ཁའེ་ཡོན་ཁྲི་ལོ་གསུམ་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་གསུམ་པ།(སྤྱི་ལོ715པ)

(ཟླ་བཅུ་གཅིག་པ)ཚེས་བཅུ་དགུའི་ཉིན། གཡོན་རུའི་ཡུས་ལིན་སྐུ་སྲུང་དམག་དཔོན་ཆེན་མོ་ཀོ་ཆན་ཀོན་གྱིས་ཨན་ཞིའི་ཏུའུ་ཧུའུ་ཆེན་མོ(སྤྱི་ཁྱབ་ཆེན་མོ)དང་དམག་སྡེ་བཞིའི་གཙོ་སྐྱོང་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར། ཀོ་ཆན་ཀོན་གྱིས་ཁོ་རང་ཉིད་ཀྱིས་ཀོན་ཀྲུང་གི་དམག་ཁྲི་གཅིག་བསྡུས་ནས་ཨན་ཞི་རུ་བོད་དམག་ལ་རྒོལ་དུ་འགྲོ་བ་དང་། ལམ་ཁེལ་ས་ཆ་ཚང་མས་དམག་དཔུང་ལ་ཁལ་མ་དང་གཡོས་སྦྱོར་ཟིན་པའི་ཁ་ཟས་སྟེར་རྒྱུ་བཅས་ཞུས་པར། གོང་མས་བཀའ་ཡིག་བཏང་ནས་དེ་བཞིན་དགོངས་པ་འཁྲོལ། ཅང་ཙོ་ཏ་ཅང(ཨར་ལས་གཙོ་སྐྱོང་པ)ཝེ་ཚོའུ་བྱ་བས་གོང་མར་ཞུ་ཡིག་ཕུལ་ནས་ན་རེ། “ད་ཆ་ནུབ་ཡུལ་གྱིས་སྐབས་དང་སྐབས་སུ་རང་རེར་ཇག་རྐུན་གྱི་ལས་ཀྱང་བྱེད་མོད། སྔོན་གྱི་ས་སྲུང་དམག་དཔུང་གིས་གཅུན་མི་ཐུབ་པ་མེད་ཅིང་སྤྱིར་ན་གང་བསྒོས་ཀྱི་བཀའ་ཇི་བཞིན་རྩི། དེ་བས་ཀོན་ཀྲུང་དུ་ནམ་ཡང་དམག་དཔུང་འདང་ངེས་ཤིག་ཉར་ཏེ། རང་སྟོབས་གཞུང་ཤིང་ལྟར་རྒྱས་ལ་དགྲ་སྟོབས་ཡལ་ག་ལྟར་ཉག་ཕྲ་བ་ཞིག་བྱ་དགོས། ཉེ་ལམ་ནུབ་དང་བྱང་གི་དགྲ་ཟླ་གཉིས1ཀྱིས་མཐའ་མཚམས་ལ་གཙེས་པ་ནས་བཟུང་།  