རྒྱ་བརྒྱུད་ཚད་མ་རིག་པའི་བྱུང་འཕེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་བདུན་བརྒྱ་ཙམ་བྱོན་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཐབས་ལ་མཁས་པའི་སེམས་བསྟན་པ་ཞེས་བྱ་བའི་གཞུང་དེ་བྱུང་ལ། དེ་ནི་ནང་བ་སངས་རྒྱས་པའི་གཏན་ཚིགས་རིག་པའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པར་གྲགས། གཞུང་དེ་བོད་ལ་འགྱུར་མེད་པས་བོད་ཀྱི་བསྟན་འགྱུར་དུ་མི་བཞུགས། ཅིན་རྒྱལ་རབས་ཤར་མའི(317—420)དུས་མཇུག་ཏུ་པ་ཐའོ་ལོ་ཞེས་པས་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བ་དང་། ཡུན་རིང་མ་ཕྱིན་པར་བོར་བརླག་ཐེབས་པར་འདོད་པ་རེ་གཉིས་ཡོད་ཀྱང་། ཡོངས་གྲགས་སུ་ཝེ་རྒྱལ་རབས་བྱང་མའི(386—534)དུས་ཏེ་སྤྱི་ལོ472 ལོར་རྒྱ་ནག་གི་མཁས་པ་ཅི་ཅ་ཡེར་དང་ཐན་ཡོའོ་ལེའུ་ཀྲི་གཉིས་ཀྱིས་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བར་འདོད་པ་ཡིན། ཡང་རྒྱ་ནག་ཆོས་འབྱུང་དུ། རྩོད་པ་ཟློག་པ་ཀླུ་སྒྲུབ་ཀྱིས་མཛད་པ་དྲང་སྲོང་བི་མུ་ཏྲིའི་འགྱུར་ཞེས་གསུངས་བ་བཞིན་ཝེ་རྒྱལ་རབས་ཤར་མའི(534—550)དུས་ཏེ་སྤྱི་ལོ541ལོར་རྒྱ་ནག་གི་མཁས་པ་བི་མུ་ཏྲིས་རྩོད་པ་ཟློག་པ་ཞེས་བྱ་བའི་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བ་དང་། འདི་གཉིས་ནི་ཕྱོགས་གླང་གོང་རོལ་གྱི་རྒྱ་གར་གྱི་ཚད་མ་རྙིང་མའི་གྲས་སུ་གཏོགས་པ་ཡིན། རྒྱ་ནག་ཏུ་རྒྱལ་རབས་བྱང་མའི་དུས་ནས་ཚད་མ་རིག་པའི་བསྟན་བཅོས་བསྒྱུར་བའི་དབུ་བརྙེས་ཀྱང་སྐབས་དེར་འཆད་ཉན་དར་མ་ཐུབ་ལ། ཚད་མའི་བསྟན་བཅོས་དང་འགྲེལ་བ་སོགས་རང་གིས་བརྩམས་པ་མེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱ་བརྒྱུད་ཚད་མ་རིག་པ།
རྒྱ་ཡིག་གི་མིང་།
汉传因明学
1 ​ རྒྱ་འགྱུར་ཚད་གཞུང་གི་དབུ་བརྙེས་ཚུལ།

སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་བདུན་བརྒྱ་ཙམ་བྱོན་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཐབས་ལ་མཁས་པའི་སེམས་བསྟན་པ་ཞེས་བྱ་བའི་གཞུང་དེ་བྱུང་ལ། དེ་ནི་ནང་བ་སངས་རྒྱས་པའི་གཏན་ཚིགས་རིག་པའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པར་གྲགས། གཞུང་དེ་བོད་ལ་འགྱུར་མེད་པས་བོད་ཀྱི་བསྟན་འགྱུར་དུ་མི་བཞུགས། ཅིན་རྒྱལ་རབས་ཤར་མའི(317—420)དུས་མཇུག་ཏུ་པ་ཐའོ་ལོ་ཞེས་པས་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བ་དང་། ཡུན་རིང་མ་ཕྱིན་པར་བོར་བརླག་ཐེབས་པར་འདོད་པ་རེ་གཉིས་ཡོད་ཀྱང་། ཡོངས་གྲགས་སུ་ཝེ་རྒྱལ་རབས་བྱང་མའི(386—534)དུས་ཏེ་སྤྱི་ལོ472 ལོར་རྒྱ་ནག་གི་མཁས་པ་ཅི་ཅ་ཡེར་དང་ཐན་ཡོའོ་ལེའུ་ཀྲི་གཉིས་ཀྱིས་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བར་འདོད་པ་ཡིན། ཡང་རྒྱ་ནག་ཆོས་འབྱུང་དུ། རྩོད་པ་ཟློག་པ་ཀླུ་སྒྲུབ་ཀྱིས་མཛད་པ་དྲང་སྲོང་བི་མུ་ཏྲིའི་འགྱུར་ཞེས་གསུངས་བ་བཞིན་ཝེ་རྒྱལ་རབས་ཤར་མའི(534—550)དུས་ཏེ་སྤྱི་ལོ541ལོར་རྒྱ་ནག་གི་མཁས་པ་བི་མུ་ཏྲིས་རྩོད་པ་ཟློག་པ་ཞེས་བྱ་བའི་གཞུང་དེ་རྒྱའི་སྐད་དུ་བསྒྱུར་བ་དང་། འདི་གཉིས་ནི་ཕྱོགས་གླང་གོང་རོལ་གྱི་རྒྱ་གར་གྱི་ཚད་མ་རྙིང་མའི་གྲས་སུ་གཏོགས་པ་ཡིན། རྒྱ་ནག་ཏུ་རྒྱལ་རབས་བྱང་མའི་དུས་ནས་ཚད་མ་རིག་པའི་བསྟན་བཅོས་བསྒྱུར་བའི་དབུ་བརྙེས་ཀྱང་སྐབས་དེར་འཆད་ཉན་དར་མ་ཐུབ་ལ། ཚད་མའི་བསྟན་བཅོས་དང་འགྲེལ་བ་སོགས་རང་གིས་བརྩམས་པ་གང་ཡང་མེད་དོ།།     

2  འགྱུར་དང་གཞུང་འགྲེལ་རྒྱ་ཆེར་བྱུང་ཚུལ།
2_1  འགྱུར་གཞུང་བྱུང་ཚུལ།

དེ་ཡང་སྤྱི་ལོ་དུས་རབས་དྲུག་པར་རྒྱ་གར་གྱི་བཙུན་པ་དོན་དམ་པས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་རྟོག་གེའི་བསྟན་བཅོས་དང་ལྡོག་དངོས་བསྟན་བཅོས། ཚར་གཅོད་པའི་བསྟན་བཅོས་གསུམ་པོ་རྒྱ་ནག་གི་སྐད་དུ་བསྒྱུར་བ་ཡིན་ལ། རྒྱ་ཡིག་གི་བསྟན་འགྱུར་ཆེན་མོའི་དཀར་ཆག་ནང་དུ་ཁ་བྱང་འཁོད་པ་དང་ལོ་ཙྰ་བ་དོན་དམ་པས་མཛད་པའི་འགྲེལ་པའི་བསྟན་བཅོས་ཁག་གསུམ་ཀྱང་འཁོད་ཡོད། ཡིན་ནའང་ཕྱིས་སུ་བསྟན་བཅོས་དེ་གསུམ་པོ་ལས་གཅིག་ལས་ལྷག་མེད་ལ་འགྲེལ་བ་གསུམ་ཀ་ཡོངས་སུ་མེད་བརླག་ཏུ་གྱུར། ད་ཡོད་ལྷག་པའི་བསྟན་བཅོས་གཅིག་པོ་དེར་སྤྱིར་རྟོག་གེའི་བསྟན་བཅོས་ཞེས་སུ་འཁོད་ནའང་དེ་དག་ཤོག་ཚར་ཁག་ཅིག་ལས་མེད་པས་ཕལ་ཆེར་བསྟན་བཅོས་དེ་གསུམ་གྱི་ལྷག་འཕྲོ་ཡིན་བཟོ་འདུག