ཁའེ་ཡོན་ཁྲི་ལོ་གཉིས་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་གཉིས་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་གཉིས་པ།(སྤྱི་ལོ714པ)

(ཟླ་ལྔ་པ)ཚེས་ཉེར་གསུམ་གྱི་ཉིན། བོད་ཀྱི་བློན་ཆེན་པོ་དབོན་ད་རྒྱལ1གྱིས་ཐང་གི་ཙའེ་ཞང་བློན་པོར་འཕྲིན་ཡིག་སྤྲིང་དུ་བཅུག་ནས། ཞེ་ཝན་ཧེ་ཡོན་ཅུན་དུ་མངགས་ནས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་གསལ་འབྱེད་དང་དེའི་རྗེས་སུ་མཇལ་དུམ་བྱེད་རྒྱུའི་རེ་བ་ཞུས། ཞེ་ཝན་ཞེས་པ་དེ་སྔོན་ཆད་ཧྲོ་ཧྥང་གི་སྤྱི་འདོམས་དམག་དཔོན་ཆེན་མོ་ཡིན་པར་བརྟེན་བོད་ཀྱིས་དེ་ལྟར་ཞུས་པ་རེད། ཁོ་སྔོན་དུས་སུ་ཅིན་ཙོ་ཀོང་ལུའུ་ཏ་ཧྥུའི2གོ་གནས་ཐོག་ནས་ངལ་གསོས་ཡོད་མོད། གོང་མས་ཁོ་རང་བཀུག་སྟེ་གཡོན་གྲལ་སན་ཆི་ཁྲང་ཧྲིར(གཡོན་གྲལ་སྐུ་འཁོར་དཔོན)བསྐོས་ནས་བོད་དུ་ཕོ་ཉར་མངགས། དེར་གོང་མས་ཙའེ་ཞང་བློན་པོར་བཀའ་ཕབ་སྟེ་དབོན་ད་རྒྱལ་ལ་འཕྲིན་ལན་སྤྲིངས་དུ་བཅུག་ནས་བློ་ཁ་འཇགས་ཐབས་བྱས། ཞེ་ཝན་གྱིས་གོང་མར། བོད་ཀྱིས་མཇུག་མཐར་ངོ་ལོག་རྒྱུའི་ཇུས་ངན་བཤམས་ཡོད་ངེས་ཡིན་པས། དམག་མི་འབུམ་གཅིག་ཆིན་ཀྲོའུ་དང་ཝེ་ཀྲོའུ་སོགས་ཀྲོའུ་ཁག་ཏུ་བསྡད་ནས་བསྲུང་ཞིང་གྲ་སྒྲིག་བྱེད་དགོས་ཚུལ་ཞུས།

(བམ་པོ211པའི་ཤོག་ངོས6པ།6699-6700)

(ཟླ་དྲུག་པ)ཚེས་བཅུ་གཅིག་གི་ཉིན།  བོད་ཀྱིས་བློན་ཆེན་པོ་ཞང་ཆེན་བཟང་བྱ་བ་མངགས་ནས་མཇལ་དུམ་གྱི་ཡི་གེ་ཕུལ།

(བམ་པོ211པའི་ཤོག་ངོས8པ། 6701)

(ཟླ་བརྒྱད་པ)ཚེས་ཉི་ཤུའི་ཉིན། བོད་ཀྱི་དམག་དཔོན་ཆེན་པོ་དབོན་ད་རྒྱལ་དང་དབས་ཁྲི་གཟིགས་གཉིས་ཀྱིས་དམག་འབུམ་གཅིག་ལིན་ཐའོ་ལ་དྲངས་ཤིང་དེ་ནས་དམག་དཔུང་ལན་ཀྲོའུ3རུ་དྲངས། ཝེ་ཡོན4བར་སླེབས་ནས་དེར་འཚོས་པའི་རྟ་རྣམས་འཕྲོག5  ཞུའེ་ནེ་ཞེས་པ་མི་སེར་དཀྱུས་མའི་ཐོབ་ཐང་ཐོག་ནས་གཡོན་རུའི་ཡུས་ལིན་སྐུ་སྲུང་དམག་དཔོན་ཚབ་མ་དང་ལུང་ཡིའུ་ཡི་ཧྥང་ཡུས་ཧྲི(འགོག་སྲུང་དྲག་དཔོན)རུ་བསྐོས་པ་དང་། གཡས་རུའི་ཞའོ་ཝེ་དམག་དཔོན་ཏེ་ཕ་ཡུལ་ཁྲང་ལོའུ6ནས་ཡིན་པའི་ཀོ་ཀྲི་ཡུན་ཧྥུང་ཡུས་ཧྲི་གཞོན་པར་བསྐོས་ཏེ། ཐའེ་ཕུའུ་ཧྲོའི་ཆིང(ཕྱུགས་ལས་གཙོ་སྐྱོང་གཞོན་པ)གི་གོ་ཐོབ་ཅན་ཝང་ཅུན་དང་མཉམ་དུ་དམག་སྣ་འཚོས་ཏེ་འཐབ་ཏུ་བཏང་། ཚེས་ཉེར་དྲུག་གི་ཉིན། དཔའ་དམག་སྡུད་རབ་རྒྱ་ཆེན་པོ་བགྱིས་ཤིང་རྨ་ཆུ་དང་རི་བོ་ལུང་ཧྲན་རྒྱུད་དུ་ཕྱིན་ནས་ཞུའེ་ནེས་དམག་སྦྱོང་བྱས།