སྐྱེ་བོ་ཤ་དར་ཁྲག་དར་རྣམས་དམག་ཏུ་བསྡུས་ཚར་བས། ཡང་བསྐྱར་དཔའ་རྟུལ་བསྡུས་ཏེ་རྒྱང་ཐག་རིང་བའི་མཐའ་འཁོབ་ཏུ་དམག་དཔུང་འདྲེན་པ་ག་ལ་རུང་། དེས་མི་ཚད་དམག་མི་ཁྲི་གཅིག་ལེ་དབར་དྲུག་སྟོང་ལྷག་ལ་བསྐྱོད་པར་ཁལ་མ་དང་ཁ་ཟས་ལམ་དུ་འདོན་དགོས་པས། ལམ་ཁེལ་ཀྲོའུ་དང་རྫོང་ལ་དེ་དག་མཁོ་འདོན་བགྱིད་པའི་འབྱོར་བ་ག་ལ་འཛོམས། ཆིན་ཀྲོའུ་དང་ལུང་ཀྲོའུ2གི་ནུབ་རྒྱུད་དུ་དུད་ཁྱིམ་རིམ་གྱིས་ཇེ་ཉུང་ཡིན་ཞིང་ལེང་ཀྲོའུ་ཡི་ནུབ་ཕྱོགས་ནི་མྱ་ངམ་ཐང་ཆེན་ཡིན ། ས་དེའི་འབངས་མིས་ཅི་ཞིག་མཁོ་འདོན་བགྱི་དགོས་སམ། ཕས་རྒོལ་འདུལ་ཐབ་ངེས་ཡིན་དུ་ཆུག་ཀྱང་དེ་ལས་རང་རེར་ཐོབ་ཆ་ག་འདྲ་ཡོད་དམ། ངོ་ལོག་པ་ཚར་གཅོད་པ་ཁོ་ནའི་ཆེད་དུ་ཡིན་ན་ནི་དེར་རིན་དོན་ཅི་འདྲའི་ཆེན་པོ་གཏོང་དགོས་འབྱུང་ཨང་། འགྲོ་སོང་དང་ཐོབ་ཆ་གཉིས་བསྡུར་ཏེ་ཆ་ཆུང་བརྩིས་ཚེ་ཕན་གནོད་གང་ཡོད་གཞི་ནས་རྟོགས་ཐུབ། སྔོན་དུས་གོང་མ་ཐང་ཡའོ3ཡི་དུས་སུ་མཐའ་འཁོབ་མི་རིགས་དང་རྒྱ་མི་གཉིས་ཀ་གཅིག་མཚུངས་སུ་གཅེས་པར་བསྐྱངས་པས་ཕྱི་ནང་གཉིས་ཀ་བདེ་ཞིང་འཆམ། གོང་མ་ཧན་ཝུའུ་ཏིས་རྒྱང་རིང་དུ་དམག་འདྲེན་ཐལ་ཆེ་བས། ཕས་རྒོལ་བཅོམ་ཞིང་ཐོབ་ཆའང་མང་མོད། ཀྲུང་གོ་རང་ཡང་ཉམས་ཤིང་རྒུད་པར་གྱུར། སྔོན་བྱོན་གོང་མའི་མཛད་འཕྲིན་རྨད་དུ་བྱུང་བ་གླེང་མཁན་ད་ལྟའི་སྐྱེ་བོ་རྣམས་ཀྱིས་ཀྱང་དགེ་བའི་མཛད་འཕྲིན་མཐའ་དག་ཐང་ཡའོ་ལ་འཛོམས་པར་རྗོད་པ་ལས་ཧུན་ཝུའུ་ཏི་ལ་འཛོམས་པར་མི་རྗོད། བྱས་རྗེས་འཇོག་པར་བརྔམས་ཀྱང་དོན་ཐོག་ཏུ་སྨིན་མི་ཐུབ་པ་དག་ནི་དེ་བས་བསྡུར་ཐབས་ག་ལ་ཡོད”ཞུས།  སྐབས་དེར་ཡའོ་ཁྲུང་ཡང་ཀོ་ཆན་ཀོན་གྱི་ཐབས་ཇུས་དེར་མི་འཐད་པས་ཀོ་ཆན་ཀོན་གྱིས་བྱས་རྗེས་འཇོག་མ་ཐུབ་པ་རེད།

