ཁའེ་ཡོན་ཁྲི་ལོ་བཅོ་ལྔ་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་བཅོ་ལྔ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་བཅོ་ལྔ་པ། (སྤྱི་ལོ727པ)

དཔྱིད་ཟླ་དང་པོའི་ཚེས་ཉེར་བརྒྱད་ཀྱི་ཉིན། ལེང་ཀྲོའུ་ཡི་ཏུའུ་ཏུའུ་དམག་དཔོན་ཝང་ཅུན་ཕྲོ་ཡིས་མཚོ་སྔོན་པོའི་ནུབ་ཕྱོགས་སུ་བོད་དམག་ཕམ་པར་བྱས།

སྔར་བོད་ཀྱིས་རང་ཉིད་དཔུང་སྟོབས་ཆེ་བའི་ང་རྒྱལ་གྱིས་ཐང་ལ་བསྐུར་བའི་འཕྲིན་ཡིག་ཏུ་ཐང་དང་གོ་གནས་མཉམ་པའི་རྒྱལ་ཁབ་ཀྱི་ངག་ཚིག་ལྟར་བརྗོད་ཅིང་། རང་རློམ་ཆེ་བའི་སྐད་ཆ་མང་བས་གོང་མ་རྟག་པར་ཐུགས་ཁྲོ་བཞིན་ཡོད། རི་བོ་ཐའེ་ཧྲན་མཆོད་ནས་ཕྱིར་ལོག་རྗེས། ཀྲང་ཡུའེ་ན་རེ། “བོད་ཀྱིས་གུས་མེད་ལུགས་མེད་བྱས་པས་རྩ་མེད་གཏོང་དགོས་ངེས་ཡིན་ཡང་། བསྟུད་མར་ལོ་བཅུ་ལྷག་ལ་དམག་བརྒྱབ་པས། ཀན་དང་། ལེང་། ཧོ། ཧྲན་བཅས་ཀྲོའུ་ཁག་ཏུ་གནོད་སྐྱོན་ཆེན་པོ་ཐེབས། རང་རེའི་དམག་དཔུང་ལ་རྒྱལ་ཁ་ཡང་ཡང་ཐོབ་མོད། ཐོབ་པ་ལས་ཤོར་བ་མང་། ད་ལམ་བོད་ཀྱིས་སྔར་བྱས་ལ་འགྱོད་དེ་ཞི་བས་འདུམ་འདོད་ཡོད་པ་ཐོས་པས། ཁོ་ཚོས་སྐྱབས་བཅོལ་བ་དང་དུ་བླངས་ཏེ་མཐའ་མཚམས་བདེར་དགོད་པར་འཚལ”ཞེས་ཞུས། གོང་མ་ན་རེ། “ང་དང་ཝང་ཅུན་ཕྲོ་གཉིས་ཀྱིས་གྲོས་གླེང་བྱས་རྗེས་གང་འགབ་བལྟས་ཆོག”ཅེས་གསུངས་ཏེ་ཀྲང་ཡུའེ་ཕྱིར་འཐོན་དུ་བཅུག དེར་ཀྲང་ཡུའེ་ཡིས་ཡོན་ཆན་ཡའོ་ལ“ཝང་ཅུན་ཕྲོ་ལ་དཔའ་སྙིང་འཛོམས་ཀྱང་ཐབས་ཇུས་མེད། རྒྱུན་པར་སྟབས་ལེགས་གང་ཞིག་དང་འཕྲད་འདོད་བྱེད། གལ་སྲིད་རྒྱལ་ཁབ་གཉིས་འདུམ་པར་གྱུར་ཚེ་ཁོར་བྱས་རྗེས་འཇོག་པའི་གོ་སྐབས་ག་ལ་ཡོད། ད་ནི་བདག་གི་གཏམ་ལ་ཆ་འཇོག་མི་གནང་བ་ངེས་ཅན”རེད་ཟེར། ཝང་ཅུན་ཕྲོ་གོང་མའི་སྲིད་གཞུང་དུ་སླེབས་རྗེས་དངོས་འབྲེལ་དམག་སྐྱོད་ཀྱིས་འཐབ་དགོས་ཚུལ་གོང་མར་ཞུས།