དྲིན་ཀོན་ཁྲི་ལོ་གསུམ་པ་ས་གླང(629)ལོར་ཧྱན་ཙང་(602—664)རྒྱ་གར་དུ་ཕེབས་ཤིང་། ལོ་བཅུ་བཞིའི་རིང་རྒྱ་གར་གྱི་ཡུལ་ཐམས་ཅད་དུ་གནས་མཇལ་དང་སློབ་གཉེར་ཟུང་འབྲེལ་གནང་བ་དང་། སློབ་དཔོན་དགེ་འདུན་གྲགས་པ་དང་བི་ཤུད་དྷ་སིངྷ། ཛ་ཡ་བནྔྷ། སུརྱ་དེ་ཝ། ཛི་ན་ར་ཀྴི་ཏ་སོགས་མཁས་པ་སུམ་ཅུ་ལྷག་ཙམ་བསྟེན་ནས་ཚད་མ་དང་མངོན་པ། དབུ་མ། འདུལ་བ་སོགས་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར། ཁོང་གིས་དྲིན་ཀོན་ཁྲི་ལོ་བཅུ་དགུ་པ་ཤིང་སྦྲུལ(629)ལོར་རྒྱ་གར་ནས་ཏ་ལའི་ལོ་མར་བྲིས་པའི་ཆོས་དཔེ་པོ་ཏི་དྲུག་རྒྱ་ལྔ་བཅུ་ང་བདུན(དེའི་ནང་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་པོ་ཏི་སུམ་ཅུ་སོ་དྲུག་ཡོད།)ཁྱེར་ནས་རྒྱལ་ས་ཁྲང་ཨན་དུ་ཕྱིར་ལོག་པ་དང་། ཁྲང་ཨན་ཧུང་ཧྥུ་དགོན་པར་ཧྭ་ཤང་ལི་བཞུན་སོགས་དགེ་བཤེས་མཁས་པ་བཅུ་གཉིས་ལྷག་གི་རོགས་རམ་ལ་བརྟེན་ནས་བྱམས་ཆོས་སྡེ་ལྔ་སོགས་བཀའ་བསྟན་པོ་ཏི་བདུན་ཅུ་དོན་ལྔ་ལྷག་དང་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་ཁག་ཅིག་རྒྱ་ནག་གི་སྐད་དུ་བསྒྱུར་བ་ཡིན་ཏེ། དྲིན་ཀོན་ཁྲི་ལོ་ཉི་ཤུ་བ་སྤྱི་ལོ646 ལོར་བྱམས་པས་གསུངས་ཤིང་ཐོགས་མེད་ཀྱིས་ཡི་གེར་བཏབ་པའི་རྣལ་འབྱོར་སྤྱོད་པའི་ས(གཞུང་དེའི་དོན་ཚན་བཅོ་ལྔ་བ་དང་སོ་བརྒྱད་པ་ནི་ཚད་མ་རིག་པའི་སྐོར་ཡིན།)ཞེས་བྱ་བ་དང་མངོན་པ་ཆོས་ཀུན་ལས་བཏུས་པའི་རྣམ་པར་བཤད་པ(གཞུང་དེའི་དོན་ཚན་བརྒྱ་དང་བརྒྱད་ཅུ་པ་ནི་ཚད་མ་རིག་པའི་སྐོར་ཡིན།)ཞེས་བྱ་བ་གཉིས་རྒྱའི་སྐད་དུ་བསྒྱུར་བ་དང་། ཡོན་ཧེ་ཁྲི་ལོ་གསུམ་པ་སྤྱི་ལོ 652 