(བམ་པོ211པའི་ཤོག་ངོས18པ།6712-6713)

སྔར་ཅན་ཁྲ་ཡུས་ཧྲི(ཞིབ་དཔྱོད་དཔོན་པོ)ཀྲང་ཞའོ་སུང་བྱ་བ་བཀའ་ལྟར་ཁོ་ཀྲོའུ་ལ་ཕྱིན་ནས་ཕྱིར་ལོག་རྗེས་བྱེ་ཐང་ནུབ་རྒྱུད4ཀྱི་ཕན་གནོད་ཀྱི་གནས་ཚུལ་སྐོར་ཞིབ་ཏུ་བརྗོད་ཅིང་། དེ་གའི་གནས་བབ་ལ་བལྟ་རུ་ཆས་རྒྱུའི་འདུན་པ་ཞུས་པར་གོང་མས་ཀྱང་དགོངས་པ་འཁྲོལ། སྟབས་སྟུན་གྱིས་དོན་དག་བསྒྲུབས་ཆོག་པའི་བཀའ་གནང་།

པཱ་ཧན་ན་ནི་གནའ་བོའི་ཝུའུ་སུན5གྱི་ས་ཆ་ཡིན། ཐང་ལ་མགོ་བཏགས་ནས་རིང་ཞིག་འདས། བོད་དང་ཏ་ཟིག་གཉིས་ཀྱིས་ཨ་ལིའི་ཏ་བྱ་བ་དེའི་རྒྱལ་པོར་བསྐོས་ཤིང་། དམག་དཔུང་དྲངས་ནས་པཱ་ཧན་ནའི་རྒྱལ་པོ་སྔོན་མར་རྒོལ་དུ་ཆས་གཤིས། པཱ་ཧན་ན་ཡི་རྒྱལ་པོ་དམག་ཕམ་སྟེ་ཨན་ཞིར་བྲོས་ནས་བསྐྱབ་པར་ཞུས། དེར་ཀྲང་ཞའོ་སུང་གིས་ཏུའུ་ཧྲུའུ(སྤྱི་ཁྱབ)ལུའེ་ཞིའུ་ཅིང་ལ“མ་བསྐྱབས་ཚེ་ནུབ་ཡུལ་ལ་བཀའ་བཀོད་གཏོང་ཐབས་མེད”ཅེས་སྨྲས་ཤིང་། ཉེ་འགྲམ་གྱི་རོང་པའི་ཚོ་བའི་དམག་ཁྲི་གཅིག་ལྷག་ཁྲིད་དེ་ཆིའུ་ཚིའི་ནུབ་ཕྱོགས་ཀྱི་ལེ་དབར་སྟོང་ཕྲག་འགའི་སར་བསྐྱོད། མཁར་བརྒྱ་ཕྲག་འགའ་ཕབ་སྟེ་ཐགས་ཐོགས་མེད་པར་མདུན་དུ་ཆས་ཏེ་ཟླ་དེར་ལེན་ཁྲེང་མཁར6དུ་ཨ་ལིའི་ཏར་ཕར་རྒོལ་བྱས། ཀྲང་ཞའོ་སུང་གིས་ཁྲབ་རྨོག་གྱོན་ཅིང་དམག་མིར་ལྟ་སྐུལ་གྱིས་བཙན་རྒོལ་བྱས་པས། སྔ་དྲོའི་ཉིན་གུང་མ་སླེབས་ཙམ་ནས་ཕྱི་དྲོའི་ས་སྲོས་བར་མཁར་གསུམ་བཅོམ་པ་དང་མི་སྟོང་ལྷག་གི་མགོ་བྲེགས། ཨ་ལིའོ་ཏ་དང་རྟ་དམག་འགའ་རི་གྲོག་ཏུ་བྲོས། ཀྲང་ཞའོ་སུང་གིས་རྒྱལ་ཁག་རྣམས་ལ་བཀའ་ཡིག་བསྒྲགས་ཤིང་ཟིལ་ཤུགས་ནུབ་ཡུལ་དུ་ཁྱབ། ཏ་ཟིག་དང་། ཁང་ཅུས།7 ཏ་ཡོན།8 ཅི་པིན9སོགས་རྒྱལ་ཁབ་བརྒྱད་ཀྱིས་ཕོ་ཉ་མངགས་ཏེ་མགོ་འདོགས་རྒྱུའི་རེ་བ་ཞུས། ཕྱིས་སུ་ཁོས་ལྐོག་རྔན་བླངས་ཚུལ་རྗོད་མཁན་བྱུང་བར་བརྟེན་ལེང་ཀྲོའུ་ཡི་བཙོན་དུ་བཅུག་ཅིང་གོ་གནས་ཕབ་སྟེ་ལིང་ཀྲོའུ་ཡི་པིང་ཚའོ་ཚན་ཅུན(དམག་དོན་ཇུས་འདོན་པ)དུ་བསྐོས།

