པཎ་ཆེན་ཚད་མའི་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པཎ་ཆེན་ཚད་མའི་སློབ་གླིང་།
པཎ་ཆེན་ཚད་མའི་སློབ་གླིང་ནི། པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་ཚ་སྒར་བ་ངག་དབང་བཟང་བོས་པཎ་ཆེན་རིན་པོའི་ཆེ་ཁོང་ཉིད་གཙོས་བཤེས་གཉེན་དམ་པ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་འགྲུབ་པ་དང་། སྔར་སྲོལ་གྱི་ཚད་མའི་འཆད་ཉན་གྱི་རྒྱུན་སྐྱོང་བའི་ཕྱིར། སྤྱི་ལོ2004ལོར་དེང་གི་སློབ་གྲྭའི་རྣམ་པ་དང་མཐུན་པའི་པཎ་ཆེན་ཚད་མའི་སློབ་གླིང་འདི་ཉིད་བཙུགས་པ་དང་། སྤྱི་ལོ2009ལོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་སུ་དེང་གི་སློབ་གྲྭའི་རྣམ་པ་དང་མཐུན་པའི་སློབ་གྲྭའི་ཐོག་ཁང་ལེགས་པར་གྲུབ་རྗེས་སུ་པཎ་ཆེན་ཚད་མའི་སློབ་གླིང་གནས་དེར་སྤོར་ནས་ད་ལྟའི་བར་སློབ་མ་བརྒྱ་ཕྲག་ལྷག་བསྐྱངས་ཤིང་། གཞན་སློབ་གླིང་འདིར་མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་ཟབ་སྦྱོང་ལྟེ་གནས་བཙུགས་ཏེ་སྔ་རྗེས་སུ་ནང་བསྟན་ཤེས་ལྡན་མི་སྣ་མི་ཉུང་བ་སྐྱེད་བསྲིང་བྱས། སྤྱི་ལོ2014ལོའི་ཟླ8པར་སློབ་གླིང་འདིར་རྒྱལ་ཡོངས་སྐབས་བཅུ་བའི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་་བསྡུས་ཤིང་། རྒྱལ་ཡོངས་ཀྱི་མཁས་པ་བརྒྱ་དང་ཉི་ཤུ་ལྷག་ལྷན་དུ་འཛོམས་ནས་ཚད་མའི་གཞུང་ལ་དཔྱད་གླེང་ལེགས་པར་བགྱིས་པས་ཚད་མའི་འཕེལ་རྒྱས་ལ་སྐུ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། ཚོགས་འདུའི་སྐབས་སུ་ཀྲུང་གོའི་གཏན་ཚིགས་རིག་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཟབ་སྦྱོང་ལྟེ་གནས་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གཏན་ཚིགས་རིག་པའི་ཞིབ་འཇུག་སློབ་མའི་སློབ་ཁྲིད་དངོས་སྦྱོང་བྱེད་གནས་སུ་གཏན་འཁེལ་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
པཎ་ཆེན་ཚད་མའི་སློབ་གླིང་།
རྒྱ་ཡིག་གི་མིང་།
班禅因明学院
འཛུགས་མཁན།
སྒར་བ་ངག་དབང་བཟང་བོ།
བཙུགས་པའི་ལོ།
སྤྱི་ལོ2004
སློབ་གཙོ།
སྒར་བ་ངག་དབང་བཟང་བོ།
གནས་ཡུལ།
པན་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས།
1 ངོ་སྤྲོད། 

