ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་རིང་ཡི་གེ་ནི་དུས་རབས་བརྒྱད་པ་ནས་དགུ་བའི་བར་བོད་ཡུལ་དུ་བཞེངས་ཤིང་ད་ལྟའི་བར་གནས་པའི་ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་སོགས་རྡོ་རིང་བཅུ་ལྷག་ལས་བྱུང་བའི་ཡི་གེ་རྣམས་ལ་བྱ་ཞིང་། དེ་དག་གི་ནང་དོན་ནི་རང་རྒྱལ་གྱི་རྒྱ་བོད་མི་རིགས་གཉིས་མཇལ་དུམ་མཛད་པའི་མནའ་ཚིག་དང་། མཆོད་ཚིག སྨོན་ཚིག་སོགས་ཡིན་ལ། ཡིག་གཟུགས་ནི་སྐད་གསར་བཅད་ཀྱི་གོང་གི་གནའ་བོའི་ཡི་གེ་ཡིན་པས། བོད་ཀྱི་ལོ་རྒྱུས་དང་། རྒྱ་བོད་གཉིས་ཀྱི་ཡུན་རིང་བའི་འབྲེལ་བ་དང་། བོད་ཀྱི་ཡི་གེ་སོགས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་ཡིག་ཆ་རིན་ཐང་ཆེ་བ་ཞིག་རེད། བློ་མཐུན་ཝང་ཡའོ་ནས་མཛད་པའི《སྤུར་རྒྱལ་བོད་ཀྱི་ཅོང་དང་རྡོ་རིང་ཡི་གེ》ཞེས་བྱ་བར། ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་སོགས་རྡོ་རིང་བཅུ་དང་། བསམ་ཡས་གཙུག་ལག་ཁང་གི་ཅོང་སོགས་ཅོང་གསུམ་གྱི་སྟེང་གི་ཡི་གེ་ཕྱོགས་གཅིག་ཏུ་བསྡུས་ནས། རྒྱ་ཡིག་ཏུ་བསྒྱུར་ཅིང་དཔྱད་འགྲེལ་ལེགས་པར་མཛད་ཡོད་པ་དང་། འདིར་བཀོད་པ་ནི་དེ་ལས་བཤུས་པའི་ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་ནུབ་ལོགས་ཀྱི་ཡི་གེ་ཡིན།
1 ​མ་ཡིག

བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ1ལྷ་བཙན་པོ་དང་། ། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉིས2། ། ཆབ་སྲིད་གཅྀག་ཏུ་མོལ་ནས། ། མཇལ་དུམ་ཆེན་པོ་མཛད3དེ་གཙྀགས་བཅས་པ། ། ནམ་ཞར་ཡང་མྱྀ་འགྱུར་བར་ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ། ། ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར། མཇལ་དུམ་གྱི་གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ། །

འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་ཀྱྀ་ཞ(ཞལ)སྔ་ནས།  །རྒྱ་རྗེ་བཱུན་བཱུ་ཧེའུ་ཏག་ཧྭང་ཏེ4དང་། ། དབོན་ཞང་གཉིས། ། སྒམ་དཀྱེལ་ཆེན་པོས5ནི། ། འཕྲུལ་ཡུན་ཡུལ་གྱྀ་ལེགས་ཉེས་ཅྀ་ཡང་བསྲུང་སྟེ། ། ཐུགས་རྗེ་ཆེན་པོས་ནྀ། ། བཀའ་དྲྀན་གྱིས་དགབ་པ་ཕྱྀ་ནང་མྱེད་པར། ། མང་པོ་ཀུན་བདེ་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག་ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་ལ་ནི་བཀའ་གྲོས་མཐུན་ཏེ། ། གཉེན་རྙིང་པའི་སྲི་ཞུ་ནྀ་དང་སྔའི་ཁྱྀམ་ཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་པར་མོལ་ནས། ། མཇལ་དུམ་ཆེན་པོ་ནི་མཛད་དེ། ། བོད་རྒྱ་གཉིས། ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས6སྲུང་ཞིང་།  ། དེའི་ཤར་ཕྱོགས་ཐམས་ཅད་ནྀ་རྒྱ་ཆེན་པོའི་ཡུལ། ། ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་བོད་ཆེན་པོའི7ཡུལ་ཏེ། ། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ། ། དམག་མྱྀ་དྲང་། ། ཡུལ་མྱྀ་མརྣམ། ། ཡྀད་མ་ཆེས་པ་ཞྀག་ཡོད་ན། ། མྱྀ་བཟུང་ཞིང་གཏམ་དྲྀས8ཏེ། ། བརྫངས་ནས་ཕྱྀར་གཏང་ངོ་། ། ད་ཆབ་སྲྀད་གཅིག་ཅྀང་། ། མཇལ་དུམ་ཆེན་པོ་འདྀ་ལྟར་མཛད་པས། ། དབོན་ཞང་དགྱེས་པའི་བཀའ་ཕྲིནད་སྙན་པས་ཀྱང་འདྲུལ9དགོས་ཏེ། ། ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང་། ། ལམ་རྙིང་བར10བྱུང་ནས། ། སྔ་ལུགས་བཞིན་བོད་རྒྱ་གཉིས་ཀྱྀ་བར། ། ཙང་ཀུན་ཡོག11ཏུ་རྟ་བརྗེས་ལ། ། སྩེ་ཞུང་ཆེག12ཏུ་རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་བྱ། །ཙེང་ཤུ་ཧྱྭན13དུ་བོད་དང་ཕྲད་པ་ཡན་ཆད་ན་བོད་ཀྱིས་ཕུ་དུད་བྱ་སྟེ། ། དབོན་ཞང་ཉེ་ཞྀང་གཉེན་པོའྀ་ཚུལ་བཞིན་དུ། ། སྲྀ་ཞུ་དང་བཀུར་སྟྀའི་ལུགས་ཡོད་པར་སྦྱར་ཏེ། ། ཡུལ་གཉིས་ཀྱི་བར་དུ་དུད་རྡུལ་ནྀ་མྱི་སྣང་། ། གློ་བུར་དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་ས་མཚུམས་སྲུང་བའྀ་མྱི་ཡན་ཅད་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་ས་ས་མལ་མལ་ན་བག་བརྐྱང་སྟེ། ། བདེ་བར་འཁོད་ཅྀང་། ། སྐྱིད་པའྀ་བཀའ་དྲྀན་ནི་རབས་ཁྲྀའི་བར་དུ་ཐོབ། ། སྙན་པའྀ་སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག14ཏུ་ཁྱབ་སྟེ། ། བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ། ། ནམ་ཞར་མྱྀ་འགྱུར་བར། ། དཀོན་མཆོག་གསུམ་དང་། ། འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟའ་སྐར་ལ་ཡང་དབང་དུ་གསོལ་ཏེ། ། ཐ་ཚྀག་གི་རྣམས་པས་ཀྱང་བཤད། ། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། ། གཙིགས་བཅས་སོ། ། གཙིགས་འདི་བཞིན་དུ་མ་བྱས་སམ། ། བཤིག་ན། ། བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡྀག་ཅིང་། ། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙྀགས་བཤྀག་པ་ལ་མ་གཏོགས་སོ། ། འདྀ་ལྟར་བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས་ཞལ་གྱྀས་བཤགས་མནའ་བོར་ཏེ། ། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས། ། རྒྱལ་པོ་ཆེན་པོ་གཉིས་ཀྱྀ་ནི་ཕྱག་རྒྱས་བཏབ། ། བློན་པོ་གཙིགས་འཛིན་པ་ལ་གཏོགས་པ་རྣམས་ཀྱྀ་ནི་ལག་ཡྀག་ཏུ་བྲིས་ཏེ། ། གཙྀགས་ཀྱི་ཡྀ་གེ་ཡང་སོ་སོའྀ་ཕྱག་སྦལ་དུ་བཞག་གོ།

2 མཆན་འགྲེལ།

1.གྱྀ། འདི་ནི་སྐད་གསར་མ་བཅད་གོང་གི་ཡི་གེ་འབྲི་སྲོལ། སྐབས་དེར་གི་གུ་ཕྱིར་ལོག་འབྲི་བ་མང་སྟེ། གཤམ་དུ་འབྱུང་གཅྀག་དང་ནྀ་སོགས་ཀྱང་དེ་ལྟར་ཡིན། 