ལོ་སྔོན་མའི་དགུན་ཁར། བོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲས་ཏ་ཏོའུ་གྲོག་མོར1དམག་དྲངས་ཤིང་། ཀན་ཀྲོའུ་ལ་ཚུར་རྒོལ་བྱས་ཏེ་འཕྲོག་བཅོམ་དང་ཁང་པ་མེར་བསྲེགས་ནས་ལོག ཝང་ཅུན་ཕྲོ་ཡིས་བོད་དམག་ཐང་ཆད་ཡོད་པར་སྙམ་པའི་དུས་སུ་དམག་དཔུང་ཁྲིད་ནས་ར་མདར་ཕྱིན། སྐབས་དེར་ཁ་བ་ཆེན་པོ་ལྷུང་བས་དགྲ་དམག་འཁྱགས་རེངས་ཐེབས་ནས་མང་དུ་ཤི་ཞིང་ཅི་ཧྲི་ཅུན2བརྒྱུད་ནས་ནུབ་ཕྱོགས་སུ་ཕྱིར་ལོག  དེར་ཝང་ཅུན་ཕྲོ་ཡིས་སྔོན་ལ་མི་མངགས་པ་མྱུར་ལམ་བརྒྱུད་དེ་བོད་ཡུལ་དུ་སོང་སྟེ་ལམ་འགྲམ་གྱི་རྩྭ་རྣམས་མེར་བསྲེགས་། སྟག་སྒྲ་ཏ་ཧྥེ་ཁྲོན་དུ་སླེབས་ནས་མི་རྟ་རྣམས་ངལ་གསོ་རུ་འཇུག་འདོད་པ་ན་། སྤང་རྩྭ་བསྲེགས་ཚར་ནས་མེད་པས་དམག་རྟ་ཕྱེད་ལས་བརྒལ་བ་ཤི། ཝང་ཅུན་ཕྲོ་དང་ཆིན་ཀྲོའུ་ཡི་ཏུའུ་ཏུའུ་དམག་དཔོན་ཀྲང་ཧྲུན་གཉིས་བོད་དམག་གི་ར་མདར་ཕྱིན་ཅིང་། མཚོ་སྔོན་པོའི་ནུབ་ཕྱོགས་སུ་སླེབས་ནས་འཁྱགས་རོམ་བརྒལ་ཏེ་བསྐྱོད་མོད། སྟག་སྒྲའི་དམག་དཔུང་སོང་ཚར་ནས་མེད་པས་རྒྱབ་རུའི་དམག་དཔུང་བཅོམ།  དམག་ཆས་དང་རྟ་ལུག་ཁྲི་ཕྲག་ཐོབ་ནས་ཕྱིར་ལོག ཝང་ཅུན་ཕྲོས་བྱས་རྗེས་བཞག་པར་བརྟེན་གཡོན་རུའི་ཡུས་ལིན་སྐུ་སྲུང་དམག་དཔོན་ཆེན་མོར་གོ་གནས་སྤར། ཁོའི་ཕ་ཝང་ཧྲོའུ་ལ་ཧྲའོ་ཧྥུ་ཅུན(ཕོ་བྲང་མཁོ་སྒྲུབ་དཔོན)གྱི་གོ་གནས་བསྩལ། དེ་ནས་བཟུང་གོང་མ་མངའ་རིས་རྒྱ་བསྐྱེད་པའི་ཐད་ལ་དེ་བས་བརྩོན་པར་གྱུར།

(བམ་པོ213པའི་ཤོག་ངོས6པ། 6776-6777)

ཟླ་དགུ་པའི་ཚེས་བདུན་གྱི་ཉིན། བོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཁོང་ལོད་དང་ཀྲུའུ་ལུང་མང་པོ་རྗེ3གཉིས་ཀྱིས་ཀྭ་ཀྲོའུ་ལ་དམག་དྲངས་ནས་ཕབ་པ་དང་། ཚི་ཧྲི་དཔོན་ཐེན་ཡོན་ཞན་དང་ཧོ་ཞིའི་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཝང་ཅུན་ཕྲོ་ཡི་ཕ་བཟུང་བ་དང་ཡུས་མོན་ཅུན4ལ་ཚུར་རྒོལ་བྱས། འཇུས་པའི་དགེ་འདུན་པ་གློད་དེ་ལེང་ཀྲོའུ་ལ་ཕྱིར་ལོག་ཏུ་བཅུག་ནས་ཝང་ཅུན་ཕྲོར“དམག་དཔོན་ཁྱེད་ཀྱིས་རྟག་པར་རང་ཉིད་བློ་དཀར་རྟུལ་ཕོད་ཅན་དུ་ཁས་འཆའ་བ་ཡིན་ན། ཅིའི་ཕྱིར་མི་འཐབ་བམ”ཞེས་སྐད་བསྐུར། ཝང་ཅུན་ཕྲོ་མཁར་སྟེང་ལ་འཛེགས་ཐོག་ནུབ་ལ་ཁ་ཕྱོགས་ནས་ངུས་པ་ལས་དམག་འདྲེན་མ་ཕོད།

