རྒྱ་བརྒྱུད་ཚད་མ་རིག་པ་ཉམས་རྒུད་དུ་གྱུར་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་རྒྱལ་རབས་ཀྱི་སྐབས་སུ་ཧྱན་ཙང་དང་ཁུའེ་ཅི་སོགས་ཀྱི་བཀའ་དྲིན་ལས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་རྒྱའི་སྐད་དུ་བསྒྱུར་བ་དང་དེར་གཞུང་འགྲེལ་མཛད་དེ་ཚད་མ་རིག་པ་རྒྱ་ནག་ཏུ་དར་སྤེལ་དུ་བཏང་། ཕྱིས་སུ་ཚད་མ་རིག་པ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལུགས་ཁོ་ནར་བརྟེན་པའི་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་དུ་སོང་བ་དང་། དེ་ནས་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཉམས་རྒུད་དུ་གྱུར་བ་དང་བསྟུན་ནས་ཚད་མ་རིག་པའང་རིམ་བཞིན་ཉམས་རྒུད་དུ་གྱུར་བ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱ་བརྒྱུད་ཚད་མ་རིག་པ།
རྒྱ་ཡིག་གི་མིང་།
汉传因明学
1 ནང་དོན་མདོར་བསྟན། 

ཐང་རྒྱལ་རབས་ཀྱི་སྐབས་སུ་ཧྱན་ཙང་དང་ཁུའེ་ཅི་སོགས་ཀྱི་བཀའ་དྲིན་ལས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་རྒྱའི་སྐད་དུ་བསྒྱུར་བ་དང་དེར་གཞུང་འགྲེལ་མཛད་དེ་ཚད་མ་རིག་པ་རྒྱ་ནག་ཏུ་དར་སྤེལ་དུ་བཏང་། ཕྱིས་སུ་ཚད་མ་རིག་པ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལུགས་ཁོ་ནར་བརྟེན་པའི་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་དུ་སོང་བ་དང་།  དེ་ནས་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཉམས་རྒུད་དུ་གྱུར་བ་དང་བསྟུན་ནས་ཚད་མ་རིག་པའང་རིམ་བཞིན་ཉམས་རྒུད་དུ་གྱུར་བ་རེད། 

2 རྒྱུ་རྐྱེན།

ཐང་རྒྱལ་རབས་ཀྱི་སྐབས་སུ་ཧྱན་ཙང་རྒྱ་གར་དུ་ཕེབས་ཏེ་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་པོ་ཏི་སུམ་ཅུ་སོ་དྲུག་ལྷག་ཁྱེར་ནས་རྒྱལ་ས་ཁྲང་ཨན་དུ་ཕྱིར་ལོག་པ་དང་། སློབ་མ་མང་པོ་བསྡུས་ཏེ་ཚད་མ་རིག་པ་རྒྱ་ཆེར་སྤེལ་ཡང་ཡུན་རིང་མ་ཕྱིན་པར་ཉམས་རྒུད་དུ་གྱུར། ཐང་རྒྱལ་རབས་སྐབས་ཀྱི་ཚད་མ་རིག་པ་སློབ་གཉེར་བྱེད་མཁན་གྱི་མི་མང་ཆེས་བ་ཧྱན་ཙང་གི་སློབ་མ་དག་ཡིན་པ་དང་། ཁོང་རྣམས་ནི་རྒྱ་བརྒྱུད་སེམས་ཙམ་པའི་ནང་ཚན་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའི་སྲོལ་འཛིན་ཁོ་ན་ཡིན་པས། ཚད་མ་རིག་པ་དང་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་གཉིས་ནི་གཅིག་ལ་གཅིག་རྟེན་གྱི་ཚུལ་ཏུ་དར་སྤེལ་བྱུང་བ་ཡིན། ཚད་མ་རིགས་སྒོ་དང་རིགས་འཇུག་གཉིས་ནི་སེམས་ཙམ་པའི་ལྟ་བ་རྨང་གཞིར་བྱས་ཏེ་གྲུབ་པ་ཡིན་ཞིང་། ཧྱན་ཙང་གིས་བསྟན་བཅོས་འདི་གཉིས་རྒྱའི་སྐད་དུ་བསྒྱུར་བའི་ཐོག་མའི་དམིགས་ཡུལ་ཡང་སེམས་ཙམ་པའི་ལྟ་བ་ལེགས་པར་རྟོགས་ཐུབ་རྒྱུ་དེ་ཡིན་པ་དང་། ཚད་མ་རིག་པ་ཞིབ་འཇུག་དང་དར་སྤེལ་གཏོང་བར་ངེས་པར་དུ་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལུགས་ལ་བརྟེན་དགོས་པ་དང་། ཚད་མ་རིག་པ་གྲུབ་མཐའི་དབང་དུ་སོང་སྟེ་རྒྱ་བརྒྱུད་སེམས་ཙམ་པའི་ནང་ཚན་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཁོ་ནའི་ཁྱད་ཆོས་སུ་གྱུར། དེས་ན་གོང་གསལ་བཞིན་རྒྱ་བརྒྱུད་སེམས་ཙམ་པའི་ནང་ཚན་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་དང་ཚད་མ་རིག་པ་གཉིས་ནི་གཅིག་ལ་གཅིག་རྟེན་གྱི་ཚུལ་ཏུ་དར་སྤེལ་བྱུང་བ་དང་། ཚད་མ་རིག་པ་ཞིབ་འཇུག་བྱེད་པར་ངེས་པར་དུ་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལུགས་ལ་བརྟེན་དགོས་པས། ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཉམས་རྒུད་དུ་གྱུར་བ་དང་བསྟུན་ནས་ཚད་མ་རིག་པའང་ཉམས་རྒུད་དུ་གྱུར་ཞིང་། ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཉམས་རྒུད་དུ་གྱུར་བ་ནི་ཚད་མ་རིག་པ་ཉམས་རྒུད་དུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ། །