2.དབོན་ཞང་གཉིས། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་རྗེའི་སྲས་མོ་འུན་ཤིན་ཀོང་ཇོ་ཁབ་ཏུ་བཞེས་པ་དང་། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གྱིམ་ཤིན་ཀོང་ཇོ་བཙུན་མོར་བསུས་པ་ནས་བཟུང་། རྒྱ་ནི་ཞང་དང་བོད་ནི་དབོན་ཏེ་དབོན་ཞང་གཉིས་ཞེས་པའི་ཐ་སྙད་བྱུང་། 

3.དབོན་ཞང་གཉིས་ཆབ་སྲིད་གཅིག་ཏུ་མོལ་ནས་མཇལ་དུམ་ཆེན་པོ་མཛད། དེ་ཡང་འདི་ལྟ་སྟེ། མངའ་བདག་རལ་བ་ཅན་གྱིས་ཀྱང་། དབོན་ཞང་དང་མ་མཐུན་པར་བོད་དམག་ཁྲི་ཚོ་མང་པོ་ཁྲིད་ནས། རྒྱའི་ཡུལ་མཁར་མང་པོ་བཅོམ། རྒྱའི་ཧྭ་ཤང་དང་བོད་ཀྱི་མཆོད་གནས་རྣམས་ཀྱིས་བར་དང་མནའ་དང་དཔང་མཛད་ནས་དབོན་པོ་དགྱེས་པའི་སྐྱེས་ཕུལ། ད་ཕྱིས་འཁོན་མེད་པར་ཆད་ནས། རྒྱ་ཡུལ་རྨེ་རུ་བྱ་བའི་སོ་མཚམས་སུ་བཙན་པོ་དབོན་ཞང་གཉིས་ཀྱིས་ལྷ་ཁང་རེ་བརྩིགས། ཕ་བོང་ལ་ཉི་ཟླ་བྲིས་ནས། གནམ་ལ་ཟླ་ཉི་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་། རྒྱའི་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲང་། དེ་ཡན་ལ་རྒྱའི་དམག་མི་དྲང་། ཕན་ཚུན་དུ་ས་མཚམས་བསྲུངས་ཏེ། ས་ས་མལ།  རྡོ་རྡོ་མལ་དུ་གནས་ནས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་ཁྲིམས་མཛད་ནས། དཀོན་མཆོག་གསུམ་དང་། ཉི་ཟླ་དང་། གཟའ་སྐར་དང་། ལྷ་གཉན་རྣམས་དཔང་དུ་བཙུགས་ཏེ། དབོན་ཞང་གཉིས་ཀྱིས་དབུ་བསྙུང་དང་བྲོ་བོར་རོ་ཞེས《རྒྱལ་རབས་གསལ་བའི་མེ་ལོང》ལས་གསུངས་པ་ལྟར་བཀོད་པའོ།། 

4.རྒྱ་རྗེ་བཱུན་བཱུ་ཧེའུ་ཏག་ཧྭང་ཏེ། རྒྱ་ཡིག་ཏུ大唐文武孝德皇帝ཞེས་པ་སྟེ། ཐང་རྒྱལ་རབས་ཀྱི་རྒྱལ་པོ་བཅུ་དྲུག་པ་མུ་ཙོང་ལི་ཧིན་ཞེས་པའི་ཞེ་ས་ཡིན་ཞིང་།  རྒྱལ་པོ་དེས་སྤྱི་ལོ821ནས་སྤྱི་ལོ824ལོའི་བར་རྒྱལ་སྲིད་བཟུང་། 

5.སྒམ་དཀྱེལ་ཆེན་པོ། བློ་ཁོག་ཡངས་ཤིང་རྒྱ་ཆེ་བའི་དོན། 

6.ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས། མཆན་འགྲེལ3པའི་སྐབས་སུ《རྒྱལ་གསལ་མེ་ལོང》ལས་དྲངས་པའི་ལུང་ལྟར་ན་སྐབས་འདིར་བཤད་པའི་ཡུལ་དང་མཚམས་ནི་རྨེ་རུ་བྱ་བའི་སོ་མཚམས་དང་འབྲེལ་བ་ཤིན་ཏུ་ཆེ་བ་འདྲ་མོད། སོ་མཚམས་དེ་གར་ཡོད་བརྟག་པར་བྱའོ།། 