མང་པོ་རྗེ་ཟུར་དུ་ཁྲང་ལོ་རྫོང5ལ་དམག་དྲངས་པར།  རྫོང་དཔོན་ཅ་ཧྲི་ཧྲུན་གྱིས་འཁོར་རྣམས་ཁྲིད་དེ་བསྲུངས། ཀྭ་ཀྲོའུ་ཕབ་རྗེས་སྟག་སྒྲ་ཁོང་ལོད་ཀྱི་དམག་དཔུང་ཡང་སླེབས་ནས་མཉམ་དུ་དཔུང་འཇུག་བྱས། ཉིན་བཅུ་ལྷག་ཕྱིན་རྗེས་བོད་དམག་ངལ་དུབ་ཀྱིས་རྫོང་ལེན་མ་ཐུབ་པས་མི་མངགས་ཏེ་མགོ་འདོགས་དགོས་ཚུལ་སྨྲས་ཀྱང་ཁས་མ་བླངས། བོད་ཀྱིས“ཁྱེད་ཅག་མགོ་མི་འདོགས་ན་མཁར་ནང་གི་རྒྱུ་ནོར་རྣམས་བྱིན་ཚེ་ངེད་ཅག་ལོག་ངེས་ཡིན”ཞེས་སྨྲས། དེར་ཅ་ཧྲི་ཧྲུན་གྱིས་དམག་མི་རྣམས་ཀྱི་གྱོན་གོས་ཕུད་ནས་སྟེར་རྒྱུ་ཞུས་པར། སྟག་སྒྲས་རྒྱུ་ནོར་མེད་པ་ཤེས་ནས་དམག་ཕྱིར་འཐེན། ལམ་དུ་ཀྭ་ཀྲོའུ་མཁར་བཤིགས། ཅ་ཧྲི་ཧྲུན་གྱིས་མགྱོགས་པོར་མཁར་སྒོ་ཕྱེ་ནས་མཚོན་ཆས་སོགས་ཕྱིར་བསྡུས་ཐོག མཁར་ཞིག་གསོ་བྱས་ནས་བསྲུངས། དེར་དགྲ་བོས་ཡང་བསྐྱར་རྟ་དམག་ཧྲག་པོ་མངགས་ནས་སླེབས་མོད། མཁར་ནང་དུ་གྲབས་ཟོན་ཡོད་པ་རྟོགས་རྗེས་ཕྱིར་ལོག ཅ་ཧྲི་ཧྲུན་ནི་ཆི་ཀྲོའུ6ཡི་མི་ཡིན།

(བམ་པོ213པའི་ཤོག་ངོས8པ། 6778-6779)

སྔོན་གྲུ་གུའི་རྒྱལ་པོ་ཨ་ཧྲི་ན་མོ་ཕྲོ་ཞེས་པ་སྟོབས་ཆེ་བའི་དུས་སུ་ཐིའེ་ལེའི7ས་ཆ་བཙན་གྱིས་འཕྲོག་པར་བརྟེན། དེར་གཡོལ་བའི་ཆེད་དུ་ཡུ་གུར་དང་། ཆི་པི། སི་ཅེ། ཧུན8བཅས་ཚོ་ཁག་བཞི་བྱེ་ཐང་བརྒལ་ནས་ཀན་ཀྲོའུ་དང་ལེང་ཀྲོའུ་ཡི་བར་དུ་བསྡད། ཝང་ཅུན་ཕྲོ་འབངས་མི་དཀྱུས་མ་ཡིན་དུས་ཚོ་བ་བཞིའི་བར་དུ་འགྲོ་འོང་བྱེད་སྐབས་དེ་ཚོས་རྒྱུན་པར་མཐོང་ཆུང་བྱེད། ཕྱིས་སུ་ཧོ་ཞིའི་ཅེ་ཏུའུ་ཧྲིར་བསྐོས་རྗེས་དེ་དག་བཀའ་ཁྲིམས་བཙན་པོས་གཅུན། དེར་ཚོ་བ་བཞི་མ་དགའ་བར་རྒྱལ་ས་ཤར་མར9བང་ཆེན་ལྐོག་ཏུ་མངགས་ནས་དེ་ལུགས་ཞུས།  ཝང་ཅུན་ཕྲོས་དེ་མ་ཐག་རྟ་ཟམ་བརྒྱུད་ནས་གོང་མར“ཚོ་བ་བཞི་གཅུན་དཀའ་ཞིང་ཁོ་ཚོས་ངོ་ལོག་རྒྱུའི་ཇུས་ངན་འདིངས་བཞིན་འདུག”ཅེས་ཞུས་པས། གོང་མས་ཉུག་རུམ་པ་བང་ཆེན་གནས་ཚུལ་རྟོག་ཞིབ་ཏུ་མངགས་ཀྱང་ཚོ་བ་ཁག་གིས་བདེན་པ་བདར་ཐབས་མ་བྱུང་། དེ་ནས་ཧན་ཧེའི་ཅུན10གྱི་ཏུའུ་ཏུའུ་དམག་དཔོན་ཆེན་མོ་ཡུ་གུར་པ་ཁྲེན་ཙུང་ཞེས་པ་རེང་ཀྲོའུ11རུ་སྤྱུགས། ཧུན་གྱི་ཚོ་དཔོན་ཏ་ཏེ་ཞེས་པ་ཅི་ཀྲོའུ12རུ་སྤྱུགས། ཧོ་ལན་ཅུན་གྱི་ཏུའུ་ཏུའུ་དམག་དཔོན་ཆི་པི་ཁྲེང་མིང་ཞེས་པ་ཐེང་ཀྲོའུ13རུ་སྤྱུགས། ལུའུ་ཧྲན་ཅུན་གྱི་ཏུའུ་ཏུའུ་དམག་དཔོན་སི་ཅེ་ཀུའེ་ཀོ་ཞེས་པ་ཆོང་ཀྲོའུ14རུ་སྤྱུགས། ཡུ་གུར་གྱི་ཧྥུ་ཏི་ནན་ཞེས་པ་ཧན་ཧའེ་ཅུན་གྱི་ཏུའུ་ཏུའུ་དམག་དཔོན་ཆེན་མོར་བསྐོས།

