ཁའེ་ཡོན་ཁྲི་ལོ་བཅུ་གསུམ་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་བཅུ་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་བཅུ་གསུམ་པ། (སྤྱི་ལོ725)

(ཟླ་བཞི་པ)གོང་མས་ཀྲུང་ཧྲུའུ་ཀྲི་ཧྲེང(ཀྲུང་ཧྲུའུ་ལས་ཁུངས་ཀྱི་ལས་སྤོར་དཔོན་རིགས)ཡོན་ཀྲེན་ལ་ཧུང་ལུའུ་ཆིང་ཚབ་མའི(མགྲོན་གཉེར་དཔོན་པོ་ཚབ་མ)གོ་གནས་དང་བཅས་གྲུ་གུར་བཀའ་ཡིག་སྒྲོག་ཏུ་མངགས། གྲུ་གུའི་ཞའོ་ཧྲ་དང་། ཆུའེ་ཐེ་ལེ། ཐུན་ཡུས་ཀུའུ་སོགས་གུར་ནང་དུ་བསྡད་དེ་གསོལ་ཆང་བཤམས། ཡོན་ཀྲེན་ལ“བོད་ནི་ཁྱིའི་རྒྱུད་པ་ཡིན་པ་དང།1 ཞི་དང་ཆི་ཏན2གཉིས་ནི་མ་གཞི་གྲུ་གུའི་བྲན་འབངས་རེད། དེ་དག་ཚང་མར་ཀོང་ཇོ་ཐོབ་པ་ལ། གྲུ་གུ་ཁོ་ནར་སྔ་ཕྱི་ཐེངས་དུ་མར་གཉེན་བསླངས་ཀྱང་མ་གནང་བ་ཅིའི་ཕྱིར་རམ། དེ་དག་ལ་གནང་བའི་ཀོང་ཇོ་ཚང་མ་གནམ་གྱི་སྲས་ཀྱི་སྲས་མོ་དངོས་མིན་པ་ང་ཚོས་ཀྱང་ཤེས་མོད། གོང་མའི་སྲས་མོ་དངོས་ཡིན་མིན་ལ་སུ་ཡིས་དོ་སྣང་བྱེད། གཙོ་བོ་ང་ཚོས་ཐེངས་མང་པོར་བསླངས་ཀྱང་མ་གནང་བས་མི་རིགས་གཞན་གྱི་མདུན་དུ་ཁ་སྐྱེངས་པོ་འདུག”ཅེས་སྨྲས།  ཡོན་ཀྲེན་གྱིས་དོན་དེ་གོང་ལ་ཞུ་རྒྱུ་ཁས་བླངས། དེར་ཞའོ་ཧྲས་རང་གི་བློན་ཆེན་ཨ་ཧྲི་ཏེ་ཅེ་ལི་ཧྥ་སྐྱེས་འབུལ་དུ་མངགས་ཤིང་། གོང་མ་ཤར་ཕྱོགས་སུ་གཟིགས་ཞིབ་ཏུ་ཕེབས་པའི་ཞབས་འབྲིང་དུ་ཕྱིན།

(བམ་པོ212པའི་ཤོག་ངོས31པ། 6764-6765)

2 མཆན་འགྲེལ།

1.ནུབ་རོང(西戎)ལ་གནའ་དུས་སུ་ཆོན་རོང(犬戎)སྟེ་ཁྱི་རོང་དུ་འབོད་པས་བོད་ཁྱིའི་རྒྱུད་ཡིན་ཞེས་བརྗོད་པ་རེད།

2.ཞི་དང་ཆི་ཏན་གཉིས་ཀ་བྱང་རྒྱུད་ཀྱི་གནའ་བོའི་མི་རིགས་ཡིན་ཞིང་ཞན་པེ་རིགས་ལས་ཆད། ཞི་ནི་ནང་སོག་གི་ཆུ་བོ་ལའོ་ཧའི(老哈河)རྒྱུད་དང་། ཆི་ཏན་ནི་ཆུ་བོའི་ལིའོ་ཧོའི(辽河)རྒྱུད་དུ་འཚོ། ཆི་ཏན་མི་རིགས་ཀྱིས་སུང་རྒྱལ་རབས་བྱང་མའི་དུས་སུ་ལིའོ་རྒྱལ་ཁབ་ཆེན་པོ་ཞེས་པ་བཙུགས་མྱོང་། དུས་རབས་བཅུ་གཉིས་པ་ཙམ་ལ་ལིའོ་ལོང་མའི་བུ་རྒྱུད་ཡེ་ལུའེ་ཏ་ཧྲི་ཡིས་རང་འོག་ཆི་ཏན་གྱི་ཚོ་ཁག་ཁྲིད་ནས་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁག་ཅིག་དང་ཅིར་ཅི་སི་ཐན་དུ་ཧ་ར་ཆི་ཏན་ཞེས་པའི་རྒྱལ་ཁབ་སྟོབས་ཅུང་ཆེ་ཙམ་ཞིག་བཙུགས། རང་རེའི་ལོ་རྒྱུས་ཡིག་ཆ་འགའ་རེའི་ནང་ཁྲི་བརྟན་དང་གླིང་སྒྲུང་དུ་ནུབ་ཁ་ཆེ་ཁྲི་བརྟན་ཞེས་སུ་འབོད་པའི་མི་རིགས་དེ་འདི་དང་འབྲེལ་བ་ལྡན་པར་བསམས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།