ཤེར་གྲགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ1928ལོའི་ཟླ10པའི་ཚེས8ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་འབྲོག་སྡེ་ཟངས་དཀར་སྨད་ཀྱི་དྲག་ཤུལ་ཚང་ཞེས་པར་འཁྲུངས་ཤིང་། སྤྱི་ལོ1938ལོར་ཁང་དམར་དགོན་པའི་ཚོགས་གྲལ་དུ་ཞུགས་ནས་དུས་འཁོར་སོགས་དགོན་པའི་ཆོ་ག་ཆོས་སྤྱོད་གར་ཐིག་དབྱངས་གསུམ་སོགས་ཚང་མ་བློ་འཛིན་རྒྱུགས་སྤྲོད་མཐར་ཕྱིན་པར་བྱས་པ་དང་། སྤྱི་ལོ1958ལོར་རྒྱལ་ཁབ་ཀྱི་ལས་བྱེད་པའི་གྲས་སུ་ཞུགས་ཏེ་སྔ་རྗེས་སུ་ཧུང་ཡོན་རྫོང་རིག་གནས་ཁང་དང་རིམས་འགོག་འཕྲོད་བསྟེན་ས་ཚིགས། རྔ་བའི་གསར་འགྱུར་ཁང་བཅས་སུ་བྱ་བ་བསྒྲུབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昔扎
མིང་གཞན།
ཤེས་རབ་གྲགས་པ།
འཁྲུངས་ལོ།
སྤྱི་ལོ1928ལོའི་ཟླ10པའི་ཚེས8ཉིན།
འཁྲུངས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཟངས་དཀར་ཡུལ་ཚོར་འཁྲུངས།
1 ངོ་སྤྲོད།

ཤེར་གྲགས། ཕོ། ཁོང་ནི་སྤྱི་ལོ1928ལོའི་ཟླ10པའི་ཚེས8ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་འབྲོག་སྡེ་ཟངས་དཀར་སྨད་ཀྱི་དྲག་ཤུལ་ཚང་ཞེས་པར་འཁྲུངས་ཤིང་། སྤྱི་ལོ1938ལོར་ཁང་དམར་དགོན་པའི་ཚོགས་གྲལ་དུ་ཞུགས་ནས་དུས་འཁོར་སོགས་དགོན་པའི་ཆོ་ག་ཆོས་སྤྱོད་གར་ཐིག་དབྱངས་གསུམ་སོགས་ཚང་མ་བློ་འཛིན་རྒྱུགས་སྤྲོད་མཐར་ཕྱིན་པར་བྱས་པ་དང་། སྤྱི་ལོ1958ལོར་རྒྱལ་ཁབ་ཀྱི་ལས་བྱེད་པའི་གྲས་སུ་ཞུགས་ཏེ་སྔ་རྗེས་སུ་ཧུང་ཡོན་རྫོང་རིག་གནས་ཁང་དང་རིམས་འགོག་འཕྲོད་བསྟེན་ས་ཚིགས། རྔ་བའི་གསར་འགྱུར་ཁང་བཅས་སུ་བྱ་བ་བསྒྲུབས། སྤྱི་ལོ1983ལོར་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ལས་གནས་སྤོས་ཏེ་ཅུས་ཀྲང་གཞོན་པའི་འགན་ཁུར་ནས་དཔེ་སྡུད་རྩོམ་སྒྲིག་དང་དཔེ་བསྐྲུན་འགྱུར་ཞུས་སོགས་ཀྱི་བྱ་བ་བསྒྲུབས་ཤིང་། འགྱུར་ཞུས་གཞོན་པའི་གོ་མིང་ཐོབ། འདིའི་བར་དུ་ཁོང་གིས་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཞིབ་འཇུག་པ་གཞོན་པ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་གཞོན་པ། རྔ་བ་ཁུལ《སྤང་ལྗོངས》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་ཨུ་ཡོན། རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང《རྔ་བ་ཁུལ་གྱི་ས་གནས་ལོ་རྒྱུས》རྩོམ་སྒྲིག་ཞུ་ཆེན། ཀྲུང་གོའི་ཡིག་རིས་མཁན་ཆེན་མཐུན་ཚོགས་སི་ཁྲོན་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི་དང་རྔ་བ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ་བཅས་ཀྱི་ལས་འགན་ཁུར་མྱོང་ལ། སྤྱི་ལོ1991ལོར་ལས་འཁྱུར་ངལ་གསོ་བྱས། 