(བམ་པོ213པའི་ཤོག་ངོས9པ།6779)

ཚེས་བཅུ་བདུན་གྱི་ཉིན། གྲུ་གུའི་ཁ་གན་ཕི་ཅ་ཡིས་བློན་ཆེན་མེ་ལུའུ་ཕྲོ་སྐྱེས་འབུལ་དུ་མངགས། བོད་ཀྱིས་ཀྭ་ཀྲོའུ་ལ་དམག་འདྲེན་སྐབས་ཁ་གན་ཕི་ཅ་ལ་འཕྲིན་ཡིག་སྤྲིངས་ཏེ་མཉམ་དུ་དམག་འདེགས་དགོས་ཚུལ་བརྗོད། ད་ལམ་ཕི་ཅས་འཕྲིན་ཡིག་དེ་ཡང་སྐྱེས་དང་ལྷན་དུ་ཕུལ་བས། གོང་མས་གཟེངས་བསྟོད་གནང་ཞིང་། ཧྲོའུ་ཞང་མཁར་ནུབ་མར་ཁོ་ཚོས་ཚོང་བྱེད་ཆོག་པའི་བཀའ་འཁྲོལ། ལོ་ལྟར་ཐང་གི་དར་གོས་ཡུག་འབུམ་གཅིག་རེ་དེ་གའི་རྟ་དང་བརྗེས་ནས་དམག་དཔུང་གི་དམག་རྟ་ཉོ་སྒྲུབ་དང་། རྟ་རར་ཡོད་པའི་རྟ་རྒྱུད་སྤེལ་བྱེད་དུ་བྱས། དེར་བརྟེན་ནས་རྒྱལ་ཁབ་ཀྱི་རྟ་རྒྱུད་ལེགས་སུ་ཕྱིན།

(བམ་པོ213པའི་ཤོག་ངོས9པ། 6779)

ཤོལ་ཟླ་དགུ་པའི་ཚེས་གཉིས་ཀྱི་ཉིན། བོད་ཀྱི་བཙན་པོ་དང་ཐུའུ་ཆི་ཧྲིའི་ཁ་གན་སུའུ་ལུའུ་གཉིས་ཀྱི་དམག་དཔུང་གིས་ཨན་ཞི་མཁར་བསྐོར་བར།  ཨན་ཞིའི་ཏུའུ་ཧུའུ་ཆེན་མོ་གཞོན་པ(སྤྱི་ཁྱབ་ཆེན་མོ་གཞོན་པ)ཀྲའོ་དབྱི་ཀྲེན་གྱིས་གཏོར་ཕམ་བཏང་།

(བམ་པོ213པའིཤོག་ངོས10པ། 6779)

ཡུ་གུར་ཚོ་བའི་ཚོ་དཔོན་ཁྲེན་ཙུང་གི་ཚ་བོ་སྟེ་ཧན་ཧེའི་ཅུན་གྱི་སི་མའི་གོ་ཐོབ་ཅན་ཧུའུ་ཧྲུའུ་ཡིས་མི་མང་བསྡུས་ནས་ཁྲེན་ཙུང་གི་དགྲ་ཤ་ལེན་པར་འདོད། སྐབས་དེར་ཏག་ཏག་བོད་ཀྱིས་ཕོ་ཉ་མངགས་པ་ལམ་བསྐོར་ནས་གྲུ་གུར་འབྱོར། ཝང་ཅུན་ཕྲོ་ཡིས་རྟ་དམག་ཧྲག་སྒྲིག་གིས་སུའུ་ཀྲོའུ་རུ་འགོག་ཏུ་བསྐྱོད། ཕྱིར་ལོག་སྟེ་ཀན་ཀྲོའུ་ལྷོ་རྒྱུད་ཀྱི་ཀུང་པི་རྟ་ཟམ15ཞེས་པར་སླེབས་སྐབས། ཧུའུ་ཧྲུའུ་ཡི་འཇབ་དམག་གློ་བུར་དུ་བརྒྱུགས་ནས་ཝང་ཅུན་ཕྲོའི་གོང་མའི་ཕྱག་རྟགས་འཕྲོག སྔོན་ལ་ཕན་ཀོན(ལག་བསྟར་དཔོན)གྱི་གོ་ཐོབ་ཅན་ཝང་ཅུན་སུང་ཀྲེན་བསད་ཅིང་དེའི་བྲང་ཁོག་ལས་སྙིང་བཏོན་ནས“ངན་ཇུས་ཐོག་མར་འདིངས་མཁན་ཁྱོད་ཡིན”ཟེར། ཝང་ཅུན་ཕྲོ་ཡིས་གཡས་གཡོན་གྱི་མི་བཅུ་ཕྲག་དུ་མ་ཁྲིད་དེ་ངར་ཤུགས་ཆེན་པོས་འཐབ་ཅིང་། ཞོགས་པ་ནས་ཕྱི་དྲོའི་བར་འཐབ་སྟེ་གཡས་གཡོན་གྱི་འཁོར་དམག་མཐའ་དག་གི་སྲོག་ཤོར། མཐར་ཧུའུ་ཧྲུའུ་ཡིས་ཝང་ཅུན་ཕྲོ་བསད་ཅིང་དེའི་བེམ་པོ་ཁྱེར་ནས་བོད་ལ་སྐྱབས་འཆོལ་དུ་ཕྱིན། ལེང་ཀྲོའུ་ཡི་དམག་གི་རྗེས་སུ་བདས་པས་ཧུའུ་ཧྲུའུ་ཡིས་བེམ་པོ་བསྐྱུར་ནས་སོང་།