ལོར་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཆོས་ཀུན་ལས་བཏུས་པ་(གཞུང་དེའི་དོན་ཚན་བདུན་པ་ནི་ཚད་མ་རིག་པའི་སྐོར་ཡིན།)ཞེས་བྱ་བ་རྒྱའི་སྐད་དུ་བསྒྱུར་བ་ཡིན་ལ། བསྟན་བཅོས་འདི་གསུམ་ཀྱི་ནང་དུ་བཀོད་པའི་ཚད་མ་རིག་པའི་སྐོར་ནི་ཕྱོགས་གླང་གོང་རོལ་གྱི་རྒྱ་གར་གྱི་ཚད་མ་རྙིང་མའི་གྲས་སུ་གཏོགས་པ་ཡིན། དེ་ནས་དྲིན་ཀོན་ཁྲི་ལོ་ཉེར་གཅིག་པ་སྤྱི་ལོ647 ལོར་བདེ་བྱེད་བདག་པོས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ(བོད་རྣམས་ཀྱིས་གཞུང་འདི་ཕྱོགས་གླང་གི་རིགས་སྒོ་དང་གཅིག་ཡིན་པར་འདོད་ཀྱང་། ཚད་མའི་གཞུང་ཆེན་རྣམས་སུ་རིགས་འཇུག་ནས་ལུང་དྲངས་བ་རིགས་སྒོར་མི་གསལ་བས་དེ་གཉིས་སོ་སོ་ཡིན་པར་འདུག)ཞེས་བྱ་བ་རྒྱའི་སྐད་དུ་བསྒྱུར་བ་དང་། དྲིན་ཀོན་ཁྲི་ལོ་ཉེར་གསུམ་པ་སྤྱི་ལོ649 དང་ཞན་ཆིན་ཁྲི་ལོ་གཉིས་པ་སྤྱི་ལོ657 གཉིས་ལ་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བ་དང་དམིགས་པ་བརྟག་པ་ཞེས་བྱ་བ་གཉིས་རྒྱའི་སྐད་དུ་བསྒྱུར་བ་ཡིན་ལ། བསྟན་བཅོས་འདི་གསུམ་ནི་ཕྱོགས་གླང་རྗེས་ཀྱི་རྒྱ་གར་གྱི་ཚད་མ་གསར་མའི་གྲས་སུ་གཏོགས་པ་ཡིན། གོང་གསལ་ཧྱན་ཙང་གིས་བསྒྱུར་བའི་བསྟན་བཅོས་འདི་དག་ལས་ཚད་མ་རིགས་སྒོ་དང་རིགས་འཇུག་གཉིས་ནི་ཤིན་ཏུ་གཙོ་ཆེ་སྟེ། རྒྱ་བརྒྱུད་ཚད་མ་རིག་པ་ནི་བསྟན་བཅོས་འདི་གཉིས་རྨང་གཞི་བྱས་ཏེ་དར་སྤེལ་བྱུང་བ་ཡིན། ཧྱན་ཙང་གིས་དྲིན་ཀོན་ཁྲི་ལོ་ཉི་ཤུ་བ་སྤྱི་ལོ646 ལོར་རྣལ་འབྱོར་སྤྱོད་པའི་ས་ཞེས་པ་རྒྱ་སྐད་དུ་བསྒྱུར་བ་དང་བསྟུན་ནས་རྒྱ་ནག་ཏུ་ཚད་མ་རིག་པ་དར་འགོ་ཚུགས་པ་ཡིན་ཏེ། བསྟན་བཅོས་དེར་བསྟན་པའི་ཚད་མའི་སྐོར་གྱི་ནང་དོན་ལེགས་པར་གསལ་གཤད་བྱེད་ཆེད་ཚད་མ་རིགས་འཇུག་རྒྱའི་སྐད་དུ་བསྒྱུར་བ་ཡིན། དེ་ཡང་ཚད་མ་རིག་པའི་འབྱུང་ཁུངས་དང་འཕེལ་རྒྱས་ཞེས་པ་ལས། ཧྱན་ཙང་གིས་ཚད་མ་རིག་པ་རྒྱའི་སྐད་དུ་བསྒྱུར་བ་ནི་དགོས་མེད་དུ་སྙམ་པ་དང་། རྣལ་འབྱོར་སྤྱོད་པའི་ས་ཞེས་པའི་བསྟན་བཅོས་དེའི་དོན་ཚན་བཅོ་ལྔ་བ་དང་སོ་བརྒྱད་པ་ནི་ཚད་མ་རིག་པའི་སྐོར་ཡིན་པས། བསྟན་བཅོས་ཧྲིལ་བོ་བསྒྱུར་བདེ་བར་དམིགས་ནས་ཚད་མ་རིགས་འཇུག་རྒྱའི་སྐད་དུ་བསྒྱུར་བ་ཡིན་ཞེས་གསུངས་པ་བཞིན་ཚད་མ་རིགས་འཇུག་བསྒྱུར་བའི་ཐོག་མའི་དམིགས་ཡུལ་ནི་རྣལ་འབྱོར་སྤྱོད་པའི་ས་ཞེས་པའི་བསྟན་བཅོས་ཧྲིལ་བོ་ཡང་དག་པར་བསྒྱུར་རྒྱུ་དེ་ཡིན་པར་འདུག