སྔར་ཧྲན་ཀྲོའུ་ཡི་ཏུའུ་ཏུའུ་དམག་དཔོན་དབྱང་ཅུས་ཀྱིས་ཅིའུ་ཆུས་ས་ཆ་བོད་ལ་བྱིན། ཡུལ་དེ་ས་གཤིས་གཤིན་ཞིང་རྩྭ་ཆུ་ལེགས་པས་བོད་ཀྱིས་དེར་ཕྱུགས་འཚོ་བ་དང་ཡུལ་དེར་བརྟེན་ནས་ཐང་ལ་རྒོལ་བས་ན། དབྱང་ཅུས་འགྱོད་ཅིང་སྐྲག་ནས་རང་སྲོག་བཅད།

(བམ་པོ211པའི་ཤོག་ངོས10པ། 6704)

དགུན་ཟླ་བཅུ་པར་བོད་ཀྱིས་ཡང་བསྐྱར་ཝེ་ཡོན་དུ་དམག་དྲངས། ཚེས་གཉིས་ཀྱི་ཉིན་གོང་མ་སྐུ་དངོས་ཀྱིས་དམག་སྣེ་འདྲེན་པར་དགོངས་ཏེ་དམག་ཆིག་འབུམ་ལྷག་དང་རྟ་བཞི་ཁྲི་ལྷག་བསྐུལ་རྒྱུའི་བཀའ་ཕབ།

ཚེས་བཅུའི་ཉིན། ཞུས་ནེས་ཝུའུ་ཅེ7ས་ཆར་བོད་དང་འཐབ་སྟེ་བོད་དམག་ལ་ཕམ་ཁ་ཚབས་ཆེན་བསྐུར། དུས་དེར་ཐའེ་ཕུའུ་ཧྲའོ་ཆིང(ཕྱུགས་ལས་གཙོ་སྐྱོང་གཞོན་པ)སྟེ་ལུང་ཡིའུ་ཡི་དམག་རྟའི་སྤྱི་འདོམས་པ་ཝང་ཅུན་གྱིས་དམག་མི་ཉིས་སྟོང་ཁྲིད་ནས་ཞུའེ་ནེ་དང་བསྡེབས་ནས་བོད་ལ་འཐབ། དབོན་ད་རྒྱལ་གྱིས་བོད་དམག་འབུམ་གཅིག་ཁྲིད་ནས་ཏ་ལའེ་གྲོག་མོར8སྒར་བཏབ་པར། ཝང་ཅུན་གྱིས་དཔའ་རྟུལ་བདུན་བརྒྱ་བདམས་ཤིང་དེ་དག་ལ་བོད་ཀྱི་ཆས་གོས་སྤྲས་སུ་བཅུག་ནས་མཚན་མོ་རྒོལ་དུ་བཏང་བ་དང་། དེ་ཚོའི་རྒྱབ་ཕྱོགས་ཀྱི་ལེ་དབར་ལྔའི་སར་རྔ་དང་དུང་མང་པོ་གྲ་སྒྲིག་བྱས། མདུན་རུའི་དམག་དཔུང་གིས་ཀྱང་རྔ་རྡུང་དུང་འབུད་ཀྱིས་རམ་བཏེགས་པ་ན། དགྲ་བོས་དཔུང་ཆེན་སླེབས་པར་སྙམ་ནས་འཇིགས་སྣང་ཆེན་པོ་སྐྱེས། ཕན་ཚུན་གསོད་རྨས་ཐེབས་ཏེ་མི་ཁྲི་ཙམ་ཤི ། དེ་དུས་ཞུའེ་ནེ་ཝུའུ་ཅེ་རུ་ཡོད་ཅིང་དེ་ཏ་ལའི་གྲོག་མོ་དང་རྒྱང་ཐག་ལེ་དབར་ཉི་ཤུས་ཆོད་སར་ཡོད། དགྲ་དཔུང་དེ་གཉིས་ཀྱི་བར་དུ་ཚུད་པས་ཝང་ཅུན་གྱིས་ཡང་བསྐྱར་མཚན་མོ་ཕྱིར་དོན་ནས་ཕར་རྒོལ་བྱས།  དགྲ་དཔུང་ལ་ཐོར་ལུང་ཐོར་དུ་གྱུར་རྗེས་གཞི་ནས་ཞུའེ་ནེའི་དམག་དཔུང་དང་ལྷན་དུ་འཛོམས་ཏེ་ཀླུ་ཆུའི་བར་དུ་དེད། ལྕགས་རི་རིང་པོའི་མཁར་རྫོང་དུ་ཡང་བསྐྱར་འཐབ་ཅིང་དེར་ཡང་བོད་དམག་ཕམ། སྔ་ཕྱིར་མི་ཁྲི་དུ་མ་བསད་པའམ་བཟུང་། ཧྥིང་ཨན་ཅུན9གྱི་དམག་དཔུང་འགོ་འདོམས་པ་ཝང་ཧེའི་པིན་བྱ་བ་འཐབ་ནས་སྲོག་ཤོར།