(བམ་པོ213པའི་ཤོག་ངོས10པ། 6780)

(ཟླ་བཅུ་པ)ཚེས་བཅུའི་ཉིན་ཧྲོ་ཧྥང་གི་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཞའོ་སུང་ཞེས་པ་ཧོ་ཞིའི་ཅེ་ཏུའུ་ཏ་ཧྲི་གཞོན་པར་བསྐོས། སྐབས་དེར་ཝང་ཅུན་ཕྲོ་ཕམ་མ་ཐག་ཡིན་པས་ཧོ་དང་ལུང་ས་ཆའི་མིང་འཇིགས་སྣང་ཆེན་པོ་བྱུང་། ཞའོ་སུང་གིས་ཞིང་པུའུ་ཡོན་ཝའེ་ལང(ཁྲིམས་སྡེའི་ལས་གཉེར་དཔོན་གཞོན)ཕེ་ཁོན་ཞེས་པ་ཕན་ཀོན་དུ་བསྐོས་ཏེ། ཝང་ཅུན་ཕྲོའི་སྐབས་ཀྱི་ཕན་ཀོན་གྱི་གོ་ཐོབ་ཅན་ཉིའུ་ཞན་ཁེ་དང་མཉམ་དུ་དམག་སྲིད་དམག་དམ་བྱེད་དུ་བཅུག་པས་མི་སེམས་རིམ་བཞིན་བདེ་ལྷོད་དུ་གྱུར། ཕེ་ཁོན་ནི་ཕེ་ཚུའེ་ཡི་ཕ་སྤུན་ནུ་བོ་ཡིན། ཉིའུ་ཞན་ཁེ་ཟེར་བ་མ་གཞི་ཁྲུན་ཀུའུ་རྫོང16གི་དཔོན་རིགས་ཆུང་གྲས་ཤིག་ཡིན་ཞིང་། འཇོན་ཐང་ཆེ་ཞིང་བྱས་རྗེས་བཞག་པས་རིམ་པས་གོ་ས་སྤར་ཏེ་ཧོ་ཞིའི་ཅེ་ཏུའུ་ཕན་ཀོན16དུ་བསྐོས། ཁོ་ནི་ཝང་ཅུན་ཕྲོ་ཡིས་བློ་གཏོད་པའི་མི་ཞིག་ཡིན། 