3 ​གྱུར་ཚུལ།

དེ་ཡང་ཐང་རྒྱལ་རབས་ཀྱི་སྐབས་སུ་ཧྱན་ཙང་དང་ཁུའེ་ཅི་སོགས་ཀྱི་བཀའ་དྲིན་ལས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་རྒྱའི་སྐད་དུ་བསྒྱུར་ཐོག་དེར་གཞུང་འགྲེལ་མཛད་དེ་ཚད་མ་རིག་པ་རྒྱ་ནག་ཏུ་དར་སྤེལ་དུ་བཏང་།ཡིན་ནའང་ཚད་མ་རིག་པ་དར་སྤེལ་གྱི་ཁྱབ་ཁོངས་ཤིན་ཏུ་ཆུང་བར་སྣང་སྟེ། ཚད་མ་རིག་པ་ཞིབ་འཇུག་དང་དར་སྤེལ་གཏོང་རྒྱུ་ནི་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཁོ་ནའི་འགན་ཁུར་ལྟ་བུར་གྱུར་པ་དང་། ཡང་ན་ཚད་མ་རིག་པ་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ནང་ཁུལ་དུ་དར་སྤེལ་གཏོང་བའི་སྲོལ་ཆགས་པ་ཡིན། དེའི་རྐྱེན་གྱིས་ཆོས་ཀྱི་མཚན་ཉིད་ཀྱི་གྲུབ་མཐའ་ཉམས་རྒུད་དུ་སོང་བ་དང་བསྟུན་ནས་ཚད་མ་རིག་པའང་ཉམས་རྒུད་དུ་གྱུར། དེ་ཡང་སྐུ་ཞབས་ཐང་ཡོན་ཐིང་ལགས་ཀྱིས་ཝུའུ་ཙེ་ཐན་གྱིས་རྒྱལ་སྲིད་བཟུང་རྗེས། ནང་བསྟན་རིག་གནས་ལ་ངན་རྐྱེན་མང་པོ་བྱུང་སོང་ཞེས་གསུངས་བ་ཇི་བཞིན། སྤྱི་ལོ690 ལོར་ཝུའུ་ཙེ་ཐན་གྱིས་རྒྱལ་སྲིད་བཟུང་རྗེས། གྲུབ་མཐའ་ལ་རིས་སུ་མ་ཆད་པའི་སྒོ་ནས་ནང་བསྟན་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཡབ་མེས་ཀྱི་སྲོལ་བཟང་མེད་པར་བཟོས་པ་དང་། བསམ་གཏན་པའི་གྲུབ་མཐའ་ཁོ་ནར་རྒྱབ་སྐྱོར་བྱས་པས། རྒྱ་བརྒྱུད་སེམས་ཙམ་པའི་གྲུབ་མཐའ་གཙོ་བྱས་པའི་གྲུབ་མཐའ་གཞན་རྣམས་རང་ཤུགས་ཀྱི་ཉམས་རྒུད་དུ་གྱུར་སོང་། དེ་དང་བསྟུན་ནས་ནང་བསྟན་བཀག་འགོག་གི་དོན་རྐྱེན་རྒྱུན་མ་ཆད་པར་བྱུང་བ་དང་། བསོད་སྙོམས་སློང་བ་དང་སྒོམ་རྒྱག་པ། ཁ་བཏོན་འདོན་པའི་གྲྭ་བ་ཁ་ཤས་མ་གཏོགས་དེར་ཞིབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་ཞིང་། ལྷག་པར་དུ་ཚད་མ་རིག་པར་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་དེ་བས་ཀྱང་ཉུང་བར་གྱུར། ཝུའུ་ཙེ་ཐན་གྱིས་རྒྱལ་སྲིད་བཟུང་བ་ནས་ཐང་རྒྱལ་རབས་དུས་མཇུག་བར་ཏུ་ཧ་ལམ་ལོ་ངོ་བརྒྱ་དང་ལྔ་བཅུ་ཕྱིན་མོད། ཡིན་ནའང་དེའི་རིང་ལ་ཚད་མ་རིག་པའི་གཞུང་འགྲེལ་སྐོར་གྱི་བསྟན་བཅོས་བཅུ་ལྷག་ལས་མ་བྱུང་ལ། བྱུང་བ་དེ་དག་ཀྱང་བོར་བརླག་ཏུ་སོང་། དེའི་རྗེས་ཀྱི་རྒྱལ་རབས་ལྔ་བྱུང་བ་ནས་ཡོན་རྒྱལ་རབས་དུས་མཇུག་བར་གྱི་ལོ་ངོ་བཞི་བརྒྱ་དྲུག་ཅུའི་རིང་དུ། ཚད་མ་རིག་པའི་གཞུང་འགྲེལ་ཟིན་བྲིས་སུ་བཏབ་པའི་དཔེ་ཆ་བཅུ་བདུན་ལྷག་བྱུང་བ་དང་། དེ་དག་ལས་གཅིག་མ་གཏོགས་གཞན་རྣམས་བོར་བརླག་ཐེབས། དེ་ལྟར་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཚད་མའི་གཞུང་འགྲེལ་རྣམས་རེ་རེ་བཞིན་བོར་བརླག་ཏུ་སོང་བ་དང་། ཡོན་རྒྱལ་རབས་ཀྱི་སྐབས་སུ་སླེབས་པ་ན་ཚད་མའི་གཞུང་འགྲེལ་གཅིག་ཀྱང་མཐོང་རྒྱུ་མེད་པར་གྱུར། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-29

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།