(བམ་པོ211པའི་ཤོག་ངོས19པ 6713-6714)

2 མཆན་འགྲེལ།

1.འདིའི་དགྲ་ཟླ་གཉིས་ཞེས་པ་གྲུ་གུ་ཤར་ནུབ་གཉིས་བསྟན།

2.ལུང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ལུང་རྫོང(陇县)གི་ཤར་ལྷོར་ཡོད། མངའ་ཁོངས་སུཡ་ད་ལྟའི་ཧྲའན་ཞིའི་ཆུ་བོ་ཆན་ཧྲུའེ(千水)འབབ་རྒྱུད་དང་ཀན་སུའུ་ཞིང་ཡི་ཧྭ་ཐིང(华亭)ས་ཆ་འདུས།

3.ཐང་ཡའོ་ཞེས་པ་ནི་རྒྱའི་ངག་རྒྱུན་དུས་རབས་ཀྱི་གོང་མ་རྣམ་ལྔར(ཏི་ལྔ)གྲགས་པའི་བཞི་པ་ཡིན།

4.འདིའི་བྱེ་ཐང་ནུབ་རྒྱུད་ཅེས་པ་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཨེ་ཤེ་ཡ་དབུས་མའི་ས་ཆ་ཁག་ཅིག་ལ་གོ

5.ཝུའུ་སུན་ཞེས་པ་རྒྱའི་ཧན་རྒྱལ་རབས་ཀྱི་དུས་སུ་མདོ་ལ་རིང་མོ་དང་ཏུན་ཧོང་ས་ཆར་ཕྱུགས་འཚོ་བའི་མི་རིགས་ཤིག  ཕྱིས་སུ་ད་ལྟའི་ཞིན་ཅང་གི་ཆུ་བོ་དབྱི་ལི(伊犁河)དང་མཚོ་མོ་དབྱི་སའེ་ཁེའི(伊赛克湖)རྒྱུད་དུ་སྤོས། ལྷོ་བྱང་རྒྱལ་རབས་ཀྱི་དུས་སུ་རི་བོ་ཚུང་ལིང(葱岭)དུ་སྤོས།

6.ལེན་ཁྲང་མཁར་ཞེས་པ་ཨེ་ཤ་ཡ་དབུས་མའི་ཨན་ཡན་ཅི་མཁར (安延集成)ཞེས་པ་དེ་ཡིན།

7.ཁང་ཅུས་ཞེས་པ་གནའ་བོའི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག པར་ཁ་ཧྲི་མཚོ་མོ   (巴尔咯什湖) དང་ཞན་ཧའེ་མཚོ་མོའི(咸海) བར་དུ་ཡོད། རྒྱལ་ས་ད་ལྟའི་ཝུའུ་ཙི་པེ་ཁེ་སི་ཐན་གྱི་ས་མར་ཧན  (散马尔罕)གྲོང་ཁྱེར་དུ་ཡོད།

8.ཏ་ཡོན་ཞེས་པ་གནའ་བོའི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག ཨེ་ཤ་ཡ་དབུས་མའི་ཧྥེར་ཀན་ན (费尔干纳) གཞོང་སར་ཡོད།

9.ཅི་པིན་ཞེས་པ་གནའ་བོའི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག ཐང་རྒྱལ་རབས་ཀྱི་སྐབས་སུ་ད་ལྟའི་ཨྱོན་གྱི་བྱང་ཤར་རྒྱུད་དུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-13

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།