ཞའོ་སུང་གིས་ཡང་གོང་མར་ཞུས་ཏེ་ཅན་ཁང་ཅུན་གྱི་ཅུན་ཧྲིའི་གོ་ཐོབ་ཅན་ཧོ་པེའི་མི་ཀྲང་ཧྲོའུ་ཀུའེ་ཞེས་པ་ཀྭ་ཀྲོའུ་ཡི་ཚི་ཧྲི་དཔོན་ལ་བསྐོས། དམག་མི་ལྷག་ལུས་རྣམས་ཁྲིད་དེ་སྔར་གྱི་མཁར་བསྐྱར་དུ་བརྩིགས། མཁར་གྱང་རྩིག་བྱེད་ཀྱི་པང་ལེབ་བསྒྲིགས་མ་ཐག་བོད་དམག་གློ་བུར་བུ་འབྱོར་བས། མཁར་ནང་དུ་ཡོད་པ་རྣམས་གཅིག་གིས་གཅིག་ལ་ལྟ་བཞིན་གདོང་མདོག་ཀྱང་འགྱུར། ཚང་མར་འཐབ་པའི་བློ་སྤོབས་མེད་པར་གྱུར། ཀྲང་ཧྲོའུ་ཀུའེ་ཡིས“ཕས་རྒོལ་མི་གྲངས་མང་ཞིང་རང་ཅག་ཉིང་། དེའི་ཁར་རང་རེར་ཕམ་ཉེས་བྱུང་མ་ཐག་ཡིན་པས་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་མི་རུང་། ཐབས་ཇུས་མཚར་པོར་བརྟེན་ནས་རྒྱལ་ཁ་ལེན་དགོས”ཞེས་བརྗོད་ཅིང་། མཁར་ཐོག་ཏུ་ཆང་སྟོན་བཤམས་ནས་དགའ་སྐྱིད་ལ་རོལ་ཁུལ་བྱས་པར། དགྲ་བོས་མཁར་ནང་དུ་གྲ་སྒྲིག་ཡོད་པར་དོགས་ཏེ་རྒོལ་མ་ཕོད་པར་དམག་དཔུང་ཕྱིར་འཐེན། ཀྲང་ཧྲོའུ་ཀུའེ་ཡིས་མཁར་གྲོང་བསྐྱར་དུ་ཉམས་གསོ་བྱས། འབངས་མི་བྱེར་བ་རྣམས་སྡུད་རུབ་བགྱིས་ཏེ་ཚང་མས་སྔོན་གྱི་འཚོ་ཚིས་གཉེར། གོང་མའི་སྲིད་གཞུང་གིས་ཁོས་བྱས་རྗེས་བཞག་པར་གཟེངས་བསྟོད་དང་། ཀྭ་ཀྲོའུ་རུ་ཏུའུ་ཏུའུ་ཧྥུ་བཙུགས་ནས་ཀྲང་ཧྲོའུ་ཀུའེ་ཏུའུ་ཏའུ་དམག་དཔོན་དུ་བསྐོས།

བོད་ཀྱི་བློན་སྟག་སྒྲའི་སྙན་གྲགས་ཆེར་རྒྱས་པས་ཞའོ་སུང་གིས་བོད་ནང་དུ་དབྱེན་བྱས་ནས་སྟག་སྒྲ་ཀྲུང་གོ་དང་ལྐོག་འབྲེལ་ཡོད་ལུགས་བརྗོད་པར་བརྟེན། བཙན་པོས་ཁོ་བཀུག་སྟེ་སྲོ་བཅད།17དེར་བརྟེན་ནས་བོད་ཀྱི་སྟོབས་ཤུགས་ཅུང་ཟད་ཆུང་དུ་ཕྱིན།

(བམ་པོ213པའི་ཤོག་ངོས10-11པ། 6780-6781)

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་གི་ཉིན། བོད་ཀྱིས་མཐའ་མཚམས་སུ་གཙེ་བ་འགོག་པའི་ཆེད་དུ་གོང་མས་བཀའ་ཕབ་པ་ལྟར་ལུང་ཡིའུ་ཏའོ་དང་ཅུན་ཁག་གི་དམག་ལྔ་ཁྲི་དྲུག་སྟོང་དང་། ཧོ་ཞི་ཏའོ་དང་ཅུན་ཁག་གི་དམག་བཞི་ཁྲི་བཅས་དང་། ད་དུང་ཀོན་ཀྲུང་གི་དམག་ཆིག་ཁྲི་བཅས་ལིན་ཐའོ་རུ་སྡོད་སྐོང་དང་། ཧྲོ་ཧྥང་གི་དམག་ཆིག་ཁྲི་ཧྲུའི་ཀྲོའུ18རུ་བསྡུས་ནས་སྟོན་ཐོག་སྨིན་དུས་སུ་བོད་དམག་གིས་ཚུར་རྒོལ་བར་འགོག་ཟོན་བྱས། དགུན་སྟོད་བར་བསྡད་ཀྱང་དགྲ་དཔུང་མ་སླེབས་པས་ཕྱིར་ལོག གལ་སྲིད་དགྲ་བོའི་དཔུང་དྲངས་ཚེ་ཕྱོགས་སོ་སོ་ནས་དམག་དྲངས་ཏེ་རྒྱབ་མདུན་གཉིས་ཀ་ནས་རྒོལ་རྒྱུའི་ཁ་ཆད་བྱས།

(བམ་པོ213པའི་ཤོག་ངོས11པ། 6781)