ཚེས་བཅུ་བཞིའི་ཉིན། ཡའོ་ཁྲུུང་དང་ལུའུ་ཧོའེ་ཧྲེན་སོགས་ཀྱིས་གོང་མའི་སྙན་དུ་གསོལ་དོན། སྔོན་བོད་ཀྱིས་རྨ་ཆུ་ས་མཚམས་སུ་བྱེད་པ་ལ། ཧྲེང་ལུང་ཁྲི་ལོའི་དུས་སུ་ཀོང་ཇོ་གནང་རྗེས་བོད་རྣམས་རྨ་ཆུར་བརྒལ་ཏེ་མཁར་བརྩིགས། ཏུའུ་ཧྲན་དང་ཅིའུ་ཆུས་ཞེས་པའི་ཅུན་གཉིས་ཀྱང་བཙུགས། དེ་དག་རྨ་ཆེན་གངས་རི་དང་ལེ་དབར་སུམ་བརྒྱས་ཆོད། ད་དུང་རྨ་ཆུར་ཟམ་པའང་བཟོས།  ད་ལྟ་བོད་ངོ་ལོག་པར་བརྟེན་ཟམ་པ་དང་མཁར་བཤིགས་པས་དགའ་ཞེས་ཞུས་པར་གོང་མས་དེ་བཞིན་ཞལ་གྱིས་འཆེས།

ཝང་ཧའེ་པིན་གྱི་བུ་ཝང་ཀྲུང་སི་ཞེས་པ་ཁྲའོ་སན་ཏ་ཧྥུ10དང་ཧྲང་ཉན་ཧྥིང་ཡུས(གོང་མའི་ཤིང་རྟ་དང་ཕེབས་བྱམས་དོ་དམ་དཔོན)སུ་བསྐོས་ཏེ་ཕོ་བྲང་དུ་བསྐྱངས།

(བམ་པོ211པའི་ཤོག་ངོས11-12པ། 6705-6706)

(ཟླ་བཅུ་གཅིག་པ)ཚེས་གཅིག་གི་ཉིན། གཡོན་རུའི་ཞའོ་ཝེ་ལང་ཅང(གཡོན་རུའི་ཞའོ་ཝེ་དམག་དཔོན་གཞོན་པ)ཡུས་ཁྲི་ཀུའེ་བོད་དུ་ཕོ་ཉར་མངགས་ཏེ་གྱིམ་ཤང་ཀོང་ཇོར་འཚམ་འདྲི་དང་སེམས་གསོ་ཞུས། བོད་ཀྱིས་བློན་ཆེན་ཙུང་ཨོ་དབྱིན་མའོ11ཞེས་པ་ཐའོ་ཧྲུའེ་རུ་ཞི་འདུམ་དུ་མངགས་མོད། ཐོབ་ཐང་འདྲ་མཉམ་ཡིན་པའི་རྒྱལ་ཁབ་ཀྱི་གུས་ལུགས་སྤྱད་པས་གོང་མས་ཞལ་བཞེས་མ་གནང་། དེ་ནས་བཟུང་ལོ་ལྟར་མཐའ་མཚམས་ལ་གཙེ་བར་གྱུར།