པཎ་ཆེན་ཚད་མའི་སློབ་གླིང་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྤྱི་ལོ1983ལོར་འཁྲུངས་གཞིས་སུ་ཕེབས་ནས་རྒྱལ་བསྟན་དར་སྤེལ་དང་སྤྱི་ཚོགས་ཕན་བདེ་ལ་དགོངས་ཏེ། ཁོང་ཉིད་ཀྱིས་བིས་མདོ་དགོན་ཆེན་དུ་ཚད་མའི་འཆད་ཉན་སླར་གསོ་ཡང་དག་པར་བགྱིས་པ་དང་། དེ་ཡང་རིགས་པའི་ལམ་ནས་བོད་ཀྱི་རིག་གནས་ལ་ཕན་པའི་བྱ་བཞག་རླབས་ཆེན་སྒྲུབ་པ་ལ་ཚད་མའི་རིགས་ལམ་གྱི་མཐུན་འགྱུར་མེད་དུ་མི་རུང་བར་དགོངས་ནས་ཚད་མ་རིག་པ་འདི་ཉིད་ཁོང་གི་ཐུགས་གཙིགས་སུ་འཛིན་པས། ཁོང་གི་འཁྲུངས་གཞིས་ཀྱི་པུས་མདོ་དགོན་ཆེན་འདིར་ཡང་ཁོང་གི་ཐུགས་བཀོད་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཡོན་ཏན་རྒྱ་མཚོ་སོགས་སྤྱན་དྲངས་ནས་ཚད་མའི་འཆད་ཉན་རྒྱ་ཆེར་སྤེལ་བས། ཚད་མའི་གཞུང་ལུགས་སྨྲ་བའི་དགེ་བཤེས་མང་དུ་བྱུང་། 

ཕྱིས་སུ་པཎ་ཆེན་སྐུ་ཚ་སྒར་བ་ངག་དབང་བཟང་བོ་མཆོག་གིས་པཎ་ཆེན་རིན་པོའི་ཆེ་ཁོང་ཉིད་གཙོས་བཤེས་གཉེན་དམ་པ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་འགྲུབ་པ་དང་། སྔར་སྲོལ་གྱི་ཚད་མའི་འཆད་ཉན་གྱི་རྒྱུན་སྐྱོང་བའི་ཕྱིར། སྤྱི་ལོ2004ལོར་སློབ་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་དེང་གི་སློབ་གྲྭའི་རྣམ་པ་དང་མཐུན་པའི་པཎ་ཆེན་ཚད་མའི་སློབ་གླིང་འདི་ཉིད་བཙུགས་ཏེ། མདོ་དབུས་ཀྱི་ཆོས་གྲྭ་ཕྱོགས་མེད་འགྲིམ་ཞིང་ཚད་མའི་རིགས་ལམ་ལ་མངའ་བརྙེས་པའི་དགེ་བའི་བཤེས་གཉེན་ཆེན་མོ་གནས་བརྟན་རྒྱ་མཚོ་སོགས་ཀྱིས་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་ཁྲིད་རྒྱུན་གྱིས་ཟུར་བརྒྱན་ཏེ་འཆད་ཉན་བགྱིས་པའི་གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་བུ་མང་དུ་བྱུང་བ་དང་། སྤྱི་ལོ2009ལོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་སུ་དེང་གི་སློབ་གྲྭའི་རྣམ་པ་དང་མཐུན་པའི་སློབ་གྲྭའི་ཐོག་ཁང་ལེགས་པར་གྲུབ་རྗེས་པཎ་ཆེན་ཚད་མའི་སློབ་གླིང་གནས་དེར་སྤར་ནས་ད་ལྟའི་བར་སློབ་མ་བརྒྱ་ཕྲག་ལྷག་བསྐྱངས། 

སློབ་གླིང་འདིར་མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་ཟབ་སྦྱོང་ལྟེ་གནས་བཙུགས་པ་དང་།  སྤྱི་ལོ2014ལོའི་ཟླ8པར་སློབ་གླིང་འདིར་རྒྱལ་ཡོངས་སྐབས་བཅུ་བའི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་མཁས་པ་བརྒྱ་དང་ཉི་ཤུ་ལྷག་ལྷན་དུ་འཛོམས་ནས་ཚད་མའི་གཞུང་ལ་དཔྱད་གླེང་ལེགས་པར་བགྱིས་པས་ཚད་མའི་འཕེལ་རྒྱས་ལ་སྐུ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། ཚོགས་འདུའི་སྟེང་ཀྲུང་གོའི་གཏན་ཚིགས་རིག་པ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཟབ་སྦྱོང་ལྟེ་གནས་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གཏན་ཚིགས་རིག་པའི་ཞིབ་འཇུག་སློབ་མའི་སློབ་ཁྲིད་དངོས་སྦྱོང་བྱེད་གནས་སུ་གཏན་འཁེལ་བྱས། 