ཧྱན་ཙང་གི་རྗེས་ནས་ཚད་མའི་བསྟན་བཅོས་བསྒྱུར་བར་མཁས་ཤོས་ནི་ཡུ་ཅིན་ཞེས་བ་དེ་ཡིན། ཁོང་ནི་རྒྱ་ནག་ཏུ་ནང་ཆོས་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་བཞི་བྱུང་བའི་ནང་གི་གཅིག་ཡིན་པ་དང་། སློབ་དཔོན་ཆོས་གྲགས་ཐོག་དང་པོར་རྒྱ་ནག་ཏུ་མཚམས་སྦྱོར་བྱེད་མཁན་ཡིན་པར་གྲགས། ཁོང་གིས་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་ཚད་མ་རིགས་སྒོ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་བ་སོགས་ཚད་མའི་བསྟན་བཅོས་ལྔ་ལྷག་རྒྱའི་སྐད་དུ་བསྒྱུར། ཚད་མ་ཀུན་བཏུས་ཀྱི་འགྱུར་ཡིག་དེ་ཡུན་རིང་མ་ཕྱིན་པར་བོར་བརླག་ཏུ་སོང་བས་དར་མ་ཐུབ།།

2_2  གཞུང་འགྲེལ་བྱུང་ཚུལ།
2_2_1  བདེ་བྱེད་བདག་པོའི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།

གོང་དུ་བརྗོད་པ་བཞིན་ཧྱན་ཙང་གི་དམིགས་ཡུལ་ནི་ཆོས་གཞུང་བསྒྱུར་རྒྱུ་ཡིན་པ་དང་། ཁོང་གིས་ཚད་མ་འཆད་པ་ཙམ་ལས་གཞུང་འགྲེལ་མཛད་མེད། བདེ་བྱེད་བདག་པོས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་རྒྱའི་སྐད་དུ་བསྒྱུར་རྗེས། ཧྱན་ཙང་གི་སློབ་མའི་ཁྲོད་འདིའི་ཕྱོགས་ལ་སྤྲོ་བ་ལྡན་མཁན་མང་པོ་བྱུང་བ་དང་། ལ་ལས་ཆེད་དུ་བསྟན་བཅོས་འདིར་གཞུང་འགྲེལ་མཛད་ཡོད། རྒྱ་ནག་གི་དཀར་ཆག་དག་ལས་བཀོད་པ་ལྟར་ན། ཧྲིན་ཐའེ་ཡིས་ཚད་མ་རིགས་འཇུག་གི་འགྲེལ་བ་པོད་གཉིས་དང་། ཝུན་ཀུའེ་ཡིས་པོད་གསུམ། ཅིན་ཡན་གྱིས་པོད་གཅིག ཞོན་ཧྥན་གྱིས་པོད་གཅིག ཁུའེ་ཅི་ཡིས་པོད་གསུམ། ཅིན་མའེ་ཡིས་པོད་གཅིག རྨིན་ཅུའེ་ཡིས་པོད་གཅིག ཞོན་ཡིང་གིས་པོད་གསུམ་བཅས་མཛད་པ་དང་། གཞན་ད་དུང་ཚད་མའི་ཟིན་བྲིས་ལ་ཧྲིན་ཐའེ་ཡིས་ཚད་མ་རིགས་འཇུག་གི་ཟིན་བྲིས་གཅིག་དང་ཅིན་ཡན་གྱིས་ཚད་མ་རིགས་འཇུག་གི་གཞུང་དོན་བྱེ་བྲག་ཏུ་བཀོད་པའི་ཟིན་བྲིས་གཅིག