ཁའེ་ཡོན་ཁྲི་ལོ་བཅོ་བརྒྱད་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་བཅོ་བརྒྱད་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་བཅོ་བརྒྱད་པ།(སྤྱི་ལོ730པ)

ཟླ་ལྔ་པར། བོད་ཀྱིས་འཕྲིན་ཡིག་སྐྱེལ་མཁན་ཕོ་ཉ་ས་མཚམས་སུ་མངགས་ཏེ་ཞི་འདུམ་གྱི་རེ་བ་བཏོན།

(བམ་པོ213པའི་ཤོག་ངོས18པ། 6789)

བོད་དམག་ཐེངས་འགར་ཕམ་གཤིས་སྐྲག་ནས་ཞི་བས་འདུམ་རྒྱུའི་རེ་བ་ཞུས། ཀྲུང་ཝང་ཡིའུ(ཀྲུང་ཝང་བློ་འདོན་དཔོན་པོ)ཧོང་ཧྥུ་ཝེ་མིང་གིས་གོང་མར་སྙན་སེང་ཞུ་སྐབས་ལྷོད་བག་དང་ལྡན་པའི་སྒོ་ནས་ཞུ་འདུམ་གྱི་དགེ་མཚན་སྐོར་ཞུས། གོང་མས“བཙན་པོས་ཁོ་བོར་སྤྲིངས་པའི་འཕྲིན་ཡིག་ནང་ཁེངས་ཉམས་ཆེན་པོས་མ་གུས་པར་འདུག་པས། དེར་ཀུ་ཡངས་གཏོང་ག་ལ་རུང”གསུངས། ལན་དུ་ཡང“ཁའེ་ཡོན་ཁྲི་ལོའི་ཐོག་མའི་དུས་སུ་བཙན་པོ་ད་དུང་ལོ་ན་ཕྲ་བས་འཕྲིན་ཡིག་དེ་འདྲ་འབྲི་ག་ལ་ཐུབ། དེ་ནི་མཐའ་མཚམས་ཀྱི་དམག་དཔོན་ཀྱིས་གོང་མ་ཁྱེད་རང་ཐུགས་ཁྲོ་བར་བྱེད་ཆེད་བཙན་པོས་བྲིས་པ་ཡིན་ཁུལ་གྱིས་སྤྲིངས་པ་རེད། ལར་མཐའ་མཚམས་སུ་དམག་འཁྲུག་བྱུང་ཚེ།  དེ་གའི་དམག་དཔོན་དང་དཔོན་རིགས་དག་གིས་གླགས་དེར་བསྟུན་ནས་གཞུང་རྒྱུ་ཧམ་བཟའ་དང་། བྱས་རྗེས་རྫུན་བཟོ་བྱས་ཏེ་དཔོན་ཐོབ་རག་ཐབས་བྱེད་ཀྱི་ཡོད། དེ་དག་གང་ཡང་བློན་ངན་རྣམས་ལ་ཕན་པ་ལས་རྒྱལ་ཁབ་ཀྱི་བསོད་ནམས་ག་ལ་ཡིན། ལོ་ལྟར་དམག་འཐབ་མཚམས་མ་བཞག་ཚེ་ཉིན་རེར་ཡང་གསེར་སྲང་སྟོང་རེ་གྲོན་གྱི་ཡོད། ཧོ་ཞི་དང་ལུང་ཡིའུ་ས་ཆ་གཉིས་དེར་བརྟེན་ནས་དབུལ་པོར་གྱུར། དེ་ན་གོང་མས་ཕོ་ཉ་ཞིག་གྱིམ་ཤིང་ཀོང་ཇོར་འཚམ་འདྲིར་མངགས་པ་དང་།  དེ་དང་བསྟུན་ནས་བཙན་པོ་དང་ཕྲད་དེ་བཙན་པོ་རང་མགོ་བསྒུར་ཏེ་བློན་པོ་བྱེད་རྒྱུ་དང་། མཐའ་མཚམས་སུ་དམག་ནམ་ཡང་མི་འདྲེན་རྒྱུ་བཅས་གྲོས་གླེང་བགྱིས་ཚེ། དེ་མཐའ་འཁོབ་མི་རིགས་འགོག་པའི་ཐབས་ཇུས་ལེགས་པོ་ཞིག་མ་ཡིན་ནམ”ཟེར།གོང་མ་དགྱེས་ཏེ་ཧོང་ཧྥུ་ཝེ་མིང་དང་ནེ་ཧྲི(ཕོ་བྲང་ཞབས་ཞུའི་དཔོན)ཡི་གོ་ཐོབ་ཅན་ཀྲང་ཡོན་ཧྥང་གཉིས་བོད་དུ་ཕོ་ཉར་མངགས།1