(བམ་པོ211པའི་ཤོག་ངོས12པ། 6706)

(ཟླ་བཅུ་གཉིས་པ)ཚེས་བཅུ་གཅིག་གི་ཉིན་ལུང་ཡིའུ་རུ་ཅེ་ཏུའུ་ཏ་ཧྲི་བསྐོས། དེའི་བདག་སྐྱོང་བྱེད་ཁོངས་སུ་ཧྲན་ཀྲོའུ་དང་། ཧྥིང་ཀྲོའུ།12 ཧོ་ཀྲོའུ།13 ཝེ་ཀྲོའུ། ལན་ཀྲོའུ། ལིན་ཀྲོའུ།14 ཝུའུ་ཀྲོའུ།16 ཐའོ་ཀྲོའུ། རྨིན་ཀྲོའུ།17 ཀོ་ཀྲོའུ།18 ཏེ་ཀྲོའུ།19 ཏང་ཀྲོའུ20བཅས་ཀྲོའུ་བཅུ་གཉིས་ཡོད། ལུང་ཡིའུ་ཧྥང་ཡུས་ཧྥུ་ཧྲི(འགོག་སྲུང་དྲག་དཔོན་གཞོན་པ)ཀོ་ཀྲི་ཡུན་དེ་དག་གི་དཔོན་དུ་བསྐོས།

(བམ་པོ211པའི་ཤོག་ངོས12པ།6706-6707)

2 མཆན་འགྲེལ།

1.བློན་ཆེན་པོ་འདིའི་མིང་རྒྱ་ཡིག་མ་ཕྱིར་པིན་ཏ་ཡན(坌达延)ཞེས་བྲིས་ཡོད། ཏུན་ཧོང་ཡིག་རྙིང་དུ་དཔོན་ད་རྒྱལ་ཁྲི་ཟུང་དང་དབོན་ད་རྒྱལ་བཙན་ཟུང་བྱ་བ་གཉིས་སྔ་ཕྱིར་བྱུང་ཞིང་། སྐབས་འདི་ཙམ་དུ་དབོན་ད་རྒྱལ་བཙན་ཟུང་གིས་ལོ་རེའི་འདུན་མ་ཡང་ཡང་བསྡུས་ཚུལ་བཀོད་ཡོད་པས་འདི་ཉིད་དབོན་ད་རྒྱལ་བཙན་ཟུང་ཡིན་ནམ་སྙམ།

2.ཐང་རྒྱལ་རབས་ཀྱི་དུས་སུ་རིམ་གསུམ་ཞི་བློན་ཐོར་བུའི་རིགས་སུ་གཏོགས།

3.ལན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར(兰州市)དུ་ཡོད། ཐང་གི་དུས་སུ་དེའི་མངའ་ཁོངས་སུ་ད་ལྟའི་ལན་ཀྲོའུ་གྲོང་ཁྱེར་དང་། ལིན་ཐའོ(临洮)ཡུས་ཀྲུང་། (榆中)ཡུང་ཏེང(永登)སོགས་རྫོང་ཁག་ཡོད།

4.ཝེ་ཡོན་ཞེས་པ་ནི་ཀན་སུའུ་ཞིང་ཆེན་ཤར་རྒྱུད་ཀྱི་ཆུ་བོ་ཝེ་ཧོ(渭河)ཡི་སྟོད་རྒྱུད་དུ་ཡོད་པའི་རྫོང་ཞིག

5.ཏུན་ཧོང་ཡིག་རྙིང་དུ་ལོ་འདིར“འབོན་ད་རྒྱལ། དང་། བློན་ཆེན་ཕོ། ཁྲྀ་གཟིགས། གཉྀས། གྱིས། འབུ་ཤྀང་ཀུན་དུ་དྲ་མ། དྲངསྟེ། སླར་འཁོརད་པར་ལོ་གཆིག”ཅེས་འཁོད་པ་དང་མཐུན་པར་སྣང་།