ཝུན་པེ་ཡིས་ཚད་མ་རིགས་འཇུག་གི་ཟིན་བྲིས་གཅིག་བཅས་མཛད་ཡོད། གོང་གསལ་འདི་དག་ལས་ཁུའེ་ཅི་དང་ཝུན་ཀུའེ་གཉིས་ཀྱི་གཞུང་འགྲེལ་མ་གཏོགས་གཞན་པ་མང་ཆེ་བ་བོར་བརླག་ཏུ་སོང་བས་ད་སྔར་མཐོང་རྒྱུ་མ་བྱུང་། ཁུའེ་ཅི་ཞེས་པ་དེ་སྙན་གྲགས་ཆེ་ལ་ཚད་མ་དམིགས་སུ་ཀར་ནས་ཞིབ་འཇུག་བྱས་ཡོད་པ་དང་། ཁོང་གིས་ལག་གཅིག་གིས་སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་འབྲི་བ་དང་། ལག་གཅིག་གིས་ཧྱན་ཙང་གི་ཚད་མའི་འཆད་ཁྲིད་མཛད་པ་ཟིན་བྲིས་སུ་་བཀོད་པའི་བཤད་རྒྱུན་ཡོད། ཁོང་གིས་མཛད་པའི་ཚད་མ་རིགས་འཇུག་གི་འགྲེལ་བ་ས་བཅད་དྲུག་དང་ལྡན་པ་དེར་རྒྱ་ནག་ཏུ་འགྲེལ་ཆེན་ཞེས་སུ་གྲགས། དེ་ནི་ཧྱན་ཙང་སྐུ་འདས་རྗེས་ཀྱི་སྤྱི་ལོ666 ནས668 བར་དུ་བྱུང་བའི་བརྩམས་ཆོས་ཞིག་ཡིན་ཞིང་ཁུའེ་ཅིས་ཚེ་མཇུག་ཏུ་བརྩམས་པ་ཡིན་པས་རྩོམ་འཕྲོར་ལུས་པ་དང་། ཕྱིས་སུ་ཁོང་གི་དངོས་སློབ་ཧའེ་ཀྲོ་ཡིས་མུ་མཐུད་དུ་དེ་ལ་ཁ་བསྐངས་ཏེ་འགྲེལ་ཆེན་ཆ་ཚང་བར་བརྩམས་གྲུབ་བྱུང་། འགྲེལ་ཆེན་ནི་ཧྲིན་ཐའེ་དང་ཝུན་ཀུའེ་སོགས་ཀྱི་འགྲེལ་གཞུང་མང་པོར་རྨང་གཞི་བྱས་ཤིང་། དེ་དག་ལས་མེད་པ་གསར་སྣོན་དང་ཡོད་པ་ཇེ་ལེགས་སུ་བཏང་ནས་གྲུབ་པ་ཞིག་ཡིན་པས། འགྲེལ་གཞུང་གཞན་དང་བསྡུར་ན་ཁ་གསལ་ཞིང་གསར་གཏོད་ཀྱི་ཆ་དང་ལྡན་པ་ཞིག་ཡིན་པ་དང་། ལྷག་དོན་གོང་གསལ་གྱི་འགྲེལ་གཞུང་མང་པོ་ཞིག་ཕྱིས་སུ་བོར་བརླག་ཏུ་སོང་བས་རྒྱ་ནག་གི་ཚད་མ་རིག་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྗེས་སུ་ཧའེ་ཀྲོ་དང་ཀྲི་ཀྲུག་སོགས་ཀྱིས་འགྲེལ་ཆེན་ལ་ཡང་འགྲེལ་དང་འཆད་ཉན་མཛད་དེ་རྒྱ་ནག་ཏུ་བརྒྱུད་སྤེལ་བྱུང་ཞིང་། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཉི་ཧོང་དུ་དར་བའི་ཚད་མ་རིག་པའང་གཙོ་བོ་འགྲེལ་ཆེན་ལ་བརྟེན་ནས་བྱུང་བ་ཡིན། དེ་བས་འགྲེལ་ཆེན་ནི་རྒྱ་ནག་དང་ཉི་ཧོང་གི་ཚད་མ་རིག་པའི་སྲོག་ཤིང་ལྟ་བུར་གྱུར་ཡོད།།

2_2_2 ཕྱོགས་གླང་གི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ། 