བཙན་པོས་དགའ་སྣང་ཆེན་པོས་ཀྲེན་ཀོན་ཁྲི་ལོའི་ཚུན་ལ་གོང་མས་སྤྲིངས་པའི་ཕྱག་ཡིག་རྣམས་ཧོང་ཧྥུ་ཝེ་མིང་ལ་བསྟན། དགུན་ཟླ་བཅུ་པར་བོད་ཀྱི་བློན་ཆེན་མིང་ཞི་ལེ2ཧོང་ཧྥུ་ཝེ་མིང་དང་ལྷན་དུ་སྐྱེས་འབུལ་དུ་མངགས། གསོལ་ཡིག་ཏུ་ཞུས་དོན།“དབོན་ངེད་ཀྱི་རྒྱལ་ཁབ་ལ་ཀོང་ཇོ་ཡང་ཡང་གནང་བས་དོན་དུ་རང་ཅག་ཁྱིམ་གཅིག་ལྲ་བུར་གྱུར་ཡོད། བར་སྐབས་སུ་ཀྲང་ཞོན་པེའོ་སོགས་ཀྱིས་དམག་དྲངས་ནས་འཕྲོག་བཅོམ་བྱས་རྐྱེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པ་རེད། དབོན་ངེད་ཀྱིས་མཆོག་དམན་གྱི་ཚུལ་ལུགས་གསལ་པོར་རྟོགས་པས་གུས་ལུགས་མེད་པའི་ལས་བྱེད་ག་ལ་སྤོབས། མཐའ་མཚམས་ཀྱི་དམག་དཔོན་བར་འཁྲུག་ཟིང་བྱུང་གཤིས་ཞང་པོའི་ཐུགས་དཀྲུགས་པར་སྣང་། ཁོ་བོས་ཐེངས་དུ་མར་གོང་མའི་ཕོ་བྲང་དུ་ཕོ་ཉ་མངགས་མོད། ཚང་མ་མཐའ་མཚམས་སྲུང་མཁན་དམག་དཔོན་གྱིས་བཀག་ནས་མདུན་དུ་མ་བཏང་། ད་ལམ་གོང་མས་ཕོ་ཉ་རིང་དུ་མངགས་ཏེ་ཀོང་ཇོར་བལྟ་རུ་སླེབས་པས་དབོན་ངེད་སྤྲོ་དགའ་ཟད་མི་ཤེས་པ་བྱུང་། གལ་སྲིད་སྔར་གྱི་མཛའ་བཤེས་བཟང་པོ་ཡང་བསྐྱར་སོར་ཆུད་ཐུབ་པ་བྱུང་ཚེ་བདག་ནི་ཤི་ཡང་འགྱོད་པ་མེད”ཅེས་ཞུས།  དེ་ནས་བཟུང་བོད་ཡང་བསྐྱར་མངའ་འོག་ཏུ་ཞུགས་པ་རེད།

(བམ་པོ213པའི་ཤོག་ངོས20པ། 6790-6791)

2 མཆན་འགྲེལ།

1.ཏུན་ཧོང་ཡིག་རྙིང་དུ“ལུགྀ་ལོ་ལ: བཙན་པོ:དབྱརད་མཚར་བུ་སྣ་ན་བཞུགསྟེ། རྒྱའྀ: ཕོ་ཉ:ཅང་འདོ་ཤི་ལས། སྩོགས། ཕ་ཕྱག་བཙལད.......”ཅེས་པས་དོན་འདི་བསྟན་པར་སྙམ་སྟེ། ཅང་འདོ་ཤི་ཞེས་པ་ཀྲང་ནེ་ཧྲི་སྟེ། ནེ་ཧྲི(内侍)འམ་ཕོ་བྲང་ཞབས་ཞུའི་དཔོན་ཀྲང་ཡོན་ཧྥང་ལ་གོ་དགོས་པར་སེམས།

2.བློན་པོ་འདིའི་མིང་རྒྱ་ཡིག་མ་ཕྱིར(名悉猎)ཞེས་བྲིས་ཡོད། ཏུན་ཧོང་ཡིག་རྙིང་ལྟར་ན་སྐབས་འདིའི་བློན་ཆེན་པོ་ནི་འབྲོ་ཅུང་བཟང་འོར་མང་ཡིན་པ་དང་། མདོ་སྨད་དུ་བློན་སྐྱེས་བཟང་ལྡོང་ཙབ་ཡོད་པར་བརྗོད་མོད་འདིའི་མིང་ངོ་མ་གང་ཡིན་ཐག་མ་ཆོད་པར་འདིར་སྒྲ་སོར་བཞག་ནས་བསྒྱུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།