2 མཆན་འགྲེལ།

1.བོད་ཀྱི་དམག་དཔོན་སྟག་སྒྲ(悉诺罗)ཞེས་པ་འདི་ཏུན་ཧོང་ཡིག་རྙིང་ནང་སྤྱི་ལོ726པར་མདོ་སྨད་ཀྱི་དགུན་འདུན་བསྡུས་ཤིང་དེའི་ཕྱི་ལོར་བོད་ཀྱི་བློན་ཆེན་པོ་རྔེགས་མང་ཞམ་སྟག་ཙབ་ཀྱི་ཚབ་ཏུ་བསྐོས་པའི་དབས་སྟག་སྒྲ་ཁོང་ལོད་ཡིན་པར་སྙམ། ཏ་ཏོའུ་གྲོག་མོ་ཞེས་པ་ལ་ལས་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་རྫོང་ངམ་དཔའ་ལུང་རྫོང(化隆县)ཁོངས་སུ་ཡོད་པའི་མཁས་པ་མི་གསུམ་བཞུགས་མྱོང་བའི་གནས་གྲགས་ཅན་དན་ཏིག་ལ་ངོས་འཛིན་མཁན་ཡང་ཡོད་མོད། འདིའི་ཚིག་སྔ་ཕྱིར་གཞིགས་ན་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧྲན་ཏན་རྫོང(山丹县)གི་ལྷོ་ཕྱོགས་སུ་ཏ་ཏོའུ་པ་གྲོག་མོ(大斗拔谷)ཞེས་པ་ཞིག་ཡོད་པ་དེར་ངོས་བཟུང་ན་ལེགས་སྙམ།

2.ཅི་ཧྲི་ཅུན་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང(贵德县)དུ་ཡོད།

3.ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ726ལོར་མདོ་སྨད་ཀྱི་དགུན་འདུན་སྟག་སྒྲ་ཁོང་ལོད་ཀྱིས་བསྡུས་པར་བཤད་པ་དང་། དེའི་ཕྱི་ལོར་བོད་དམག་གིས་ཀྭ་ཅུ་ཕབ་ཚུལ་དང་། བློན་ཆེན་པོ་རྔེགས་མང་ཞམ་སྟག་ཚབ་གྲོངས་པས་དཔོན་འ་ཞ་རྗེ་དང་། ཞང་དབོན་གདན་ཚོམ། དབས་སྟག་སྒྲ་ཁོང་ལོད་བཅས་བློན་ཆེན་པོར་བསྐོས་ཚུལ། མདོ་སྨད་ཀྱི་འདུན་མ་བློན་ཁྲི་གཟིགས་གནང་ཁོང་གིས་བསྡུས་ཚུལ་སོགས་བཀོད་ཡོད་པས་སྐབས་འདིའི་ཀྲུའུ་ལུང་མང་པོ(烛龙莽布支)ཞེས་པ་འ་ཞ་མང་པོ་རྗེ་ཡིན་མིན་བརྟག་པར་འཚལ།

4.ཡུས་མོན་ཅུན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཡུས་མོན་གྲོང་ཁྱེར(玉门市)དུ་ཡོད།

5.ཁྲང་ལོ་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཨན་ཞི་རྫོང(安西县)གི་ལྷོ་ནུབ་ཏུ་ཡོད།

6.ཆི་ཀྲོའུ་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་ཧྥེང་ཞང་རྫོང(凤翔县)དུ་ཡོད།

7.ཐིའེ་ལེའི་ཞེས་པ་གནའ་བོའི་མི་རིགས་ཤིག་གི་མིང་སྟེ་ཤར་ཕྱོགས་ད་ལྟའི་ནང་སོག་གི་ཆུ་བོ་ཐུའུ་ལའི(土拉)བྱང་རྒྱུད་ནས་ནུབ་ཕྱོགས་ལི་ཧའེ་མཚོ་མོ(里海)བར་གྱི་ས་རྒྱ་ཆེན་པོར་འཚོ། སྐབས་རེར་ཤར་གྲུ་གུ་ཤར་མ་དང་སྐབས་རེར་ནུབ་མར་གཏོགས་ཤིང་ནང་གསེས་ཚོ་ཁག་མང་པོ་ཡོད་པ་ལས་ཞུའེ་ཡན་ཐོ་དང་ཡུ་གུར་གཉིས་ཚོ་ཁག་ཆེ་ཤོས་གཉིས་ཡིན།

8.འདི་དག་གནའ་བོའི་ཚོ་བ་འགའི་མིང་སྟེ་ཆི་པི་ནི་ཐིའེ་ལེའི་ཡ་གྱལ་ཡིན་ཞིང་། སུའེ་རྒྱལ་རབས་ཀྱི་དུས་སུ་ཡན་ཆི་བྱང་རྒྱུད་ཀྱི་རི་བོ་ཐེན་ཧྲན་འདབས་སུ་ཡོད་པ་ལ། ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོའི་དུས་སུ་ཀན་ཀྲོའུ་དང་ལེང་ཀྲོའུ་རྒྱུད་དུ་སྤོས། སི་ཅེ་ནི་ད་ལྟའི་མོང་གོལ་རྒྱལ་ཁབ་ཀྱི་ཁྲེ་ཁྲེར་ལེ་ཀེ་མཁར(车车尔勒格城)གྱི་ལྷོ་ནུབ་ཏུ་ཡོད། ཧུན་ནི་ད་ལྟའི་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཝུའུ་ལན་པ་ཐུའུ(乌兰巴图)ཡི་ལྷོ་ནུབ་ཏུ་ཡོད།