རྒྱ་ནག་གི་ཡིག་ཆར་སློབ་དཔོན་ཕྱོགས་གླང་ལ་ཚད་མའི་སྐོར་གྱི་བསྟན་བཅོས་བརྒྱད་ལྷག་ཡོད་པ་ལས་ཧྱན་ཙང་གིས་ཚད་མ་རིགས་འཇུག་དང་དམིགས་པ་བརྟག་པ་ཞེས་བྱ་བ་གཉིས་རྒྱའི་སྐད་དུ་བསྒྱུར་བ་དང་། ཡུ་ཅིན་གྱིས་ཚད་མ་ཀུན་བཏུས་དང་ཚད་མ་རིགས་སྒོ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་བ་སོགས་ཚད་མའི་བསྟན་བཅོས་ལྔ་ལྷག་རྒྱའི་སྐད་དུ་བསྒྱུར་བར་བཤད། དེས་ན་དེ་དག་ལས་བསྐྱར་ཟློས་སུ་སོང་བའི་འགྱུར་གཞུང་ཕུད་ཆེས་ཉུང་ཡང་ཕྱོགས་གླང་གི་ཚད་མའི་བསྟན་བཅོས་བཞི་ལྷག་རྒྱའི་སྐད་དུ་འགྱུར་ཡོད། ཡིནའང་ཚད་མ་རིགས་སྒོ་ཁོ་ན་མ་གཏོགས་གཞན་རྣམས་ལ་འགྲེལ་གཞུང་བྱུང་མེད། དེ་ཡང་ཚད་མ་རིག་པའི་འབྱུང་ཁུངས་དང་འཕེལ་རྒྱས་ཞེས་པ་ལས་བཀོད་པ་ལྟར་ན། ཡོན་ཚི་ཡིས་ཚད་མ་རིགས་སྒོའི་འགྲེལ་བ་པོད་གཉིས་དང་། ཝུན་ཀུའེ་ཡིས་པོད་གསུམ། ཅིན་ཡན་གྱིས་པོད་གསུམ། ཞོན་ཧྥན་གྱིས་པོད་གཅིག ཅིན་ཞིན་གྱིས་པོད་གཅིག ཧྲིན་ཀྲུང་གིས་པོད་གཉིས། ཏེན་པིན་གྱིས་པོད་དྲུག ཝུན་པེ་ཡིས་པོད་གསུམ་དང་མཆན་འགྲེལ་གཅིག ཏོའོ་ཀྲིན་གྱིས་པོད་གཉིས་བཅས་མཛད་པ་དང་། གཞན་ད་དུང་ཚད་མའི་ཟིན་བྲིས་ལ་ཧྲིན་ཐའེ་ཡིས་ཚད་མ་རིགས་སྒོའི་ཟིན་བྲིས་གཅིག་དང་། ཅིན་ཞིན་གྱིས་ཚད་མ་རིགས་སྒོའི་གཞུང་དོན་ཁོ་ན་སྟོན་པའི་ཟིན་བྲིས་གཅིག ཧྲིན་ཀྲུང་གིས་ཚད་མ་རིགས་སྒོའི་ཟིན་བྲིས་གཅིག ཝུན་པེ་ཡིས་ཚད་མ་རིགས་སྒོའི་ཟིན་བྲིས་གཅིག ཏོའོ་ཀྲིན་གྱིས་ཚད་མ་རིགས་སྒོའི་ཟིན་བྲིས་གཉིས་བཅས་མཛད་ཡོད། རྒྱ་ནག་ཏུ་ཚད་མ་རིགས་སྒོ་ལ་ཚད་གཞུང་ཆེ་བ་དང་། ཚད་མ་རིགས་འཇུག་ལ་ཚད་གཞུང་ཆུང་བ་ཞེས་མིང་འདོགས་བྱས་ཀྱང་། དོན་དངོས་སུ་ཚད་མ་རིགས་སྒོའི་འགྲེལ་བ་ལས་ཚད་མ་རིགས་འཇུག་གི་འགྲེལ་བ་མང་བ་དང་། ཕྱི་རབས་པ་རྣམས་ཀྱིས་ཀྱང་ཚད་མ་རིགས་འཇུག་གཙོ་བོར་བཟུང་སྟེ་ཞིབ་འཇུག་བྱེད་པ་ཡིན་པས། རྒྱ་བརྒྱུད་ཚད་མ་རིག་པ་ནི་ཚད་མ་རིགས་འཇུག་གཙོ་བོར་བཟུང་ནས་གྲུབ་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-28

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།