ཁའེ་ཡོན་ཁྲི་ལོ་བཅུ་དགུ་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་བཅུ་དགུ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་བཅུ་དགུ་པ། (སྤྱི་ལོ731པ)

(ཟླ་དང་པོ)ཚེས་ཉེར་གཉིས་ཀྱི་ཉིན།  ཧུང་ལུའུ་ཆིང(མགྲོན་གཉེར་དཔོན་པོ)གི་གོ་ཐོབ་ཅན་ཚུའེ་ལིན་བོད་དུ་ཕོ་ཉར་མངགས། ཚུའེ་ལིན་ནི་ཚུའེ་ཧྲེན་ཆིང་གི་བུ་རེད། བོད་ཀྱི་ཕོ་ཉས་གྱིམ་ཤང་ཀོང་ཇོས《མའོ་ཧྲི》1 《ཁྲུན་ཆིའུ》2 《གུས་ལུགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས》3 ཀྲེང་ཙི4སོགས་ཀྱི་གླེགས་བམ་རྣམས་བསླངས་ཚུལ་ཞུས། དཔོན་རིགས་ཡུས་ཞིའུ་ལེའི་ཡིས་ཞུ་ཡིག་ཕུལ་ཏེ་བརྗོད་དོན། “ཏུང་ཕིང་ཝང5ནི་ཧན་གོང་མའི་གཉེན་ཉེ་ཡིན་ཡང་། ཁོས《ལོ་རྒྱུས་དེབ་ཐེར》དང་ཤིང་རྟ་སྲོལ་འབྱེད་པ་སོ་སོས་མཛད་པའི་བསྟན་བཅོས་རྣམས་ལ་བསླངས་ཀྱང་ཧན་གྱིས་མ་བྱིན། བོད་ནི་དེ་བས་ཀྱང་རྒྱལ་ཁབ་ཀྱི་དགྲ་བོ་ཡིན་གཤིས་ད་ཆ་གཞུང་དེ་རྣམས་བྱིན་ཚེ། དེ་ཚོས་དམག་འདྲེན་པའི་ཐབས་ཇུས་རྟོགས་རྗེས་སྔར་ལས་གཡོ་སྒྱུ་ཆེ་བར་གྱུར་ནས་ཀྲུང་གོར་གནོད་པར་འགྱུར་རོ”ཟེར། དེར་དོན་དེ་ཀྲུང་ཧྲུའུ་ལས་ཁུངས་དང་མོན་ཞ་ལས་ཁུངས་ལ་གྲོས་ཁ་བསྡུར་དུ་བཅུག་པར། ཕེ་ཀོང་ཐིང་སོགས་ཀྱིས་གསོལ་དོན། “བོད་རྣམས་གླེན་ཞིང་གཏུམ་ལ་དུས་ཡུན་རིང་པོར་ངོ་ལོག་ནས་ད་ལྟ་ངོར་བལྟས་མ་ཐག་ཡིན། དེ་ཚོས་བསླངས་པ་ལྟར《སྙན་ངག་གི་གཞུང》དང《ཧྲང་ཧྲུའུ》སོགས་གནང་ཚེ། དེ་དག་གི་སེམས་རྒྱུད་རིམ་བཞིན་འཁུལ་ཏེ་རང་རེ་དང་མཚུངས་པར་འགྱུར་ཐུབ། ཡུས་ཞིའུ་ལིའེ་ཡིས་གཞུང་དེ་དག་གི་ནང་དུ་དབང་ཆ་རྩོད་ཚུལ་དང་གཡོ་སྒྱུའི་སྦྱོར་བའི་སྐོར་ཡོད་ཚུལ་རྟོགས་པ་ཙམ་ལས། ད་དུང་བློ་དཀར། ཡིད་རྟོན། གུས་སྲོལ། ལ་རྒྱ་བཅས་ཚང་མའང་དེ་དག་གི་ནང་དུ་ཡོད་ཚུལ་རྟོགས་མེད་པ་རེད”ཅེས་ཞུས། གོང་མས་དེ་བདེན་པར་གསུངས་ནས་གཞུང་དེ་དག་བོད་ལ་གནང་། ཡུས་ཞིའུ་ལིའེ་ནི་ཡུས་ཀྲི་ཉིང་གི་ཡང་ཚ་ཡིན།

(བམ་པོ213པའི་ཤོག་ངོས23པ།6794)

སྟོན་ཟླ་དགུ་པའི་ཚེས་ཉེར་བཞིའི་ཉིན། བོད་ཀྱིས་བློན་ཆེན་ཞང་ཐོ་ལུའུ་གོང་མའི་ཕོ་བྲང་དུ་མངགས་ནས་རི་བོ་ཁྲི་ལིང་དུ་ཚོང་བྱ་རྒྱུའི་རེ་བ་ཞུས་པར་གོང་མས་དེ་བཞིན་ཞལ་གྱིས་བཞེས།

(བམ་པོ213པའི་ཤོག་ངོས25པ། 6796)

2 མཆན་འགྲེལ།

1. 《མའོ་ཧྲི》ཞེས་པ་ནི་རྒྱའི་ཧན་རྒྱལ་རབས་ནུབ་མའི་མའོ་ཀུང(毛公)ཞེས་པས་བརྩམས་པར་གྲགས་པའི་གནའི་རྩོམ་རིག་གི་གཞུང་ཞིག

2.《ཁྲུན་ཆིའུ》ནི་རྒྱའི་རུའུ་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཁུང་ཙིས་བསྒྲིགས་པའི་དེབ་ཐེར་ཞིག

3.《གུས་ལུགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས》ནི་རྒྱའི་ཀྲན་གོའི་དུས་སྐབས་ནས་ཧན་རྒྱལ་རབས་ནུབ་མའི་བར་གྱི་རུའུ་ལུགས་ཀྱི་མཁས་པས་བརྩམས་པའི་གུས་ལུགས་སྐོར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག

4.ཀྲེང་ཙི་ཞེས་པ་འདི་དག་ཡིག་གི་གཞུང་ཞིག་ཡིན་ནམ་བརྟག

5.ཏུང་ཕིང་ཝང་ནི་ཧན་རྒྱལ་རབས་ནུབ་མའི་གོང་མ་ཧན་ཁྲེང་ཏིའི་ནུ་བོ་ལིའུ་ཡུས་ཞེས་པ་དེ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།