7.བོད་ཆེན་པོ། བོད་དང་བོད་ཆེན་པོ་བྱ་བ་ཡང་། རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་ཞེས་དགེ་འདུན་ཆོས་འཕེལ་གྱིས《དེབ་དཀར》ལས་གསུངས་པ་དང་། ཡང་འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང་། བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་སོགས་བོད་ཆེན་པོ་ཞེས་པའི་ཐ་སྙད་ལ་གོ་བ་ཐ་དད་པ་སྣ་ཚོགས་ཡོད་ཀྱང་། སྐབས་འདིའི་བོད་ཆེན་པོ་ནི་བོད་ཀྱི་རྒྱལ་སྲིད་ཆེན་པོ་ཁོ་ནར་ངེས་དགོས། 

8.མྱྀ་བཟུང་ཞིང་གཏམ་དྲྀས་པ། རྒྱ་བོད་གཉིས་ཀའི་སོ་མཚམས་སྲུང་མཁན་གྱིས་བྱ་དགའི་ཆེད་དུ། སོ་མཚམས་བརྒྱུད་ཕར་འགྲོ་ཚུར་འོང་གི་ཕ་རོལ་པོའི་སྐྱེ་བོ་བཟུང་བ་ཞེས་ལུང་དང་བཅས་ཏེ་བློ་མཐུན་ཝང་ཡཱའོ་ནས་སྒྲིག་ཅིང་འགྲེལ་བ་མཛད་པའི《སྤུར་རྒྱལ་བོད་ཀྱི་ཅོང་དང་རྡོ་རིང་ཡི་གེ》ལས་བྱུང་མོད། སྐབས་འདིའི་ཚིག་སྔ་ཕྱིའི་དོན་ལ་བརྟགས་ན། རྒྱ་བོད་གཉིས་ཕན་ཚུན་ཡིད་ཆེས་པར་བྱེད་པའི་དབང་དུ་ཕ་རོལ་པོའི་མི་བཟུང་ནས་གཏམ་དྲི་བར་བྱའོ་ཞེས་པར་གོ་ན་འབྲེལ་ཆགས་སམ་སྙམ། 

9.འདྲུལ། འདིར་འགྲུལ་ཞེས་པའི་དོན། 

10.ལམ་རྙིང་བ། སྤུར་རྒྱལ་བོད་ཀྱི་སྐབས་སུ། རྒྱའི་ཧྲན་ཤིའི(陕西)ལོང་ཀྲིག་ནས་བོད་ཀྱིས་བཟུང་བའི་ཀན་སུའུ་ཅིན་ཀྲིག་བར་གྱི་ལམ་ལ་ཟེར་ཞེས《སྤུར་རྒྱལ་བོད་ཀྱི་ཅོང་དང་རྡོ་རིང་ཡི་གེ》ལས་བྱུང་། 

11.ཙང་ཀུན་ཡོག རྒྱ་ཡིག将军谷ཞེས་པའི་སྒྲ་བསྒྱུར་ཏེ། གོང་དུ་བཤད་པའི་ལམ་རྙིང་བ་ལ་ཡོད་ཅིང་སྡེ་བ་ཞིག་ཡིན་པ་འདྲ་ཞེས《ཅོང་རྡོ་ཡི་གེ》ལས་བྱུང་། 

12.སྩེ་ཞུང་ཆེག ཀན་སུའུ་ཅིན་ཀྲིག་གི་ཁོངས་སུ་གཏོགས་པའི་རུ་སྡེ་ཞིག་ཡིན་པ་འདྲ་ཞེས་ཝང་ཡཱའོ་ནས་བཤད། 

13.ཙེང་ཤུ་ཧྱྭན། རྒྱ་ཡིག清水县ཞེས་པའི་སྒྲ་བསྒྱུར་ཏེ་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་རྫོང་ཞིག 

14.སླེབས་སོ་ཆོག སླེབས་སོ་ཅོག་སྟེ་སླེབས་པའི་ས་ཆ་ཀུན་ཞེས་པའི་དོན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།