6.ཁྲང་ལོའུ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཨན་ཞི་རྫོང(安西县)གི་བྱང་ཕྱོགས་སུ་ཡོད།

7.ཝུའུ་ཅེ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང(临洮县)གི་ཤར་ཕྱོགས་སུ་ཡོད།

8.ཏ་ལའེ་གྲོག་མོ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང(临洮县)གི་ལྷོ་ཕྱོགས་སུ་ཡོད།

9.ཧྥིང་ཨན་ཅུན་ནི་ད་ལྟའི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུང་ཝེ་རྫོང(中卫县)དུ་ཡོད།

10.བོད་ཀྱིས་བཙུགས་པའི་ཏུའུ་ཧྲན་དང་ཅིའུ་ཆུས་ཞེས་པའི་ཅུན་འདི་གཉིས་ཡོད་ས《ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྒྲིགས》ལྟར་ན་དང་པོ་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབལ་རྫོང་ངམ་ཐུན་ཏེ་རྫོང(同德县)དང་། ཅིག་ཤོས་མང་ར་རྫོང་ངམ་ཀོན་ནན་རྫོང(贵南县)དུ་ཡོད།

11.ཁྲའོ་སན་ཏ་ཧྥུ་ཞེས་པ་ཞི་དཔོན་གྱི་དཔོན་ཐོབ་ཐོར་བུའི་རིགས་སུ་གཏོགས། ཐང་རྒྱལ་རབས་ཀྱི་སྐབས་སུ་དཔོན་གནས་རིམ་པ་བཅུ་གསུམ་པར་གཏོགས།

12.བོད་ཀྱི་བློན་པོ་འདིའི་མིང་རྒྱ་ཡིག་མ་ཕྱིར宗俄因子ཞེས་བྲིས་ཡོད།དེ་ཐང་ཡིག་གསར་རྙིང་གཉིས་ཀར་ཙུང་ཨོ་དབྱིན་ཙི(宗俄因子)ཞེས་བྲིས་པ་དང་ཅུང་མི་མཐུན་ཞིང་།དོམ་དམ་བོད་སྐད་དུ་སྒྲ་ཇི་ལྟར་ཡིན་པ་མ་ངེས་པས་རྒྱ་ཡིག་གི་སྒྲ་སོར།

13.ཧྥིང་ཀྲོའུ་ཞེས་པ་འདི་རྒྱ་ཡིག་མ་ཕྱིའི་མཆན་འགྲེལ་དུ་ཆིན་ཀྲོའུ་ཡིན་དགོས་ཞེས་བཀོད། ཆིན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཐེན་ཧྲུའེ་གྲོང་ཁྱེར(天水市)དུ་ཡོད།

14.ཧོ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀ་ཆུ་གྲོང་ཁྱེར(临夏市)དུ་ཡོད།

15.ལིན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལིན་ཐའོ་རྫོང(临洮县)དུ་ཡོད།

16.ཝུའུ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་ཝུའུ་ཏུའུ་རྫོང(武都县)གི་ཤར་ལྷོར་ཡོད། མངའ་ཁོངས་སུ་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཏུའུ་རྫོང་གི་ནུབ་བྱང་ནས་ཆུ་བོ་ལིན་ཅང(临江)ཉེ་འཁོར་གྱི་འབྲུག་ཆུའི་འབབ་རྒྱུད་འདུས།

17.རྨིན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་རྨིན་རྫོང(珉县)དུ་ཡོད།

18.ཀོ་ཀྲོའུ་ཞེས་པ་འདི་རྒྱ་ཡིག་མ་ཕྱིའི་མཆན་འགྲེལ་ཁོ་ཀྲོའུ(廓州)ཡིན་དགོས་ཞེས་བཀོད། ཁོ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་རྫོང་ངམ་དཔའ་ལུང་རྫོང(化隆县)ནུབ་ཕྱོགས་ཀྱི་རྨ་ཆུའི་བྱང་འགྲམ་དུ་ཡོད།

19.ཏེ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང(铁部县)དུ་ཡོད།

20.ཏང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཐན་ཁྲང་རྫོང(屯昌县)གི་ཤར་ནུབ་ཏུ་ཡོད། མངའ་ཁོངས་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཐན་ཁྲང(屯昌县)དང་འབྲུག་ཆུ་རྫོང(舟曲县)གཉིས་ཀྱི་ས་དང་ཕལ་ཆེར་མཉམ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།