2 གྲུབ་འབྲས།

ཁོང་ཆུང་དུས་ནས་རྩོམ་རིག་དང་ཡིག་རིས་སོགས་འབྲི་བའི་ཡོན་ཏན་ལྡན་ལ་དགའ་ཞེན་ཡང་ཆེ་བས། སྒྲུང་གཏམ་དང་ལྷུག་རྩོམ། སྙན་རྩོམ་མང་བོ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》དང་། 《སྤང་ལྗོངས》དང《རྔ་བའི་ཉིན་རེའི་གསར་འགྱུར》སོགས་སུ་སྔ་གཞུག་ཏུ་བཀོད་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་དང་ཁྱབ་བཞིན་མཆིས་པར་མ་ཟད། ད་དུང་གངས་རི་ར་བས་བསྐོར་བའི་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་རྒན་དར་གཞོན་གསུམ་གྱིས་དགའ་བསུ་ཆེན་པོ་གནང་དང་གནང་བཞིན་ཡོད་ལ། རབ་དང་རིམ་པའི་བྱ་དགའ་མང་བོའང་ཐོབ་མྱོང་། གཙོ་བོར་ཁོང་གི《རི་བོང་ཅན་གྱི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས》ཅེས་པའི་རྩོམ་མང་བོ་ཞིག་ཀྲུང་གོའི་རྩོམ་མཁན་མཐུན་ཚོགས་ཀྱི་གསར་རྩོམ་བྱ་དགའ་དང་ཞིང་ལྗོངས་ལྔའི་བྱ་དགའ། གངས་ཅན་བུམ་པའི་བྱ་དགའ་སོགས་ཐོབ་མྱོང་། ཁོང་གི་ཕྱག་བྲིས་མང་བོར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཡིག་རིས་འགྲེམ་སྟོན་སྐབས་སུ་བྱ་དགའ་ཐོབ་མྱོང་བར་མ་ཟད། ད་དུང《ཀྲུང་གོའི་ཡིག་རིས་དང་པར་བརྐོས་ཕུལ་བྱུང་གསལ་འབྱེད་པའི་སྒྱུ་རྩལ་ཕྱོགས་བསྒྲིགས》དང《ཀྲུང་གོའི་ཡིག་གཟུགས་བྲིས་རྒྱུན་གྱི་མི་སྣ་གྲགས་ཅན་དང་རྩོམ་ཡིག་གྲགས་ཅན་གྱི་གཏེར་མཛོད》བཅས་ཀྱི་ནང་དུ་བདམས་ཡོད། གཞན་ཡང་། ཁོང་གིས་ཡིག་སྒྱུར་དང་འགྱུར་ཞུས། རྩོམ་སྒྲིག་བཅས་ཀྱི་བྱ་བ་ལོ་མང་བོར་བསྒྲུབས་ཤིང་། གཙོ་བོར《བོད་ཡིག་ངོས་འཛིན་སློབ་དེབ》དང《རྔ་བ་ཁུལ་གྱི་ས་གནས་ལོ་རྒྱུས(བོད་ཡིག)》དང་། 《རྔ་བ་ཁུལ་ས་མིང་ལག་དེབ》དང《སཾ་བོད་སྐད་གཉིས་ཤན་སྦྱར》དང་། 《བཅའ་ཁྲིམས་ཤེས་བྱ་དྲིས་ལེན་གསལ་བསྡུས》སོགས་འགྱུར་ཞུས་དང་རྩོམ་སྒྲིག་གི་ལས་འགན་ཁུར། དེ་ལས《བོད་ཡིག་ངོས་འཛིན་སློབ་དེབ》ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚན་སློབ་རིག་གསུམ་གྱི་རྩ་འཛུགས་བྱ་དགའ་ཐོབ། 《བཅའ་ཁྲིམས་ཤེས་བྱ་དྲིས་ལེན་གསལ་བསྡུས》ལ་མདུན་ཤོག་ཇུས་འགོད་བྱས་པར་མ་ཟད། ད་དུང་སྤྱི་ལོ1988ལོར་སི་ཁྲོན་ཞིང་ཆེན་ཐེངས་གསུམ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་ཚན་རིག་ཞིབ་འཇུག་གྲུབ་འབྲས་དཔེ་དེབ་དཔྱད་བསྡུར་ཚོགས་འདུའི་ཐོག་ཏུ་མདུན་ཤོག་ཇུས་འགོད་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། གཞན་ཁྲིམས་གདལ་ལས་ཀའི་སྔོན་ཐོན་ལས་སྒྲུབ་པ་ཡིན་པས་ཀྲུང་གུང་རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཟི་བརྗིད་མཚན་སྙན་ལག་ཁྱེར་གནང་བའང་གང་མང་ངོ་།། སྤྱི་ལོ2015ལོར་པར་དུ་བསྐྲུན་པའི་ཤེར་གྲགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་བྱས་པའི《མཐོ་སྒང་གི་ནོར་ནག》ནང་དུ་བཀོད་པའི་རྩོམ་ཡིག་དག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཞིང་། སྙན་ངག་གི་གཞུང་དང་མཐུན་པར་རྒྱན་སྣ་ཚོགས་ཀྱིས་ལེགས་པར་སྤྲོས་ཤིང་། ཚིག་གི་སྡེབ་སྦྱོར་ལེགས་ཤིང་རྣ་བར་འཇེབས་པ་ཞིག་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-24

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།