9.རྒྱལ་ས་ཤར་མ་ནི་ད་ལྟའི་ཧོ་ནན་ཞིང་ཆེན་གྱི་ལོ་དབྱང་གྲོང་ཁྱེར(洛阳市)དུ་ཡོད།

10ཧན་ཙའེ་ཅུན་ནི་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཆི་ཐའེ་རྫོང(奇台县)དུ་ཡོད།

11.རེང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཧྲང་སི་རྫོང(上思县)གི་ལྷོ་ནུབ་ཏུ་ཡོད།

12.ཅི་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཅང་ཞི་ཞིང་ཆེན་གྱི་ཅི་ཨན(吉安市)གྲོང་ཁྱེར་དུ་ཡོད། མངའ་ཁོངས་ཕལ་ཆེར་ད་ལྟའི་ཞིན་ཀན(新干)དང་ཐའེ་ཧོ(泰和)བར་གྱི་ཀན་ཅང(赣江)གཙང་བོའི་འབབ་རྒྱུད་དང་ཨན་ཧྥུ་རྫོང་།(安福县) ཡུང་ཞིན་རྫོང(永新县)སོགས་ཀྱི་ས་ཁོངས་དང་མཉམ།

13.ཐེང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཐེང་ཁྲེང་གྲོང་རྡལ(藤城镇)དུ་ཡོད། མངའ་ཁོངས་ད་ལྟའི་ཀོང་ཞིའི་ཐེང་རྫོང(藤县)དང་མཉམ།

14.ཚོང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧའེ་ནན་ཞིང་ཆེན་གྱི་ཆོང་ཧྲང་རྫོང(琼上线)གི་ལྷོ་ཕྱོགས་སུ་ཡོད། མངའ་ཁོངས་ཕལ་ཆེར་ད་ལྟའི་ཧའེ་ཁོའུ་གྲོང་ཁྱེར(海口市)དང་། ཆོང་ཧྲན་རྫོང(琼上县)དང་། ཏིང་ཨན་རྫོང(定安县)ཆོང་ཧའེ་རྫོང་།(琼海县)ཁྲེང་མའེ་རྫོང(淐每县)ལིན་ཀའོ་རྫོང(临高县)སོགས་དང་མཉམ།

15.ཀུང་པི་རྟ་ཟམ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ(张掖市)གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་ཡོད།

16.ཁྲུན་ཀུའུ་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལིང་ཐའེ་རྫོང(灵台县)ཡིན།

17.ཅེ་ཏུའུ་ཕན་ཀོན་ཞེས་པ་ནི་ཐང་རྒྱལ་རབས་ཀྱི་དུས་མཇུག་དང་རྒྱལ་རབས་ལྔའི་དུས་ཀྱི་མཐའ་མཚམས་དམག་སྡེའི་དཔོན་ཐོབ་ཅིག་ཡིན་ཞིང་ཞིང་ཅུན་སི་མའི(རུ་འདེམས་སི་མ)འོག་ཏུ་ཡོད། མཛོང་ཁང་དང་དམག་ཆས་དམག་རྟ་སོགས་ཀྱི་ལས་ཀ་སྐྱོང་། ཕལ་ཆེ་བ་མཐའ་མཚམས་དམག་སྡེ་ནང་ཁུལ་ནས་བསྐོ་བ་དང་སུང་རྒྱལ་རབས་བྱང་མའི་དུས་སུ་གོང་མའི་སྲིད་གཞུང་ནས་བསྐོ། ཁྲུང་ཉིང་ཁྲི་ལོ་གཉིས་པར(སྤྱི་ལོ1103ལོ)ཁྲེང་ཀྲི་ལང(氶直朗)ཞེས་པར་མིང་བསྒྱུར། ལིའོ་རྒྱལ་རབས་ཀྱི་དུས་སུ་དམག་དོན་ཕམ་ཀོན་ཞེས་པར་བསྒྱུར་ཅིང་ཅེ་ཏུའུ་ཧྲིར་འཆར་ཅན་གྱི་ལས་ཀ་སྒྲུབ་རོགས་བྱེད། ཅིན་རྒྱལ་རབས་ཀྱི་དུས་སུ་སླར་ཡང་ཅེ་ཏུའུ་ཕན་ཀོན་དུ་མིང་བསྒྱུར།

18.འདི་ཏུན་ཧོང་ཡིག་རྙིང་དུ“འབྲུགྀ་ལོ་ལ........དབའས: སྟག་སྒྲ: ཁོང་ལོད: ལ་བཀྱོན་ཕབ་ནས། འབྲོ: ཆུང་བཟང་འོར་མང: བློན་ཆེན་པོར་བཀའ་བསྩལད། ........”ཅེས་འབྲུག་གི་ལོ་སྟེ་སྤྱི་ལོ728ལོར་སྟག་སྒྲ་ཁོང་ལོད་ལ་བཀྱོན་ཕབ་པར་བརྗོད་པ་ལས་ལོ་གཅིག་སྔ།

19.ཧུའེ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅིང་ཡོན་རྫོང(講远县)དུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།