སྤྱི་ལོ2015ལོའི་ཟླ10པར་ཀྲུང་གོའི་གཏན་ཚིགས་རིག་པ་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། འདི་གའི་སློབ་གླིང་གཉིས་ཀའི་མཉམ་སྒྲུབ་ཀྱིས་རྒྱལ་ཡོངས་སྐབས་བཞི་བའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་བསྡུས།

2 ཚད་མའི་བགྲོ་གླེང་ཚོགས་འདུ་སྐབས་དང་བོ།

སྤྱི་ལོ2016ལོའི་ཟླ11ཚེས5ཉིན་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དབུ21་བརྙེས་པའི་མཛད་སྒོ་དང་ཚད་མ་རིག་པའི་བགྲོ་གླེང་སྐབས་དང་པོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ་མཆོག མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ། མགོ་ལོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ། མཚོ་ལྷོ་ཀླུ་ཚང་དགོན་པའི་དགེ་བཤེས་ཆེན་མོ་ཤེས་རབ་བསྟན་དར་སོགས་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་དང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། གཞི་རིམ་གྱི་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཐེངས་འདིའི་མཛད་སྒོར་ཞུགས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དགེ་འདུན་གྱིས་མཛད་སྒོར་འགོ་འཛིན་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཤིས་ཚིག་ཕུལ། 

3 ཚད་མའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ནི་སྤྱི་ལོ2017ལོའི་ཟླ12ཚེས17ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དགོན་པ་ནས་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་བདག་སྒར་བ་ངག་དབང་བཟང་བོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ། དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས་ཆེན་མོ་མུན་འཇོམས་སྒྲོན་མེ་སོགས་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས། ཚོགས་ཐོག་ནས་ཨ་ལགས་སྒར་བ་ངག་དབང་བཟང་བོས་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པར་ཤིས་ཚིག་ཕུལ་ཞིང་། གླིང་གཙོ་ཟླ་བ་ལགས་ཀྱིས་ཚད་རིག་ལྷན་ཚོགས་ཀྱི་འདས་པའི་བགྲང་བྱ་གཅིག་རིང་གི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞིའི་སྐོར་ནས་སྙན་ཞུ་ཕུལ། དེའི་རྗེས་ནས་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་བསྡུས་ནས་ཚར་མ་ཐག ཚད་མ་རིག་པའི་སྐོར་གྱི་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་བརྗོད་གཞི་དང་འབྲེལ་ནས་གཏམ་བཤད་གནང་། ཕྱི་དྲོར་ཚན་ཆུང་བགོས་ནས་བགྲོ་གླེང་བྱས།

སློབ་གཙོ་སྒར་བ་ངགདབང་བཟང་པོ་མཆོག་རྒྱལ་ནང་གི་པེ་ཅིན་སློབ་ཆེན་དང་། ཀྲུང་ཧྲན་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག  ཧྲན་ཀྲིག་པིན་ཧྭན་སློབ་གླིང་སོགས་ཀྱི་གདན་ཞུ་བཞིན་སློབ་ཆེན་དག་ཏུ་ཕེབས་ནས་བོད་བརྒྱུད་ཚད་མ་རིག་པའི་སྲོལ་བཟུང་ཞིང་།  དུས་རབས་ཀྱི་འགྲོས་དང་མཐུན་པའི་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་ཏེ། དེང་གི་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་དངོས་ཡོད་འཚོ་བའི་ཁྲོད་དུ་བེད་སྤྱོད་ཐུབ་པའི་རིག་གནས་ཤིག་ཏུ་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད་ལ། མ་འོངས་པར་འཛམ་གླིང་འཛིན་མའི་ཁྱོན་ན་འཚོ་བཞེས་ཀྱི་འགྲོ་བ་ཡོངས་ལ་ཕན་བདེའི་གསོས་སུ་སྨིན་པའི་རིག་གནས་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གྱི་ལས་ལ་བརྩོན་བཞིན་མཆིས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-03

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།