེན་མོ་ཨན་དབྱི་ཆུས་ཧོན་ལ་འཁྲིད་དུ་བཅུག་ནས་ཧྲུའུ་སྐྱོབ་ཏུ་བཏང་།

ཏུང་ཁྲོན་ནས་བཏང་བའི་དམག་དཔུང་ཅང་ཡིའུ་ནས་པའེ་པ4རུ་བསྐྱོད་ཅིང་། ཧྲན་ནན་གྱི་དམག་དཔུང་དང་མཉམ་སྡེབ་ཀྱིས་བོད་དང་ནན་ཀྲའོ་ཡི་དམག་དཔུང་དང་འཐབ་སྟེ་ཕམ་པར་བྱས། ཧྥན་དབྱང་གི་དམག་དཔུང་གིས་ཆི་ཕན5བར་བདས་ཏེ་དེར་ཡང་དགྲ་ཟླ་ཕམ། དེ་ནས་ཝི་ཀྲོའུ་དང་མའོ་ཀྲོའུ་གཉིས་ཕབ། ལི་ཁྲེང་གིས་ཆུ་བོ་ཏ་ཏུའུ་ཧོའི(རྒྱལ་རོང་རྒྱལ་མོ་རྔུལ་ཆུ)ཕ་རོལ་དུ་བདས་ནས་འཐབ་པར་དེར་ཡང་ཕས་རྒོལ་ཕམ། བོད་དང་ནན་ཀྲའོ་ཡི་དམག་རྣམས་བཀྲེས་ལྟོགས་དང་གྲང་ངར་མ་བཟོད་པར་མི་བདུན་ཁྲི་བརྒྱད་ཁྲི་ཙམ་གྲོག་རོང་དང་གཡང་ལ་ལྷུང་ནས་ཤི། བོད་དམག་བློ་འགྱོད་སྐྱེས་ནས་ཁོ་ཚོ་བྲིད་ནས་ཁྲིད་འོང་མཁན་ཁོང་ཁྲོས་བསད། དེར་དབྱི་མུའུ་ཞུན་སྐྲག་སྟེ་ཅུས་མིའེ་མཁར་ཞེས་པ་དཀྱུས་སུ་ལེ་དབར་བཅོ་ལྔ་ཡོད་པ་དེ་བརྩིགས་པ་དང་རྒྱལ་ས་དེར་སྤོས། བོད་ཀྱིས་ཁོར་ཉི་མ་ཤར་ཕྱོགས་ཀྱི་རྒྱལ་པོ་ཞེས་པའི་ཆོ་ལོ་བྱིན།

(བམ་པོ226པའི་ཤོག་ངོས4-5པ། 7270-7272)

2 མཆན་འགྲེལ།

1.ལིང་ནན་ཞེས་པ་ནི་རི་བོ་ལྔའི་ལྷོ་རྒྱུད་ཅེས་པ་སྟེ་ད་ལྟའི་ཀོང་ཏུང་དང་ཀོང་ཞི་ཞིང་ཆེན་གྱི་ས་ཕལ་ཆེ་བ་དང་། ཡུན་ནན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ས་ཆ་ཁག་ཅིག་བཅས་འདུས།

2.སུའེ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧུའུ་པེ་ཞིང་ཆེན་གྱི་སུའེ་ཀྲོའུ་གྲོང་ཁྱེར།(随州市)

3.ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་ལྟེ་བར་གྱུར་བའི་ཡུལ་གྲུ།

4.ཅང་ཡིའུ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་མེན་དབྱང་གྲོང་ཁྱེར(绵阳市)གྱི་བྱང་རྒྱུད་དང་ཧྥུ་ཅང(涪江)གཙང་པོའི་སྟོད་རྒྱུད། པའེ་པ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཝང་ཚང་རྫོང(广元市)གི་ཤར་ལྷོར་ཡོད།

5.ཆི་ཕན་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཝང་ཚང་རྫོང(旺苍县)གི་ཤར་ལྷོར་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།